Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་རྒྱ་གར་སྲིད་འཛིན་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད་པ།

Tibetan News Headlines

  • བོད་དང་ཧི་མཱ་ལ་ཡ། བོད་དང་འབྲས་ལྗོངས་དབར་གྱི་ཆོས་ཡོན་དང་ཆབ་སྲིད་ཀྱི་འབྲེལ་བ།

Sunday 14/04/2024

  • Tibet and the Himalayas: Unraveling Sikkim and Tibet’s Religious-Political Bonds

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་ལྕམ་སྐུ་ Droupadi Murmu མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད་པ་དང་འབྲེལ། སྲིད་འཛིན་མཆོག་གཟུགས་གཞི་བདེ་ཐང་ངང་ལོ་རྒྱུས་རང་བཞིན་ལྡན་པའི་གནའ་བོའི་རྒྱལ་ཁབ་དེ་ཉིད་དབུ་ཁྲིད་པར་བྱ་བ་ལམ་ལྷོངས་ཡོང་བའི་ཐུགས་སྨོན་མཛད་འདུག

དེ་རིང་༸གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་ Droupadi Murmu མཆོག་དགུང་གྲངས་ ༦༥ ལ་ཕེབས་པའི་འཁྲུངས་སྐར་ཉིན་མོར་དགའ་བསུའི་འཚམས་འཕྲིན་སྩལ་བའི་ནང་། རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་རིང་གི་འཚེ་མེད་ཞི་བ་དང་སྙིང་རྗེ་གཞིར་བཞག་པའི་ལྟ་གྲུབ་དེ་དག་དེང་གི་འཛམ་གླིང་སྤྱིར་མིག་ལྟོས་འོས་པ་ཞིག་ཡིན་པར་བཀའ་སྩལ་བ་དང་འབྲེལ། གནའ་བོའི་རིག་གཞུང་དང་ལམ་སྲོལ་དེ་དག་ལ་བརྟེན་ནས་རྒྱ་གར་རྒྱལ་ཁབ་འདི་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་རང་དབང་གོང་འཕེལ་དུ་ཕྱིན་པའི་རྒྱལ་ཁབ་ཆེ་ཤོས་ཤིག་དང་། སྤྱི་ཚོགས་བརྟན་ལྷིང་དང་འཆམ་མཐུན་ཐོག་ཆོས་ལུགས་འདྲ་མིན་མཉམ་གནས་བྱ་ཡུལ་གྱི་རྒྱལ་ཁབ་གཅིག་པོ་དེ་ཡིན་པར་བསྔགས་བརྗོད་མཛད་འདུག

མགོན་པོ་༸གང་ཉིད་མཆོག་གིས་ལྕམ་སྐུ་མཆོག་ལྟ་བུ་རྒྱ་གར་ནང་གི་གྲོང་གསེབ་མི་སེར་དཀྱུས་མ་ཞིག་ལ་རྒྱལ་ཁབ་ཀྱི་དབུ་ཁྲིད་ཆགས་རྒྱུའི་གོ་སྐབས་ཡོད་པ་དེ་ལས་རྒྱ་གར་གྱི་ཁྱད་དུ་འཕགས་པའི་རིན་ཐང་མངོན་ཐུབ་ཀྱི་ཡོད་པ་བཀའ་སྩལ་བ་དང་། ལྷག་པར་དུ་ང་ཚོ་བོད་མི་ཚོས་རྒྱ་གར་འཕགས་པའི་ཡུལ་ནི་ནང་པ་སངས་རྒྱས་པའི་འབྱུང་ཁུངས་སུ་ངོས་འཛིན་གྱིས་བརྩི་མཐོང་ཆེན་པོ་གནང་བཞིན་ཡོད་ཅེས་བཀའ་སྩལ་བ་མ་ཟད། ཕྱི་ལོའི་དུས་རབས་བརྒྱད་པ་ནས་བཟུང་དཔལ་ནཱ་ལན་ཌའི་ཆོས་བརྒྱུད་ཀྱིས་བོད་མིའི་འཇིག་རྟེན་ལྟ་ཕྱོགས་ལ་ཤུགས་རྐྱེན་ཆེན་པོ་བྱུང་ཡོད་སྐོར་བཀའ་སྩལ་འདུག

