Tibetan Royal Year of 2151 | Year of the Wood Dragon

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་དོན་ལས་འགུལ་ལྟེ་གནས་ཁང་ལ་ཨ་རིའི་མང་གཙོའི་གཟེངས་རྟགས་འབུལ་བཞེས་གནང་བ།

Tibetan News Headlines

  • Wronged, Tried, and Killed: The Custodial Death of Tibetan Political Prisoners in Chinese Prisons

རེས་གཟའ་སྤེན་པ། ༢༠༢༤།༠༧།༡༣

  • རྒྱ་གཞུང་གི་དོ་དམ་མནར་གཅོད་འོག་ཚེ་སྲོག་ཤོར་བའི་བོད་མི་ཆབ་སྲིད་བཙོན་པའི་གནད་དོན་གླེང་བ།

National Endowment for Democracy ཞེས་ཨ་རིའི་རྒྱལ་ཡོངས་མང་གཙོ་གོང་འཕེལ་ལྟེ་གནས་ཁང་གིས་ལོ་ལྟར་མང་གཙོ་དང་རང་དབང་གོང་འཕེལ་ཐད་རླབས་ཆེན་གྱི་ཕྱག་ལས་གནང་མཁན་ཚོགས་སྒེར་རྣམས་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་སྲོལ་ཡོད་པ་བཞིན། ཁ་སང་ལོ་འདིའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་ Democracy Service Award ཞེས་མང་གཙོ་གོང་འཕེལ་དང་འབྲེལ་བའི་ཞབས་ཞུའི་ལས་དོན་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་འབུལ་བཞེས་གནང་འདུག་པ་དང་། ཨ་རིའི་ནང་རྟེན་གཞི་བྱས་པའི་ Tibet Action Institute འམ་བོད་དོན་ལས་འགུལ་ལྟེ་གནས་ཁང་གི་སྐུ་ཚབ་བཀྲས་མཐོང་ལྷ་སྒྲོན་ལགས་དང་འབུམ་རམ་པ་རྒྱལ་ལོ་ལགས་གཉིས་ལ་ Democracy Award ཞེས་མང་གཙོའི་གཟེངས་རྟགས་འབུལ་བཞེས་གནང་འདུག

NED Award Sikyong and TAI

དེ་ཡང་ཁ་སང་མཛད་སྒོའི་ཐོག NED རྒྱལ་ཡོངས་མང་གཙོ་གོང་འཕེལ་ལྟེ་གནས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་འཐུས་མི་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Joaquin Castro ལགས་ཀྱིས། ལོ་ངོ་བཅུ་ཕྲག་མང་པོའི་རིང་ཨ་རིའི་སྲིད་དོན་ཚོགས་པ་ནང་ཁུལ་ཆབ་སྲིད་ཀྱི་ཐད་བསམ་བློ་མི་མཐུན་པ་ཇི་ཙམ་ཡོད་ཀྱང་། གྲོས་ཚོགས་ནང་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱི་ཐོག་ནས་བོད་མི་རྣམས་ལ་རྒྱབ་སྐྱོར་གནང་བཞིན་ཡོད་པའི་ཁྲོད། ཁ་ཉིན་ཚེས་ ༡༢ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ངོས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་འབྲེལ་བའི་ཁྲིམས་འཆར་དེ་ཚད་མཐོའི་རྒྱབ་སྐྱོར་ཐོག་ནས་གཏན་འབེབས་གནང་སྟེ་རིང་མིན་སྲིད་འཛིན་མཆོག་གི་མཚན་རྟགས་བཀོད་དེ་ཁྲིམས་སུ་བཅད་རྒྱུ་ཡིན་སྐོར་འགྲེལ་བརྗོད་དང་འབྲེལ། ད་བར་རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་དང་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་ཐབས་ཀྱི་སྲིད་བྱུས་སྤེལ་མུས་ཡིན་ཡང་བོད་པའི་དབུ་ཁྲིད་རྣམས་ནས་བོད་མི་མང་ཚོགས་ཀྱི་རེ་བ་མ་དོར་བར་བོད་དོན་དང་མང་གཙོའི་ཆེད་དུ་ཕྱག་ལས་གནང་མུས་ཡིན་པའི་ཁྲོད། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྲིད་སྐྱོང་གི་ཐུགས་འགན་བཞེས་པ་ནས་བཟུང་། ཁོང་གིས་རྒྱ་ནག་གི་ཤུགས་རྐྱེན་ལ་གདོང་ལེན་གྱིས་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་རྒྱ་གཞུང་གིས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་ཐབས་ཀྱི་བྱ་སྤྱོད་ཐེར་འདོན་གནང་རྒྱུའི་ཐད་ཕྱག་ལས་རླབས་ཆེན་གནང་ཡོད་པར་ངོས་འཛིན་ཆེ་བསྟོད་དང་འབྲེལ་ NED ཚོགས་པའི་ཚབ་ཞུས་ཏེ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་ Democracy Service གཟེངས་རྟགས་དེ་འབུལ་བཞེས་གནས་སོང་།

