Tibetan Royal Year of 2150 | Year of the Water Rabbit

སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་མོན་ལྷ་རྒྱལ་རིན་པོ་ཆེ་མཆོག་གི་ཆོས་ཞུགས་ཀྱི་རྟེན་འབྲེལ་མཛད་སྒོར་དབུ་བཞུགས།

Tibetan News Headlines

  • ༸གོང་ས་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་ཉེན་རྟོག་པའི་སྡེ་ཁག་གཅིག་ལ་མཇལ་ཁ་སྩལ་བ།
  • རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་གཞུང་ནས་བོད་ནང་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བཞིན་པ་མཚམས་འཇོག་ཡོང་ཐབས་སུ་གནོན་ཤུགས་སྤྲོད་དགོས།
  • སྤྱི་འཐུས་སྐུ་ཚབ་ཚོགས་ཁག་གསུམ་རྒྱ་གར་བྱང་ཕྱོགས་ཁུལ་དུ་བོད་དོན་ཞུ་སྐུལ་གནང་བཞིན་པ།
  • སྲིད་སྐྱོང་མཆོག་གིས་ཡོ་རོབ་སེ་པེན་གྲོང་ཁྱེར་སྦར་སེ་ལོ་ནའི་བོད་མིར་གསུང་བཤད།
  • རྒྱ་གཞུང་གིས་བཅའ་སྡོད་སློབ་གྲྭའི་བརྒྱུད་བོད་ནག་སུབ་གཏོང་བཞིན་པར་འགོག་རྒོལ་གནང་དགོས་པའི་ཞུ་སྐུལ།
  • རྒྱ་ནག་གིས་རྒྱ་རིགས་བྱིས་པ་རྣམས་ལ་བཅིངས་གྲོལ་དམག་སྦྱོང་སྤྲོད་བཞིན་པར་མངོན་གསལ།

Wednesday 29/11/2023

  • Dalai Lama meets head of Himachal police officer and other ranks
  • Telo Rinpoche urges end to religious persecution in Tibet at IRFBA Ministerial in Prague
  • Tibetan MPs embark on advocacy programs in northern India
  • Sikyong Penpa Tsering addresses Tibetan community in Barcelona, Spain
  • China’s chief weapon in quashing identity of Tibetan people is not dystopian camps, but residential schools
  • In China, athletes as young as 7 in military training to ‘create iron army’

རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་གུ་གླིང་ནང་རྟེན་གཞི་བྱས་པའི་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཡ་གྱལ་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ལྷ་རྒྱལ་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་སྤྲུལ་སྐུ་བསྟན་འཛིན་དབང་ཆེན་མཆོག་གི་ཆོས་ཞུགས་རྟེན་འབྲེལ་མཛད་སྒོར་སྐུ་མགྲོན་གཙོ་བོ་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་ཆེད་ཕེབས་ཀྱིས་དབུ་བཞུགས་གནང་འདུག

སྤྱི་ཁྱབ་བློན་ཆེན་མཆོག་ཁ་སང་ཧོབ་ལི་གནམ་ཐང་དུ་འབྱོར་མ་ཐག་གདན་སའི་ཕྱག་མཛོད་ཆེན་མོས་ཕེབས་བསུ་དང་ལམ་བར་དུ་ནུབ་ལ་དྭགས་དང་མོན་རིགས་གཙོས་ཧི་མཱ་ལ་ཡི་རི་རྒྱུད་ཀྱི་དད་ལྡན་སྟོང་ཕྲག་བརྒལ་བ་དང་། ས་གནས་བོད་མི་རྣམ་ཀྱིས་ཕྱག་ཏུ་མཇལ་དར་དང་མེ་ཏོག་བསྣམས་ནས་ཁོང་ལ་ ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།