མ་ཟད་༸གོང་ས་མཆོག་གིས་དེང་གི་དུས་སུ་འཛམ་གླིང་འདིར་དཀའ་ངལ་སྣ་ཚོགས་འཕྲད་བཞིན་ཡོད་པའི་མཚམས་འདིར་ཐུན་མོང་གི་བདེ་དོན་སླད་གནའ་དེང་གི་ཤེས་རིག་ཟུང་དུ་སྦྲེལ་ཐུབ་མཁན་རྒྱ་གར་ཁོ་ན་ཡིན་པ་བཀའ་སྩལ་ཏེ། མགོན་པོ་༸གང་ཉིད་མཆོག་གིས་འཛམ་གླིང་ཁྱོན་གྱི་གཞོན་སྐྱེས་རྣམས་ལ་རྒྱ་གར་གྱི་གནའ་བོའི་སེམས་ཁམས་རིག་པར་དོ་སྣང་དང་གོ་རྟོགས་རྒྱ་གང་ཆེ་སྤེལ་བར་ཐུགས་བརྩོད་མཛད་བཞིན་ཡོད་ཅེས་བཀའ་སྩལ་བ་མ་ཟད། འདི་ལོར་ང་ཚོ་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་ ༦༤ འཁོར་གྱི་ཡོད་ཅིང་། ད་བར་རྒྱ་གར་གཞུང་མང་གཉིས་ནས་བོད་མི་ཡོངས་ལ་ནང་ཆོས་གཙོས་པའི་བོད་ཀྱི་ངོ་བོ་སྲུང་སྐྱོབ་གནང་རྒྱུ་སོགས་ཀྱི་ཐོག་མཐུན་འགྱུར་རྒྱ་ཆེར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་དང་སྦྲགས། ལྕམ་སྐུ་མཆོག་གི་མ་འོངས་ལས་དོན་མཐའ་དག་ལམ་ལྷོངས་ཡོང་བའི་ཐུགས་སྨོན་མཛད་འདུག

གཞན་ཡང་མགོན་པོ་༸གང་ཉིད་མཆོག་གིས། ད་ཆ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་གར་འདི་བཞིན་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཙམ་དུ་མ་ཟད། འཛམ་གླིང་གི་མི་འབོར་མང་ཤོས་ཀྱི་གནས་བབ་སོགས་མཚན་སྙན་ཤེས་རྟོགས་ཐུབ་ཀྱི་ཡོད་པར་བརྟེན། ང་ཚོ་བོད་མི་ཚོས་རྒྱ་གར་གྱི་ནུས་སྟོབས་དང་འཛམ་གླིང་ནང་འགོ་ཁྲིད་ཀྱི་གནས་བབ་ཐོག་འབུར་དུ་ཐོན་བཞིན་པར་སྤོབས་པ་ཡོད་ཅེས་བཀའ་སྩལ་གནང་སྟེ། རྒྱ་གར་གྱིས་སྔར་ལྷག་ཞི་བདེ་དང་བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་པར་ཞབས་འདེགས་རླབས་ཆེ་སྒྲུབ་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཀའ་སྩལ་འདུག

རྩ་བའི་ལྕམ་སྐུ་ Droupadi Murmu མཆོག་ནི་ཕྱི་ལོ་ ༡༩༥༨ ལོར་རྒྱ་གར་གྱི་ Odisha མངའ་སྡེའི་ Mayurbhanj རྫོངས་ཁོངས་སུ་འཁྲུངས་ཤིང་། རྒྱ་གར་གྱི་སྲིད་འཛིན་ལ་བདམ་བསྐོ་བྱུང་བ་དེ་ནི་རྒྱ་གར་ནང་བེུད་སྲིད་འཛིན་གནང་མཁན་གཉིས་པ་དང་ཆབས་ཅིག རྒྱ་གར་གྱི་ Santal ཞེས་པའི་གདོད་མའི་མི་རིགས་ཁྲོད་ཀྱི་བེུད་ཅིག་སྲིད་འཛིན་དུ་བསྐོ་བཞག་བྱུང་བ་ཐེངས་དང་པོ་ཡིན་པ། དེ་བཞིན་རྒྱ་གར་རང་བཙན་ཐོབ་རྗེས་སུ་འཁྲུངས་པའི་སྲིད་འཛིན་ཐོག་མ་ཙམ་མ་ཟད། ད་བར་རྒྱ་གར་སྲིད་འཛིན་དགུང་གྲངས་ཆུང་ཤོས་བཅས་ཆགས་ཀྱི་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།