Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གཉིས་པ་མཇུག་སྒྲིལ།

Tibetan News Headlines

  • Organic Research and Training Centre: Inculcating sustainable farming with modern approach among Tibetans in exile

རེས་གཟའ་ཉི་མ། ༢༠༢༤།༠༧།༡༤

  • སྦེལ་ཀོབ་སྐྱེ་ལྡན་སོ་ནམ་ཉམས་ཞིབ་སྦྱོང་བརྡར་ཁང་གི་སྐོར་གླེང་མོལ།

དེ་རིང་བཞུགས་སྒར་དྷ་རམ་ས་ལའི་ཉེ་འདབས་སུ་རྟེན་གཞི་བྱས་པའི་ཌི་པོ་ལོ་གསོལ་མགྲོན་ཁང་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཆེད་ཕེབས་ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་ཉིན་གྲངས་གསུམ་རིང་གི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གཉིས་པ་དེ་མཇུག་སྒྲིལ་གནང་སོང་།

TYF Day 3
Photo: Tibet.net

སྐབས་དེར་བོད་མི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་སྐབས་ ༡༦ པའི་བཀའ་ཤག་ངོས་ནས་ VTAG ཞེས་བོད་མིའི་དྭང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ཐོག་མ་བཙུགས་དགོས་པའི་དམིགས་ཡུལ་ངོ་སྤྲོད་དང་འབྲེལ། གཞོན་སྐྱེས་ཚོགས་འདུའི་ཐོག་བཅར་བའི་ཚོགས་བཅར་བ་རྣམས་ནས་ཐེངས་འདིའི་ཚོགས་ཆེན་གྱི་ཟབ་ཁྲིད་དེ་དག་དངོས་སུ་ལག་བསྟར་གྱིས་རང་ཉིད་གནས་སྡོད་གནང་ཡུལ་ས་གནས་སུ་བོད་དོན་དྲིལ་བསྒྲགས་གང་ཐུབ་གནང་དགོས་པ་དང་། བོད་ཀྱི་རྩ་དོན་ཐོག་ཆིག་སྒྲིལ་གྱི་ནུས་པ་མཉམ་སྤུངས་གནང་དགོས་པའི་སྐུལ་མ་གནང་སོང་།

དེ་བཞིན་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བཙན་བྱོལ་ནང་གི་མང་གཙོ་འཕེལ་རིམ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་སྐོར་ངོ་སྤྲོད་དང་། ལྷག་པར་ཕྱོགས་མཐའ་ཁག་ནས་ཕེབས་པའི་བོད་རིགས་གཞོན་སྐྱེས་ཚོས་ཐེངས་འདིའི་ཚོགས་ཆེན་གྱི་ཟབ་ཁྲིད་དང་། ཆེད་ལས་མི་སྣ་ཁག་གིས་གསུང་བཤད་དང་ལམ་སྟོན་གནང་བ་བཞིན་རང་རེའི་ས་གནས་སུ་བསྐྱོད་རྗེས་ས་གནས་གྲོས་ཚོགས་འཐུས་མི་དང་གཞན་གནད་ཡོད་མི་སྣ་སོགས་མཇལ་འཕྲད་ཙམ་མིན་པར་དོན་དངོས་ཐོག་འབྲེལ་བ་དམ་གཟབ་བརྒྱུད་བོད་དོན་ཞུ་གཏུག་ཙམ་མ་ཟད། རྒྱལ་སྤྱིའི་ཁྲོད་བོད་དོན་རྒྱབ་སྐྱོར་འཚོལ་ཐབས་གནང་དགོས་པ་གསུངས་སོང་། 

