Tibetan Royal Year of 2151 | Year of the Wood Dragon

ཧར་ཝཊ་གཙུག་ལག་སློབ་ཁང་ནང་རྒྱ་གཞུང་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ཐད་ལན་འདེབས་དགོས་པ་གསུངས་འདུག

Tibetan News Headlines

  • Organic Research and Training Centre: Inculcating sustainable farming with modern approach among Tibetans in exile

རེས་གཟའ་ཉི་མ། ༢༠༢༤།༠༧།༡༤

  • སྦེལ་ཀོབ་སྐྱེ་ལྡན་སོ་ནམ་ཉམས་ཞིབ་སྦྱོང་བརྡར་ཁང་གི་སྐོར་གླེང་མོལ།

ཉེ་སྔོན་ཕྱི་ཟླ་ ༤ པར་ཧར་ཝཊ་ནང་རྒྱ་ནག་གཞུང་ཚབ་པས་གཏམ་བཤད་སྐབས་རྒྱ་ནག་དང་བོད་ཀྱི་སློབ་མ་ཁག་གཅིག་ནས་ངོ་རྒོལ་བྱས་ཡོད་སྟབས། ཁོང་རྣམ་པར་དྲག་གནོན་གྱི་གནས་ཚུལ་ཐད་ Select Committee on the Chinese Communist Party ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་འཐབ་བྱུས་ཚོགས་ཆུང་གིས་གཙུག་ལག་སློབ་ཁང་དེ་ཉིད་ཀྱི་གཙོ་འཛིན་མཆོག་ལ་སྐབས་དེ་དུས་ཀྱི་གནས་ཚུལ་གསལ་བཀོད་དང་སྦྲགས། གསལ་བཤད་དགོས་ངེས་ཡིན་པ་མ་ཟད། དྲི་བ་ཁག་ ༡༣ ཆེད་བཀོད་ཀྱི་ཟླ་བ་འདིའི་ཚེས་ ༢༦ བར་དེ་འབྲེལ་ལན་འདེབས་གསལ་བཤད་དགོས་པ་ནན་བརྗོད་གནང་འདུག


དེ་ཡང་ཁ་སང་ཕྱི་ཚེས་ ༡ ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་འཐབ་བྱུས་ཚོགས་ཆུང་གི་ཚོགས་གཙོ་ John Moolenaar མཆོག་གིས་ཧར་ཝཊ་གཙུག་ལག་སློབ་ཁང་གི་བར་བརྒལ་གཙོ་འཛིན་ Alan Garber ལགས་ཀྱི་མཚན་ཐོག་ཏུ་བསྐུར་བའི་ཡི་གེ་དེའི་ནང་། ཉེ་སྔོན་ཕྱི་ཟླ་ ༤ ཚེས་ ༢༠ ཉིན་ Harvard Kennedy School ཧར་ཝཊ་ཀེ་ནེ་ཌི་སློབ་གྲྭའི་ནང་རྒྱ་ནག་གི་ཚོགས་འདུ་ ༢༠༢༤ ཞེས་པ་དེ་ཚོགས་པའི་སྐབས་ཨ་རིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་པ་ Xie Feng གི་གཏམ་བཤད་བྱས་སྐབས། སློབ་གྲྭ་དེའི་རྒྱ་མི་སློབ་མ་བུ་མོ་ Cosette Wu གི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནད་དོན་ཐད་ངོ་རྒོལ་སྐད་འབོད་གནང་ཡོད་པ་དང་། དེའི་རྗེས་ Suit གོས་སུཊ་ནག་པོ་གྱོན་པའི་མི་ཞིག་གིས་ཁོ་མོ་དྲུད་འཐེན་གྱིས་ཚོགས་འདུ་དེ་ནས་ཕྱིར་འབུད་བྱས་ཡོད་མ་ཟད། ཕྱི་སུ་ཁོ་མོས་མི་དེ་ Harvard ཧར་ཝཊ་ནང་ཡོད་པའི་རྒྱ་མི་སློབ་མ་ཞིག་ཡིན་པ་གསུངས་ཡོད་སྐོར་དང་། ལྷག་པར་དེ་འབྲེལ་བརྙན་ཐུང་དེ་སྤྱི་ཚོགས་དྲ་ལམ་ཐོག་ཁྱབ་སྤེལ་ཤུགས་ཆེར་ཕྱིན་ཡོད་སྟབས། ཨ་རིར་གནས་འཁོད་རྒྱ་མི་རིགས་ཀྱི་སྤྱི་ཚོགས་ཁྲོད་དུ་བསམ་ཚུལ་འདོན་མཁན་བྱུང་ཡོད་ཅིང་། གནད་དོན་དེའི་ཐད་ང་ཚོས་སེམས་འཚབ་ཡོད་ཅེས་ནན་བརྗོད་གནང་འདུག