NED Award Sikyong and TAI

སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། NED ཚོགས་པའི་འགན་འཛིན་ལས་ཟུར་རྣམས་ལ་ཐུགས་རྗེ་ཆེ་ཞུས་དང་སྦྲགས། ད་བར་བོད་དོན་ཐད་གྲུབ་འབྲས་གང་སོན་པ་རྣམས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་ལམ་སྟོན་དང་བཀའ་དྲིན་ཉག་ཅིག་ལ་རྟེན་ནས་བྱུང་བ་ཡིན་པ་དང་། སྲིད་སྐྱོང་མཆོག་སྐུ་ཉིད་ལྟ་བུ་ཆ་མཚོན་ན་༸གོང་ས་མཆོག་གིས་དགོངས་བཞེས་ཐོག་ཤར་སྐྱོད་གནང་མཁན་བོད་མི་ཕལ་པ་ཞིག་ཡིན་པ་དང་། ཁོང་ནས་ད་རེས་བོད་མི་མང་ཚོགས་ཀྱི་ཚབ་ཞུས་ཏེ་གཟེངས་རྟགས་དེ་བཞེས་གནང་གི་ཡོད་པ་གསུངས་འདུག

སྲིད་སྐྱོང་མཆོག་གི་ད་དུང་། དེང་སྐབས་འཛམ་གླིང་ཧྲིལ་པོ་རིག་གཞུང་སྣ་མང་རིང་ལུགས་ཀྱི་ཕྱོགས་སུ་སྐྱོད་བཞིན་པའི་སྐབས་འདིར། རྒྱ་ནག་ནི་རིག་གཞུང་གཅིག་གྱུར་རིང་ལུགས་ཀྱི་ཕྱོགས་སུ་སྐྱོད་མཁན་རྒྱལ་ཁབ་གཅིག་པུ་དེ་ཡིན་སྐོར་དང་འབྲེལ། བོད་དོན་ལས་འགུལ་ལྟེ་གནས་ཁང་གིས་མངོན་གསལ་གནང་བའི་བོད་ནང་གི་གཏན་འཇག་སློབ་གྲྭའི་གནད་དོན་དེ་ནི་བོད་ནང་རྒྱ་གཞུང་གིས་དྲག་གནོན་གྱི་ཆ་ཤས་གཅིག་ཡིན་པ་དང་། ནུབ་ཕྱོགས་རང་དབང་ལུང་པའི་ནང་དུ་རང་ཆས་སུ་ཡོད་པའི་རང་དབང་མང་དག་ཞིག་བོད་ནང་རྩ་བ་ནས་མེད་པར། མཐའ་ན་༸གོང་ས་མཆོག་གི་སྐུ་པར་ཉར་བ་ཙམ་གྱི་ལོ་མང་པོ་བཙོན་ཁང་ནང་འགྲོ་དགོས་པ་སོགས་བོད་ནང་གི་གནས་སྟངས་ཆེས་ཛ་དྲག་ཡིན་སྐོར་གསུངས་འདུག