TYF Day 3
Photo: Tibet.net

བཙན་བྱོལ་ནང་གྱར་བའི་བོད་མི་རྣམས་ཀྱིས་རྒྱལ་སྤྱིའི་ཁྲོད་ཞུ་གཏུག་ལས་འགུལ་སྤེལ་སྐབས་བོད་ལ་རྒྱབ་སྐྱོར་འཚོལ་བ་ཙམ་མིན་པར་བོད་ཀྱི་གནད་དོན་དེའི་བརྒྱུད་ནས་འཛམ་གླིང་སྤྱི་དང་གནས་ཡུལ་རྒྱལ་ཁབ་དེ་ཉིད་ལའང་ཕན་བདེ་སྒྲུབ་ཀྱི་ཡོད་པའི་གོ་བརྡ་སྤྲོད་ཐུབ་དགོས་པ་དང་། དེང་སྐབས་རྒྱ་ནག་ནང་དཔལ་འབྱོར་ཉམས་རྒུད་དང་དབང་ཆ་འཐབ་རྩོད་ཀྱིས་འགྱུར་ལྡོག་ཆེས་ཆེར་འགྲོ་བཞིན་པའི་དུས་སྐབས་འདིར་བོད་མིའི་ངོས་ནས་གོ་སྐབས་དམ་འཛིན་གནང་དགོས་སྐོར་དང་།  ལྷག་པར་བོད་ནང་གི་བོད་མི་ཚོས་བློས་གཏོང་དྲན་པའི་ཐོག་ནས་བོད་ཀྱི་ཐུན་མིན་གྱི་ཆོས་དང་རིག་གཞུང། སྐད་ཡིག་སོགས་ལ་བདག་གཅེས་གནང་དགོས་གལ་སགས་ཀྱི་ལམ་སྟོན་གནང་སོང་།

སྤྱིར་དེ་རིང་ཚོགས་ཆེན་གྱི་ཉིན་མཐའ་མའི་སྔ་དྲོར་བོད་མིའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་རྒྱ་ནག་དམར་གཞུང་གི་བཙན་གནོན་འོག་དཀའ་སྡུག་མནར་གཅོད་ཇི་ཙམ་མྱོང་བའི་སྐོར་གསུངས་བཤད་དང་འབྲེལ། ཚོར་ཤུགས་ཆེན་པོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མི་ས་ཡ་དྲུག་སྤྱི་བོ་གནམ་བསྟན་ཡོངས་ཀྱི་མགོན་སྐྱབས་དང་ཆིག་སྒྲིལ་གྱི་མཚོན་རྟགས། དེ་བཞིན་བོད་གཞིས་བྱེས་གཉིས་ཀྱི་ངོ་བོ་དང་རེ་བ་མཚོན་གྱི་ཡོད་སྟབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་དྲན་པའི་ཐོག་ནས་བོད་མི་རྣམས་ནས་རྡོག་རྩ་གཅིག་སྒྲིལ་གཙོས་༸མགོན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་ཤར་བསྐྱོད་གནང་དགོས་པའི་འབོད་སྐུལ་གནང་སོང་།

TYF Day 3
Photo: Tibet.net

གཞི་རྩའི་བཞུགས་སྒར་དུ་ཟླ་བ་འདིའི་ཚེས་ ༣ ནས་དབུ་འཛུགས་གནང་བའི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་དེའི་ཐོག་འཛམ་གླིང་ཡུལ་གྲུ་འདྲ་མིན་ ༡༣ ལྷག་ཏུ་གནས་སྡོད་གནང་བཞིན་པའི་ཤེས་ཡོན་གྱི་རྒྱབ་ལྗོངས་མི་གཅིག་པའི་བོད་རིགས་གཞོན་སྐྱེས་ཚོགས་བཅར་བ་མི་གྲངས་ ༡༠༠ ལྷག་ཕེབས་ཡོད་པ་དང་། ཉིན་གྲངས་གསུམ་རིང་གི་ཚོགས་འདུ་དེ་ཉིད་ཐོག་ཁེ་ན་ཌའི་ Ontario མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཞོན་དཀར་པོ་ཆེ་བུ་ཁྲིད་ལགས་ལྟ་བུ་མི་རབས་གསར་པའི་འགོ་ཁྲིད་ཁག་གདན་ཞུས་ཀྱིས་བོད་ཀྱི་ཐུན་མིན་ཆོས་རིག་དང་མི་རིགས་ཀྱི་ངོ་བོ། འགོ་ཁྲིད་ནུས་པ་སྐྱེད་སྲིང་དང་ཆབ་སྲིད་མི་སྣ་ཁག་དང་འབྲེལ་ལམ་བསྐྱང་ཕྱོགས། འཚེ་བ་མེད་པའི་ཐབས་ལམ་ལ་བརྟེན་པའི་ལས་འགུལ་སྤེལ་ཕྱོགས་དང་འཁྲུག་ཆ་དོད་པོའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་ཁྲོད་བོད་དོན་འཐབ་རྩོད་ཀྱི་ལས་འགུལ།  དེ་བཞིན་སྤྱི་ཚོགས་དྲ་ལམ་བརྒྱུད་ཞུ་གཏུག་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་ཐོག་གསུང་བཤད་དང་ཚོགས་བཅར་བ་དབར་གོ་བསྡུར་ལྷུག་པོ་གནང་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།