རྒྱ་གར་གཞུང་འཛིན་ BJP ཆབ་སྲིད་ཚོགས་པའི་གྲོས་ཚོགས་ཀྱི་ཚོགས་མི་སྐུ་ཞབས་ Bhartruhari Mahtab མཆོག་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་བསྐོ་བཞག་བྱུང་ཡོད་པ་མ་ཟད། གྲོས་ཚོགས་ཀྱི་ཚོགས་མི་སྐུ་ཞབས་ Tapir Gao མཆོག་ཚོགས་གཙོ་གཞོན་པའི་གོ་གནས་སུ་བསྐོ་བཞག་བྱུང་འདུག
དེ་ཡང་ཟླ་བ་འདིའི་ཕྱི་ཚེས་ ༥ ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་སྣེ་ཁྲིད་པའི་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་གྱི་སྔོན་རྩིས་གྲོས་ཚོགས་ཚོགས་བཞིན་པའི་གོ་སྐབས་དང་བསྟུན་རྒྱལ་ས་ལྡི་ལིའི་ནང་བོད་དོན་ཞུ་སྐུལ་གནང་བཞིན་པ་ལྟར། ཁ་སང་ཕྱི་ཚེས་ ༧ ཉིན་གྱི་ཕྱི་དྲོ་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ལྡི་ལི་ Ashoka གསོལ་མགྲོན་ཁང་དུ་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་བ་ཚོར་གཞུང་འབྲེལ་གྱི་དགོང་དྲོའི་གསོལ་སྟོན་ཞིག་འདེགས་འབུལ་ཞུས་ཡོད་པ་ལྟར། སྐབས་དེར་སྐུ་ཞབས་ Bhartruhari Mahtab མཆོག་ཚོགས་གཙོ་དང་། སྐུ་ཞབས་ Tapir Gao མཆོག་ཚོགས་གཙོ་གཞོན་པར་བསྐོ་བཞག་བྱུང་བའི་གསལ་བསྒྲགས་གནང་ཡོད་པ་རེད།
སྤྱི་འཐུས་ལྷན་ཚོགས་ཀྱི་གཞུང་འབྲེལ་དགོང་དྲོའི་གསོལ་སྟོན་དེའི་སྐབས་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་གཅིག་དང་། གཞན་ཡང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་གནད་ཡོད་རྒྱ་གར་བ་ཁག་གཅིག་ཆེད་ཕེབས་ཀྱིས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་སྐབས་དེར། གསོལ་སྟོན་དུ་ཕེབས་པའི་སྐུ་མགྲོན་རྣམ་པར་འཚམས་འདྲི་ཞུས་པ་དང་འབྲེལ། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཟུར་པ་སྐུ་ཞབས་ Sujeet Kumar མཆོག་ལ་འདས་པའི་ལོ་གསུམ་རིང་གི་ཚོགས་གཙོའི་ཐུགས་འགན་བཞེས་ནས་བོད་དོན་ཐོག་རྒྱབ་སྐྱོར་གང་འོས་འབད་འབུངས་གནང་བར་བཀྲིན་ཆེ་ཞུས་པ་མ་ཟད། ཕྱི་ལོ་ ༡༩༧༠ ལོ་ནས་གསར་འཛུགས་བྱུང་བའི་རྒྱ་གར་གྲོས་ཚོགས་འཐུས་མིའི་ཚོགས་གཙོ་རིམ་པ་དང་། གྲོས་ཚོགས་ཀྱི་ཚོགས་མི་རྣམ་པའི་རྒྱབ་སྐྱོར་ལ་ཡང་བཀྲིན་རྗེས་དྲན་ཞུས་ཡོད་པ་རེད།
ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་ད་དུང་། འཕགས་བོད་གཉིས་ཀྱི་ཆོས་དང་རིག་གཞུང་ལོ་རྒྱུས་བཅས་ཀྱི་འབྲེལ་བ་གཏིང་ཟབ་སྐོར་དྲན་སྐུལ་གནང་བ་མ་ཟད། ལོ་ངོ་ ༦༠ ལྷག་གི་རིང་རྒྱ་གར་གཞུང་མང་གཉིས་ཀྱི་ངོས་ནས་བཙན་བྱོལ་དུ་འབྱོར་བའི་བོད་མི་ཚོར་རང་ཁྱིམ་གཉིས་པ་ལྟ་བུའི་རང་དབང་ལོངས་སྤྱོད་ཐུབ་པ་དང་། ལྷག་པར་བོད་མིའི་ངོ་བོ་དང་། ནང་ཆོས། རིག་གཞུང་བཅས་པ་མི་ཉམས་རྒྱུན་འཛིན་ཡོང་བར་ཕྱོགས་གང་སྤྱིའི་མཐུན་འགྱུར་སོགས་གནང་བ་ལ་བཀྲིན་རྗེས་དྲན་ཡང་ཞུས་ཡོད་པ་རེད།