ཉིན་རྒྱབ་ཕྱག་ཚོད་ ༢༌༣༠ ཐོག་གདན་སའི་ཚོམས་ཆེན་དུ་དགེ་འདུན་པའི་སྡེ་གཙོས་སེར་སྐྱ་མི་མང་སྟོང་ཕྲག་བརྒལ་བ་ལྷན་འཛོམས་གནང་སྟེ་སྐུ་མགྲོན་གཙོ་བོ་པད་མ་མཁའ་འགྲོ་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་སྐུ་ཚབ། རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་མཁན་རིན་པོ་ཆེ་མཆོག དེ་བཞིན་གྲྭ་ཚང་དེ་ཉིད་ཀྱི་མཁན་རིན་པོ་ཆེ་མཆོག་སོགས་ཀྱིས་ཕྱག་ཏུ་དྲི་ཞིམ་དུག་སྤོས་དང་རྒྱ་ལིང་བཅས་ཀྱིས་མངོན་པར་བསུ་བའི་ཐོག དགའ་ལྡན་བྱང་རྩེ་དབུ་རྩེ་གཟིམ་ཆུང་ནས་གདན་སའི་ཚོམས་ཆེན་དུ་༸རྒྱལ་བའི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་སྤྲན་འདྲེན་ཞུས་པ་དང་། སྐུ་མགྲོན་གཙོ་བོས་སྣང་གསལ་ཞལ་འབྱེད་གནང་སྟེ་ཆོས་ཞུགས་ཀྱི་རྟེན་འབྲེལ་མཛད་སྒོར་དབུ་འཛུགས་གནང་ཡོད།

སྐབས་དེར་ཐོག་མར་དགའ་ལྡན་བྱང་རྩེའི་མཁན་རིན་པོ་ཆེ་མཆོག་གིས་ཆོས་ཞུགས་རྟེན་འབྲེལ་ཆེད་དུ་ཕེབས་པ་ཡོངས་ལ་འཚམས་འདྲི་གནང་བ་དང་སྦྲགས། ཨ་རུ་ནཱ་ཅལ་སྤྱི་ཁྱབ་བློན་ཆེན་མཆོག་གིས་ད་བར་གྲྭ་ཚང་འདི་ཉིད་ལ་ལྷག་བསམ་ཟོལ་མེད་ཀྱིས་རྒྱབ་སྐྱོར་དང་ཐུགས་འཁུར་ཆེ་བཞེས་གནང་བར་བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་བཅས་འབུལ་ལམ་ཞུས་པ་དང་ཆབས་ཅིག མོན་ལྷ་རྒྱལ་རིན་པོ་ཆེ་མཆོག་གི་སྐོར་ངོ་སྤྲོད་སྙིང་བསྡུས་གནང་ཡོད།

དེ་བཞིན་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་མཁན་རིན་པོ་ཆེ་མཆོག་གིས་གདན་སའི་འདུ་མང་དང་ལྷག་པར་དུ་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་དགེ་འདུན་པ་ཡོངས་ནས་བོད་བརྒྱུད་ནང་བསྟན་གྱི་རིག་གནས་ལ་སློབ་གཉེར་ལེགས་པར་གནང་བ་དང་འབྲེལ། སྲོལ་དེང་གཉིས་ཀྱི་རིག་གནས་ཟུང་སྦྲེལ་ཐོག་ལ་འབད་རྩོལ་གནང་ཐུབ་ཚེ་མ་འོངས་པར་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་སྒྲུབ་ཐུབ་ཀྱི་རེད་ཅེས་ལམ་སྟོན་གནང་སོང་།

ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་རྒྱ་གར་ལུང་པ་འདི་ནི་ནང་བསྟན་ཆོས་བརྒྱུད་དར་སའི་ལྟེ་གནས་གཙོ་བོ་ཞིག་ཆགས་ཡོད་པ་དང་། འགྲོ་བ་གཞན་ལ་བྱམས་པ་དང་བརྩེ་བའི་ཐོག་ནས་སྐྱོང་དགོས་པའི་རིན་ཐང་ཅན་གྱི་ལྟ་གྲུབ་འདི་ཉིད་དེང་སྐབས་དམག་འཁྲུག་ཅན་གྱི་དུས་རབས་ལ་ཉེར་མཁོ་ཅན་དུ་གྱུར་ཡོད་སྟབས། ང་ཚོ་ཚང་མས་མཉམ་རུབ་ཀྱིས་ནང་ཆོས་དར་སྤེལ་ཐད་ལ་འབད་བརྩོན་གནང་དགོས་སྐོར་གསུངས་འདུག