NED Award Sikyong and TAI

མ་ཟད་ཁོང་གིས་ད་ལྟ་ Ukraine ནང་དུ་ཨུ་རུ་སུའི་བཙན་མཛུལ་གྱི་གནད་དོན་དང་དེ་སྔ་ལོ་ངོ་ ༧༠ སྔོན་རྒྱ་ནག་གི་བོད་བཙན་བཟུང་བྱས་པ་གཉིས་ཀ་རྒྱལ་སྤྱིའི་ཁྲིམས་དང་འགལ་གྱི་ཡོད་སྐོར་དང་འབྲེལ། རྒྱ་ནག་གི་ཤུགས་རྐྱེན་འོག་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ནས་བོད་རྒྱ་ནག་གི་ཆ་ཤས་རེད་ཟེར་བ་དེ་རྒྱལ་སྤྱིའི་ཁྲིམས་དང་འགལ་གྱི་ཡོད་པ་མ་ཟད། བོད་རྒྱའི་དཀའ་རྙོག་སེལ་ཆེད་བོད་རྒྱ་གྲོས་མོལ་ཡོང་རྒྱུའི་གཞི་རྩ་ཡང་མེད་པ་བཟོ་བའི་བྱེད་ཕྱོགས་ཡིན་པ་ནན་བརྗོད་དང་སྦྲགས། རྒྱ་ནག་གཞུང་གིས་བོད་ཙམ་མ་ཟད། རྒྱལ་སྤྱིའི་ཁྲོད་བདེ་འཇགས་ཀྱི་ལས་གཞི་དང་དཔལ་འབྱོར་ལས་གཞི་སོགས་ཀྱི་བརྒྱུད་ནས་དེ་གའི་དྲག་གནོན་གྱི་སྲིད་བྱུས་དེ་དག་འཛམ་གླིང་ཁྱོན་ཡོངས་ལ་ཁྱབ་སྤེལ་བྱས་ཐབས་བྱས་བཞིན་ཡོད་པ་ལྟར། རྒྱ་ནག་དེ་བཞིན་བོད་དང་། ཡུ་གུར། ནང་སོག ཧོང་ཀོང་བཅས་ཀྱི་མི་རིགས་གཅིག་པོ་མ་ཡིན་པར། འཛམ་གླིང་ཁྱོན་ཡོངས་ལ་ཉེན་ཁ་ཆེན་པོ་ཞིག་ཡིན་པ་ལྟར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་ནག་ལ་འགན་ཁུར་ལེན་པ་བཟོས་དགོས་གལ་ཡིན་པ་གསུངས་འདུག

ཕྱོགས་མཚུངས་ཁ་སང་བོད་དོན་ལས་འགུལ་ལྟེ་གནས་ཁང་གིས་འགན་འཛིན་བཀྲས་མཐོང་ལྷ་སྒྲོན་ལགས་དང་འབུམ་རམ་པ་རྒྱལ་ལོ་ལགས་གཉིས་ནས་ཚོགས་པའི་ཚབ་ཞུས་ཏེ་དམངས་གཙོའི་གཟེངས་རྟགས་བཞེས་པའི་སྐབས་སུ། ཁོང་རྣམ་གཉིས་ནས་ད་རེས་ཀྱི་གཟེངས་རྟགས་དེ་བཞིན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་འོག་བོད་པའི་མི་རབས་མང་པོས་བོད་དོན་འཐབ་རྩོད་ཀྱི་མཛད་རྗེས་ལ་ངོས་འཛིན་གནང་བ་ཞིག་ལ་གཟིགས་ཀྱི་ཡོད་སྐོར་སོགས་གསུངས་འདུག

NED Award Sikyong and TAI

སྤྱིར་འདི་ལོ་ NED ལྟེ་གནས་ཁང་གི་ངོས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གཙོས་པའི་རྒྱལ་སྤྱིའི་དབུ་ཁྲིད་གང་ཟག་དྲུག་ལ་ Democracy Service Medal ཞེས་མང་གཙོ་གོང་འཕེལ་དང་འབྲེལ་བའི་ཞབས་ཞུའི་ལས་དོན་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་དེ་འབུལ་བཞེས་གནང་ཡོད་པའི་ཁོངས་སུ། ཨུ་རུ་སུ་དང་ Belarus ནང་གི་རང་དབང་འཐབ་རྩོད་པ་དང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ Nancy Pelosi མཆོག་དང་། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Mitch McConnell ལགས་བཅས་ཡོད་པ་རེད།

