Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་གཞུང་ནས་བོད་ནང་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བཞིན་པ་མཚམས་འཇོག་ཡོང་ཐབས་སུ་གནོན་ཤུགས་སྤྲོད་དགོས།

Tibetan News Headlines

  • ༸གོང་ས་མཆོག་གིས་བོད་མི་ཚོ་སེམས་རྒྱུད་བཟང་པོ་བྱ་དགོས་གལ་ཡིན་པའི་བཀའ་ནན་སྩལ་སོང་།
  • རྒྱ་གར་ཚེའི་རིག་འབྱེད་ཀྱི་གཞུང་ཕྱི་མོར་གྲགས་པ་ཙ་ར་ཀའི་བསྡུ་བའི་སྐོར་བཅར་འདྲི།

Saturday 24/02/2024

  • Being a good human being is our responsibility as a Tibetan: Dalai Lama confers Jataka teaching at Tsuklakhang
  • In conversation with Prof. Rakdo Lobsang Tenzin Rinpoche on Tibetan translation of Charaka Samhita

ཁ་སང་ཕྱི་ཚེས་ ༢༨ ནས་དབུ་འཛུགས་ཀྱིས་སང་ཉིན་ཚེས་ ༣༠ བར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ Prague པཱ་རག་ནང་ཡུལ་དེའི་ཕྱི་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག་ International Religious Freedom or Belief Alliance Conference ཞེས་རྒྱལ་སྤྱིའི་ཆོས་དད་རང་དབང་དང་ཡིད་ཆེས་མཐུན་གྲོས་ལྷན་ཚོགས་ཐེངས་བཞི་པ་འཚོགས་བཞིན་ཡོད་པ་དང་འབྲེལ། ལྷན་ཚོགས་ཐོག་རུ་སོག་བོད་ཀྱི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ལྷན་ཞུགས་ཀྱིས་བོད་ནང་གི་ཆོས་དད་རང་དབང་ཐད་ལ་དཀའ་རྙོག་དང་འཐབ་རྩོད་ཇི་ལྟར་གནང་གི་ཡོད་པ་སོགས་དང་འབྲེལ་བའི་གསུང་བཤད་གནང་བའི་ཁྲོད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་གཞུང་ནས་བོད་ནང་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བཞིན་པ་མཚམས་འཇོག་ཡོང་ཐབས་སུ་གནོན་ཤུགས་སྤྲོད་དགོས་ཞེས་གསུངས་འདུག

རྩ་བའི་རྒྱལ་སྤྱིའི་ཆོས་དད་རང་དབང་དང་ཡིད་ཆེས་མཐུན་གྲོས་ལྷན་ཚོགས་ནི་ཐོག་མ་ཕྱི་ལོ་ ༢༠༢༠ ལོར་ཨ་རིས་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་ཆོས་དད་རང་དབང་སྲུང་སྐྱོབ་དང་གོང་འཕེལ་སླད་དབུ་འཛུགས་གནང་བའི་ལྷན་ཚོགས་ཤིག་ཡིན་ཞིང་། དེ་རྗེས་པོ་ལན་ཌི་དང་དབྱིན་ཡུལ་ནང་རིམ་བཞིན་གོ་སྒྲིག་ཞུས་ཡོད་པ་རེད། ད་རེས་ལྷན་ཚོགས་ཐེངས་བཞི་པ་འདི་བཞིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་འཚོགས་བཞིན་ཡོད་པ་མ་ཟད། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་ལས་ཁུངས་ཀྱིས་སྤེལ་བའི་གསར་འགོད་བསྒྲགས་གཏམ་ནང་ཉིན་གསུམ་གྱི་ལྷན་ཚོགས་ཐོག་དྲ་རྒྱའི་ལྟ་སྲུང་གི་དུས་རབས་ནང་ཆབ་སྲིད་ཀྱི་དགོས་མཁོར་དམིགས་ཏེ་ཆོས་ལུགས་ལོག་སྤྱོད་དང་ཆོས་ཕྱོགས་ཀྱི་མི་ཚེ་ཐོག་གླེང་སློང་གནང་གི་ཡོད་པར་བཀོད་འདུག