སྤྱི་ཁྱབ་བློན་ཆེན་མཆོག་གིས་ཁོང་ཉིད་གདན་སའི་ཉེ་འཁོར་དུ་འཚམས་གཟིགས་ལ་ཕེབས་སྐབས་ལམ་ཟུར་དུ་གློག་མེད་པའི་དཀའ་ངལ་དངོས་སུ་གཟིགས་ཡོད་པར་འགྲེལ་བརྗོད་དང་འབྲེལ། ཀ་ན་ཊ་ཀ་མངའ་སྡེའི་བློན་ཆེན་ལ་ས་གནས་སུ་འཕྲད་བཞིན་པའི་དངོས་ཡོད་དཀའ་ངལ་སྐོར་ལ་སྙན་སེང་ཞུ་རྒྱུའི་ཞལ་བཞེས་གནང་འདུག་པ་དང་ཆབས་ཅིག ཕྱི་རྒྱལ་ཡུལ་གྲུ་ཁག་ལ་བོད་མི་རྣམས་ཕེབས་མཁན་མང་དུ་ཕྱིན་སྟབས་ལོ་རེ་བཞིན་གདན་ས་ཁག་ཏུ་གྲྭ་ཞུགས་གནང་མཁན་ཉུང་དུ་འགྲོ་བའི་ཁྲོད། ཧི་མཱ་ཡའི་རི་རྒྱུད་ནས་གདན་ས་ཁག་ལ་སློབ་གཉེར་གནང་མཁན་མང་དུ་འགྲོ་ཡི་ཡོད་པའི་གནད་ལུགས་འགྲེལ་བརྗོད་དང་འབྲེལ། ལྷ་རྒྱལ་རིན་པོ་ཆེ་མཆོག་ལྟ་བུར་མཚོན་ན་ད་ཆ་གོ་གནས་ཆེན་པོ་དེ་ལྟར་ཡོད་པར་བརྟེན་དུས་ནམ་ཡང་འགྲོ་བ་ཀུན་དང་ལྷག་པར་ནང་པ་སངས་རྒྱས་ཀྱི་ལྷ་གྲུབ་གོང་འཕེལ་ཡོང་བར་འབད་དགོས་པའི་རེ་སྐུལ་གནང་ཡོད།

ཆོས་ཞུགས་ཀྱི་རྟེན་འབྲེལ་མཛད་སྒོ་ལེགས་གྲུབ་ཟིན་མ་ཐག་སྤྱི་ཁྱབ་བློན་ཆེན་མཆོག་དང་ཁོང་གི་སྐུ་འཁོར་རྣམས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་ར་གསར་པའི་ནང་དགེ་བཤེས་དམ་འཇོག་འཚོགས་བཞིན་ཡོད་པར་འཚམས་གཟིགས་གནང་འདུག

དེ་བཞིན་འབྲས་སྤུངས་བློ་གསལ་གླིང་གི་ཚན་རིག་ལྟེ་གནས་ཁང་དུ་འཚམས་གཟིགས་དང་ཉིན་རྒྱབ་ཏུ་ཤར་རྩེ་གྲྭ་ཚང་དུ་མོན་བློ་སྒྲུབ་རྒྱལ་ཡོངས་ཀྱི་ཚོགས་འདུ་ཐེངས་གསུམ་པར་ཆེད་ཕེབས་གནང་རྗེས་སྦེང་ལོར་གནམ་ཐང་བརྒྱུད་ནས་ཕྱིར་ཕེབས་ཐོན་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།