དེ་བཞིན་འདི་ལོའི་ Democracy Award འམ་མང་གཙོའི་ཆེ་བསྟོད་ཀྱི་གཟེངས་རྟགས་དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པས་བོད་ནང་བཅའ་སྡོད་སློབ་གྲྭའི་སྲིད་བྱུས་འོག་བོད་ཕྲུག་སློབ་མ་རྣམས་སོ་སོའི་སྐད་ཡིག་དང་རིག་གཞུང་ཐོག་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་གཏན་ནས་མེད་པའི་ཛ་དྲག་གི་གནས་སྟངས་ཆགས་པའི་གནས་ཚུལ་མཁོ་སྒྲུབ་གནང་མཁན་ Tibet Action Institute འམ་བོད་དོན་ལས་འགུལ་ལྟེ་གནས་ཁང་གི་འགན་འཛིན་ལྷ་སྒྲོན་བཀྲས་མཐོང་ལགས་དང་འབུམ་རམས་པ་རྒྱལ་ལོ་ལགས་གཉིས་ཀྱི་གཙོས་པའི་རྒྱལ་སྤྱིའི་ཚོགས་སྒེར་གསུམ་ལ་ཕུལ་ཡོད་པ་རེད།

NED Award Sikyong and TAI

གཞི་རྩའི་ NED མང་གཙོ་གོང་འཕེལ་ལྟེ་གནས་ཁང་ནི་རྒྱལ་སྤྱིའི་ཐོག་མང་གཙོ་རྒྱ་སྐྱེད་གཏོང་ཐབས་སུ་དམིགས་ཏེ་ཐོག་མར་ཕྱི་ལོ་ ༡༩༨༣ ལོར་ཨ་རི་ནང་ཆེད་འཛུགས་གནང་བའི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་ཡིན་པ་དང་། ད་ལྟའི་ཆར་ཚོགས་པ་དེས་རྒྱལ་སྤྱིའི་ཡུལ་གྲུ་ཁག་ ༡༠༠ ཙམ་གྱི་ནང་མང་གཙོ་དང་འབྲེལ་བའི་ཚོགས་པ་དང་ཤེས་ཡོན་བསྟི་གནས་སོགས་ལ་དཔལ་འབྱོར་གྱི་རོགས་རམ་མི་ཉུང་བ་ཞིག་གནང་བཞིན་ཡོད་པ་རེད། ལྟེ་གནས་ཁང་དེས་ཕྱི་ལོ་ ༢༠༠༣ ནས་བཟུང་རྒྱལ་སྤྱིའི་ཐོག་མང་གཙོ་གོང་འཕེལ་ཐད་ཕྱག་ལས་གཟེངས་སུ་ཐོན་པ་གནང་མཁན་ཚོགས་སྒེར་ཁག་ལ་མང་གཙོའི་གཟེངས་རྟགས་ཕུལ་རྒྱུ་དབུ་འཛུགས་གནང་ཡོད་པ་དང་། གཟེངས་རྟགས་དེའང་རྒྱ་ནག་གི་ཕྱི་ལོ་ ༡༩༨༩ ལོའི་དྲུག་བཞི་དོན་རྐྱེན་སྐབས་སུ་མང་གཙོའི་ལས་འགུལ་བ་རྣམས་ཀྱིས་སྒྲེང་འཛུགས་གནང་བའི་ Goddess of Democracy ཞེས་མང་གཙོ་དང་རང་དབང་གི་ལྷ་མོའི་འདྲ་བཤུས་ཞིག་ཡིན་པ་རེད།

NED Award Sikyong and TAI

ལྟེ་གནས་ཁང་གི་ངོས་ནས་གཟེངས་རྟགས་དེ་ཉིད་དེ་སྔ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོའི་ལྟ་གྲུབ་དང་འགྲོ་བ་མིའི་ཆེ་མཐོང་སོགས་ཀྱི་གནས་སྟངས་གོང་མཐོར་གཏོང་གནང་མཛད་པའི་མཛད་རྗེས་ལ་ངོས་འཛིན་གྱིས་ཕུལ་མྱོང་ཡོད་པ་དང་།  གཞན་ཡང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དེ་ཉིད་ཚད་ལྡན་མང་གཙོ་ལམ་ལུགས་སུ་ཤར་བསྐྱོད་གནང་བཞིན་པ་མང་གཙོའི་ལམ་སྲོལ་སྲ་བརྟན་ཡོད་བཞིན་པ་དེར་ངོས་འཛིན་དང་ཆེ་བསྟོད་ཞུ་ཆེད་དུ་གཟེངས་རྟགས་དེ་ཕུལ་མྱོང་ཡོད་པ་མ་ཟད། རྒྱ་ནག་གི་བཙོན་ཁང་ནང་འདས་གྲོངས་སུ་འགྱུར་བའི་བོད་ཀྱི་ཆབ་སྲིད་བཙོན་པ་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་བཅས་ལ་ཕུལ་མྱོང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།