ཁ་སང་ལྷན་ཚོགས་དབུ་འབྱེད་ཐོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Jan Lipavský མཆོག་གིས་ང་ཚའི་མཐུན་གྲོགས་ཀྱི་ལས་དོན་དེ་དག་ཁས་ལེན་དམ་བཅས་པའི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གྱི་ཆ་ཤས་ཤིག་ཡིན་པ་དང་། ང་ཚོས་རྒྱལ་ནང་དང་རྒྱལ་སྤྱིའི་ནང་ཆོས་ལུགས་རང་དབང་གོང་འཕེལ་ཡོང་ཐབས་ཀྱི་ལས་འགན་འགན་རང་འཁུར་བྱེད་ཀྱི་ཡོད་པ་ལྟར་དེ་ལྟར་ཡོང་བར་རྒྱལ་སྤྱིའི་སྤྱི་ཚོགས་ཚང་མར་ལས་འགན་ཡོད་ཅེས་གསུངས་འདུག

སྐབས་དེར་རུ་སོག་བོད་ཀྱི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་གཞུང་ནས་བོད་ནང་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བཞིན་པར་འཕྲལ་མར་མཚམས་འཇོགས་དགོས་པའི་གནོན་ཤུགས་སྤྲོད་དགོས་གལ་དང་། ལྷག་པར་ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༡ པོའི་ནང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་རྒྱ་ནག་ཐོག་དུས་བཀག་བསྐྱར་ཞིབ་ལས་རིམ་ཐད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནས་དེ་འབྲེལ་གནད་དོན་དང་འབྲེལ་བའི་གསུང་བཤད་གནང་རྒྱུའི་གོ་སྐབས་དམ་འཛིན་གནང་དགོས་གལ་ཡིན་པ། དེ་བཞིན་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐོག་༸རྒྱལ་བ་རིན་པོ་ཆེ་༸གང་ཉིད་མཆོག་དང་བོད་བརྒྱུད་ནང་བསྟན་ཀྱི་རིག་གཞུང་དང་འབྲེལ་བ་ཆགས་ཡོད་པ་ལས་རྒྱ་གཞུང་ནས་ཐེ་བྱུས་བྱེད་དབང་མེད་པ་དང་། འཛམ་གླིང་སྤྱི་དང་བྱེ་བྲག་བོད་ནང་ཞི་བདེའི་བརྟན་ལྷིང་ཡོང་ཆེད་༸གོང་ས་མཆོག་གི་ཞི་བདེའི་ལམ་སྟོན་ལ་རྒྱབ་སྐྱོར་གནང་དགོས་གལ་ཡིན་པ་སོགས་གསུངས་འདུག

ལྷན་ཚོགས་ཐོག་ཚོགས་མི་རྒྱལ་ཁབ་ ༣༧ གྱི་སྐུ་ཚབ་དང་། རྟོག་ཞིབ་རྒྱལ་ཁབ་ ༣ བཅས་ཁྱོན་རྒྱལ་ཁབ་ ༤༠ ཡི་སྐུ་ཚབ་ཕེབས་ཡོད་པའི་ཁྲོད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་དང་ལས་འགུལ་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་ཐུགས་འགན་བཞེས་བཞིན་པ་བུ་ཆུང་ཚེ་རིང་ལགས། བོད་དོན་ལས་འགུལ་བསྟི་གནས་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་རྒྱལ་ལོ་ལགས། དེ་བཞིན་ལས་འགུལ་ཁང་གི་ཡོ་རོབ་མཐུན་ཚོགས་ཀྱི་འབྲེལ་མཐུད་པ་སྐུ་ཞབས་ Vincent Metten ལགས། སྤྱི་ཟུར་བསྟན་འཛིན་དབང་པོ་བཀྲས་མཐོང་ལགས། བདེ་ཆེན་སྤེན་པ་ལགས་སོགས་བོད་ཀྱི་སྐུ་ཚབ་ངོ་བོའི་ཐོག་ནས་ལྷན་ཞུགས་ཀྱིས་བཞུགས་མོལ་བཀའ་བསྡུར་ནང་གསུང་བཤད་ལས་རིམ་ཁག་ཡོད་པ་རེད།

འདི་ག་རླུང་འཕྲིན་ཁང་གིས་རུ་སོག་དོན་གཅོད་ལགས་སུ་ལྷན་ཚོགས་དེ་དང་འབྲེལ་ནས་བཀའ་འདྲི་ཞུས་ཁག་གོང་གི་སྒྲ་སྒམ་ནས་གསན་ཐུབ།

འབྲེལ་ཡོད་གསར་གནས།

གསར་གནས།