Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱིའི་མྱུ་གུ་ཚོགས་པས་རྒྱ་ནག་གི་སྨྲ་བརྗོད་རང་དབང་ཐོག་དྲག་གནོན་ཇེ་ཆེར་གཏོང་བཞིན་པར་སྐྱོན་བརྗོད་ནན་པོ་བྱས་འདུག

Tibetan News Headlines

  • Wronged, Tried, and Killed: The Custodial Death of Tibetan Political Prisoners in Chinese Prisons

རེས་གཟའ་སྤེན་པ། ༢༠༢༤།༠༧།༡༣

  • རྒྱ་གཞུང་གི་དོ་དམ་མནར་གཅོད་འོག་ཚེ་སྲོག་ཤོར་བའི་བོད་མི་ཆབ་སྲིད་བཙོན་པའི་གནད་དོན་གླེང་བ།

ཟླ་བ་འདིའི་ཕྱི་ཚེས་ ༤ ཉིན་རྒྱལ་ཚོགས་ནང་དུ་རྒྱ་ནག་གི་ལན་འདེབས་སྙན་ཐོ་གཏན་འབེབས་དང་འབྲེལ་ནས་རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་ཐེངས་ ༤ པ་དང་འབྲེལ་བའི་ལས་རིམ་ཡོངས་སུ་འཇུག་སྒྲིལ་གྱི་ལས་རིམ་ཐོག PEN International ཞེས་པའི་རྒྱལ་སྤྱིའི་མྱུ་གུ་ཚོགས་པས་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་སྡེ་ཚན་གྱི་གཙོ་འཛིན་ Dr. Ross Holder ལགས་ཀྱིས་གཏམ་བཤད་སྤེལ་བའི་ནང་དུ། རྒྱ་ནག་གིས་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་རྣམས་གཙོས་པའི་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་ལ་དྲག་གནོན་ཇེ་ཆེར་གཏོང་བཞིན་པར་སྐྱོན་བརྗོད་ཤུགས་ཆེ་དང་འབྲེལ། རྒྱ་གཞུང་གིས་བཙོན་འཇུག་བྱས་པའི་རྩོམ་པ་པོ་དང་སྙན་ངག་མཁན། དེ་བཞིན་གསར་འགོད་པ་དང་ཤེས་ལྡན་མི་སྣ་རྣམས་འཕྲལ་དུ་གློད་བཀྲོལ་གཏང་དགོས་པ་གསུངས་འདུག

PEN International
Ross Holder

དེ་ཡང་ཁ་སང་རྒྱལ་སྤྱིའི་མྱུ་གུ་ཚོགས་པའི་དྲ་གནས་ཐོག་ཉེ་ཆར་རྒྱལ་ཚོགས་ཀྱི་རྒྱ་ནག་ཐོག་གི་ལས་རིམ་སྐབས་རྒྱལ་སྤྱིའི་མྱུ་གུ་ཚོགས་པའི་སྐུ་ཚབ་སྐུ་ཞབས་ Ross Holder ལགས་ཀྱིས་མྱུ་གུ་ཚོགས་པའི་ངག་ཐོག་གི་བསྒྲགས་གཏམ་སྤེལ་བ་བརྙན་དང་སྦྲགས་ནས་ཡོང་གྲགས་གནང་བའི་ནང་དུ། རྒྱ་ནག་ནང་དུ་རྩོམ་པ་པོ་དང་། སྙན་ངག་མཁན། གསར་འགོད་པ་དང་ཤེས་ལྡན་མི་སྣ་རྣམས་གང་བྱུང་འཛིན་བཟུང་དང་ལོ་ཡུན་རིང་པོའི་བཙོན་འཇུག་ཁྲིམས་ཐག་བཅད་པ། དེ་བཞིན་སྡུག་སྦྱོང་མནར་གཅོད་མུ་མཐུད་གཏོང་བཞིན་པ་ལུང་འདྲེན་དང་སྦྲགས། མྱུ་གུ་ཚོགས་པའི་ངོས་ནས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་བཞིན་ཡོད་སྐོར་བརྗོད་པ་དང་དངོས་ཡོད་གནས་སྟངས་དབར་ལ་ཁྱད་པར་ཧ་ཅང་ཆེན་པོ་ཞིག་གཟིགས་ཀྱི་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་དེ་གའི་རྩ་ཁྲིམས་གཞིར་བཟུང་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱས་ཀྱི་ཡོད་ཚུལ་བརྗོད་ཀྱང་། གནད་དོན་མང་པོ་ཞིག་གི་ནང་དུ་རྒྱལ་ཁབ་ཀྱི་ཁྲིམས་དེ་རང་ལག་ཆ་ལྟ་བུར་བེད་སྤྱོད་བཏང་ནས་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་ལ་དྲག་གནོན་བྱེད་བཞིན་ཡོད་པ་ཐེར་འདོན་གནང་འདུག