གསོལ་སྟོན་དེའི་སྐབས་ད་དུང་། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཟུར་པ་སྐུ་ཞབས་ Sujeet Kumar མཆོག་གིས། འདས་པའི་ལོ་གསུམ་རིང་ཁོང་རང་ཉིད་ཚོགས་པ་དེའི་ཚོགས་གཙོ་གནང་རྒྱུའི་གོ་སྐབས་དེ་ནི་གཟི་བརྗིད་ཞིག་ཏུ་ངོས་འཛིན་གནང་གི་ཡོད་ཅེས་གསུངས་པ་མ་ཟད། ཁོང་གི་ཆབ་སྲིད་ཚོགས་པ་ Biju Janata Dal ཨོ་ཊི་ཤ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Biju Patnaik མཆོག་ནས་བོད་མི་ཐོག་མར་སྐྱབས་བཅོལ་འབྱོར་སྐབས་ནས་གཞིས་ཆགས་གསར་འཛུགས་སོགས་ཀྱི་བོད་མི་དང་དམིགས་བསལ་གྱི་འབྲེལ་བ་ཞིག་ཡོད་པ་དྲན་སྐུལ་གྱིས། ལྷག་པར་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ཟུར་པ་དང་། གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཡང་གནང་མྱོང་མཁན་ཚེ་འདས་སྐུ་ཞབས་ George Fernandes དམ་པ་དེས་རྒྱ་གར་གྱི་དགྲ་དང་པོ་དེ་རྒྱ་ནག་ཡིན་པའི་ངོས་འཛིན་གནང་ཡོད་པའི་སྐོར་དང་། ཁོང་སྒེར་གྱི་ངོས་ནས་རྒྱ་གར་དང་བོད་བར་ས་མཚམས་ཡོད་པ་ལས་རྒྱ་ནག་དང་རྒྱ་གར་དབར་ས་མཚམས་ཡོད་པར་ངོས་འཛིན་གནང་གི་མེད་ཅེས་ཀྱང་གསུངས་ཡོད་པ་རེད།
རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གཞོན་པར་བསྐོ་བཞག་བྱུང་བའི་སྐུ་ཞབས་ Tapir Gao མཆོག་ནི་ཨ་རུ་ན་ཅལ་མངའ་སྡེའི་རྒྱ་གར་དབུས་ཀྱི་གྲོས་ཚོགས་འོག་མའི་ཚོགས་མི་ཞིག་ཡིན་པ་དང་། ཁོང་གི་སྐབས་དེར་གསར་དུ་བསྐོ་བཞག་བྱུང་བའི་ཚོགས་གཙོ་མཆོག་གཡོལ་ཐབས་མེད་པའི་མཛད་ཆར་གཞན་ཞིག་གི་རྐྱེན་པས་དངོས་སུ་ཆེད་ཕེབས་ཐུབ་མེད་པའི་གསལ་བཤད་གནང་བ་དང་བསྟུན། རྒྱ་ནག་གྱི་བོད་བཙན་བཟུང་མ་བྱས་པའི་སྔོན། རྒྱ་གར་གྱི་ཧི་མ་ལ་ཡའི་མི་རིགས་དང་བོད་དབར་ཆོས་དང་རིག་གཞུང་། དཔལ་འབྱོར། ལོ་རྒྱུས་དང་ས་ཁམས་བཅས་ཀྱི་འབྲེལ་བ་ཡོད་སྐོར་གསུངས་པ་མ་ཟད། རྒྱལ་སྤྱིའི་ཁྲིམས་ཀྱི་ཐོག་ནས་བོད་མིར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ་དང་། ལྷག་པར་རྒྱ་ནག་གཞུང་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དབར་དབུ་མའི་ལམ་གྱི་དགོས་འདུན་ལྟར་གང་མགྱོགས་གྲོས་མོལ་གནང་ཐབས་ཡོང་བའི་འབོད་སྐུལ་ཡང་ཞུས་འདུག
གཞི་རྩའི་ད་རེས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་གསར་དུ་བསྐོ་བཞག་བྱུང་བའི་སྐུ་ཞབས་ Bhartruhari Mahtab མཆོག་ནི། ད་ལྟའི་གཞུང་འཛིན་ BJP ཆབ་སྲིད་ཚོགས་པའི་ཨོ་ཊི་ཤའི་མངའ་སྡེའི་རྒྱ་གར་དབུས་ཀྱི་གྲོས་ཚོགས་འོག་མའི་ཚོགས་མི་ཞིག་ཡིན་པ་དང་། ཁོང་ནི་དེ་སྔོན་ལོ་མང་རིང་ BJD ཆབ་སྲིད་ཚོགས་པའི་ཚོགས་མི་གནང་མྱོང་མཁན་གྱི་གྲོས་ཚོགས་ཀྱི་ཚོགས་མི་བགྲེས་པའི་གྲས་ཤིག་ཡིན་པ་མ་ཟད། གྲོས་ཚོགས་ཀྱི་གཟེངས་རྟགས་མང་པོ་ཐོབ་མྱོང་མཁན་ཞིག་དང་། ལྷག་པར་ཉེ་ཆར་རྒྱ་གར་གྲོས་ཚོགས་འོག་མའི་བར་བརྒལ་ཚོགས་གཙོ་བཅས་གནང་ཡོད་ལ། ཁོང་ནི་ཉམས་མྱོང་ཤིན་ཏུ་ཆེ་བའི་གྲོས་ཚོགས་ཀྱི་ཚོགས་མིའི་གྲས་ཤིག་ཏུ་ངོས་འཛིན་གནང་གི་ཡོད་པ་རེད།