Gui Minhai & Jimmy Lai
Gui Minhai, Jimmy Lai

ལྷག་པར་དུ་ཁོང་གིས་རྒྱ་གཞུང་གི་བཙོན་ཁང་ནང་དུ་ལོ་བཅུའི་བཙོན་འཇུག་ཁྲིམས་ཆད་མྱོང་བཞིན་པའི་རྩོམ་པ་པོ་ Gui Minhai ལགས་དང་། ཧོང་ཀོང་ Apple Daily གསར་ཁང་གི་ཚོང་བདག་ Jimmy Lai ལགས་བཅས་ཀྱི་གནད་དོན་ལུང་འདྲེན་དང་འབྲེལ། རྒྱ་གཞུང་གིས་རྒྱལ་ཁབ་བདེ་འཇགས་ལ་ཁ་གཡར་ཏེ་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གྱི་བྱ་ངན་ཚབས་ཆེ་ཤོས་རྣམས་སྤེལ་བཞིན་ཡོད་པ་མངོན་གསལ་གནང་འདུག

མ་ཟད་རྒྱ་ནག་གཞུང་གིས་དེ་གའི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཁག་སྲུང་སྐྱོབ་བྱས་ཀྱི་ཡོད་ལུགས་བརྗོད་ཀྱང་། ད་ལྟ་རྒྱ་ནག་གཞུང་གིས་ཡུ་གུར་བ་དང་བོད་མི་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་ཆོས་དང་རིག་གཞུང་ལ་དམ་དྲག་སྔར་ལྷག་བྱེད་བཞིན་པའི་ཁྲོད། ཡུ་གུར་རྩོམ་པ་པོ་ Rahile Dawut དང་ Ilham Tohti དེ་བཞིན་བོད་པའི་རྩོམ་པ་པོ་ Go Sherab Gyatso བཅས་ཀྱི་གནད་དོན་གྱི་བརྒྱུད་ནས། རྒྱ་གཞུང་གིས་དུས་ཡུན་རིང་པོར་འཆར་གཞི་ལྡན་པའི་ཐོག་ནས་བོད་མི་དང་ཡུ་གུར་བ་རྣམས་ཀྱི་མི་རིགས་ཀྱི་ངོ་བོ་རྩ་མེད་གཏང་ཐབས་བྱེད་བཞིན་པ་གསལ་པོ་མངོན་རྒྱུ་ཡོད་པ་གསུངས་ཏེ། རྒྱ་གཞུང་ནས་རང་ཉིད་ཀྱི་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་པར་འཛིན་བཟུང་བྱས་པའི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏང་དགོས་པ་དང་། བོད་མི་དང་ཡུ་གུར་བ་གཙོས་པའི་གྲངས་ཉུང་མི་རིགས་གཞན་གྱི་ཆོས་དང་རིག་གཞུང་ལ་དྲག་གནོན་མཚམས་འཇོག་བྱས་པའི་བརྒྱུད་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་ཞུ་རྒྱུའི་དེ་གའི་ཁས་ལེན་བྱས་པ་ཁག་ལག་ལེན་དུ་འཁྱེར་དགོས་པ་གསུངས་འདུག

Rahile Dawut, Go Sherab Gyatso, Ilham Tohti
Rahile Dawut, Go Sherab Gyatso, Ilham Tohti

ད་རེས་རྒྱལ་སྤྱིའི་མྱུ་གུ་ཚོགས་པའི་རྒྱལ་ཚོགས་ནང་གི་ངག་ཐོག་བསྒྲགས་གཏམ་འདི་བཞིན། རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པའི་ཁྲོད། རྒྱལ་སྤྱིའི་པེན་ཚོགས་པ་དང་། རྒྱ་ནག་རང་དབང་མྱུ་གུ་ཚོགས་པ། ཕྱི་རྒྱལ་བོད་ཡིག་གི་རྩོམ་པ་པོའི་ཚོགས་པ། ཨ་རིའི་མྱུ་གུ་ཚོགས་པ་བཅས་ཐུན་མོང་ནས་སྔ་ལོའི་ཕྱི་ཟླ་ ༧ པའི་ནང་རྒྱལ་ཚོགས་སུ་རྒྱ་ནག་ནང་གི་སྨྲ་བརྗོད་རང་དབང་གི་གནས་སྟངས་དང་འབྲེལ་བའི་སྙན་ཐོ་ཞིག་ཕུལ་བ་དང་། དེ་རྗེས་རྒྱལ་ཚོགས་ཀྱི་ཚོགས་སྡེ་ཁག་གཞན་མང་དག་ཞིག་དང་ལྷན་དུ་ཞུ་གཏུག་གི་ལས་རིམ་སྤེལ་བ་ཁག་གི་མཇུག་སྐྱོང་གི་ལས་རིམ་ཞིག་ཆགས་ཀྱི་འདུག

རྩ་བའི་འདི་ལོའི་ཕྱི་ཟླ་དང་པོའི་ནང་རྒྱལ་ཚོགས་ནང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་དེ་ཚོགས་པའི་རྗེས་ཀྱི་བརྒྱུད་རིམ་ཁྲོད། རྒྱལ་ཚོགས་ནས་དུས་བཀག་བསྐྱར་ཞིབ་སྐབས་འབུར་དུ་ཐོན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་ནས་རྒྱ་ནག་གཞུང་ལ་རྒྱབ་གཉེར་སྐུལ་འདེབས་དོན་ཚན་ ༤༢༨ ཙམ་གནང་ཡོད་པར། ཉེ་ཆར་རྒྱ་ནག་གཞུང་གིས་ལན་འདེབས་སྙན་ཐོའི་ནང་དུ་རྒྱལ་ཚོགས་ཀྱི་ཕུལ་བའི་སྐུལ་འདེབས་དགོངས་འཆར་ཁོངས་ནས་ ༢༩༠ ལ་མ་གཏོགས་ངོས་ལེན་བྱ་རྒྱུ་མིན་ཞེས་རྒྱལ་ཚོགས་ཀྱི་དགོངས་འཆར་རྣམས་ལ་བརྩི་མེད་ཀྱི་རྣམ་པ་ཤུགས་ཆེ་བཏོན་ཡོད་པ་རེད། དེའི་ཁྲོད་ཕྱི་ཚེས་ ༤ ཉིན་རྒྱལ་སྤྱིའི་མྱུ་གུ་ཚོགས་པ་ཙམ་མ་ཟད། རྒྱལ་ཚོགས་ནང་གི་ཨ་རི་དང་དབྱིན་ཡུལ་གྱི་སྐུ་ཚབ། དེ་བཞིན་ Federation for Human Rights ཞེས་པའི་འགྲོ་བ་མིའི་ཐོབ་ཐང་མཐུན་ཚོགས་སོགས་རྒྱལ་སྤྱིའི་གཞུང་ཚོགས་ཁག་མང་དག་ཞིག་གིས་རྒྱ་ནག་གཞུང་གིས་བྱེད་ཕྱོགས་ལ་སྐྱོན་བརྗོད་དང་བོད་དང་ཤིན་ཅང་། དེ་བཞིན་ཧོང་ཀོང་གཙོས་པའི་རྒྱ་ནག་ནང་དུ་དོན་དམ་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏང་དགོས་པའི་སྐུལ་འདེབས་ཤུགས་ཆེ་བྱས་ཡོད་པ་རེད།

Federation for Human Rights

མ་ཟད་ཐེངས་འདིའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་ ༥༦ པའི་ཐོག་བོད་དོན་ཞུ་གཏུག་ཚོགས་པ་ཁག་ནས་རྒྱ་ནག་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་སྒོས་སུ་བོད་ནང་དུ་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པ་རྩ་མེད་གཏང་སྟེ་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་ཐབས་བྱེད་བཞིན་པའི་སྐོར་བསྒྲགས་གཏམ་འདོན་སྤེལ་དང་ཁམས་སྡེ་དགེ་ནང་རྒྱ་ནག་གཞུང་གིས་ཆུ་མཛོད་གསར་རྒྱག་གི་ལས་གཞི་དང་འབྲེལ་ནས་ཟུར་ཚོགས་ཡང་ཚོགས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།