ད་དུང་སྐབས་དེར་སློབ་གྲྭ་དེའི་སློབ་མ་བོད་པའི་བུ་མོ་ཚེ་རིང་དབྱངས་ཅན་ཞེས་པ་ཞིག་གི་ཀྱང་ངོ་རྒོལ་སྐད་འབོད་གནང་ཡོད་སྟབས། ཁོ་མོའང་ཕྱིར་འབུད་བཏང་ཡོད་པ་དང་འབྲེལ། ཚེ་རིང་དབྱངས་ཆན་ལགས་ཀྱིས་གསར་འགྱུར་བརྒྱུད་ལམ་ཞིག་གི་ཐོག་ཚོགས་འདུ་གོ་སྒྲིག་བྱེད་མཁན་ཡིན་པར་སྣང་བའི་རྒྱ་མི་སློབ་མ་ཞིག་གིས་ཁོང་མོར་འབྲེལ་བ་བྱས་ཏེ། ངོ་རྒོལ་བྱེད་མཁན་རྣམས་ཀྱི་མིང་གང་ཡིན་མིན་སྐད་ཆ་དྲི་པ་ཙམ་མ་ཟད། རྗེད་འདེད་བཏང་ནས་ཞེད་སྣང་སྐྱེས་དགོས་བྱུང་ཡོད་པའི་གནས་ཚུལ་འགྲེལ་བརྗོད་གནང་བ་གསལ་བཀོད་གནང་འདུག


ལྷག་པར་གནད་དོན་དེའི་བརྒྱུད་ནས་རྒྱ་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་དང་། ཧར་ཝཊ་སློབ་གླིང་ནང་རྒྱ་ནག་གི་སློབ་ཕྲུག་དེ་དག་གིས་རྒྱ་གཞུང་ལ་སྐྱོན་བརྗོད་བྱེད་མཁན་རྣམས་ལ་སུན་བཙེར་དང་འཇིགས་སྐུལ་བྱེད་པ་དེར་རྒྱ་གཞུང་ནས་ཆོག་མཆན་སྤྲོད་མིན་སྐོར་དྲི་བ་ཆེན་པོ་ཞིག་ཆགས་ཀྱི་ཡོད་ཅིང་། ང་ཚོས་གཙུག་ལག་སློབ་ཁང་གི་ངོས་ནས་ཀྱང་སློབ་ཕྲུག་རྣམས་ལ་སྤྱི་དམངས་ཐོབ་ཐང་གི་ཤེས་ཡོན་དང་སྨྲ་བརྗོད་རང་དབང་ཐད་སློབ་ཕྲུག་གི་བདེ་འཇགས་ངེས་བརྟན་ཇི་ཙམ་ཡོད་མིན་དྲི་བ་ཞིག་ཆགས་ཀྱི་ཡོད་པ་ནན་བརྗོད་གནང་འདུག


ཕྱོགས་མཚུངས་ཡི་གེ་དེའི་ནང་ཨ་རིའི་གཙུག་ལག་སློབ་ཁང་ཉུང་མཐར་ ༡༥༠ ཙམ་གྱི་ནང་དུ་རྒྱ་ནག་དམར་ཤོག་ཚོགས་པའི་འཐབ་ཕྱོགས་གཅིག་འགྱུར་དང་འབྲེལ་བ་ཡོད་པའི་ Chinese Students and Scholar Association ཞེས་རྒྱ་མི་སློབ་ཕྲུག་དང་མཁས་པའི་ཚོགས་པ་ཡོད་པ་དང་། ཚོགས་པ་དེའི་ཚོགས་མི་རྣམས་ནས་རྒྱ་གཞུང་ལ་སྐྱོན་བརྗོད་བྱེད་མཁན་རྒྱ་མི་རིགས་ཀྱི་སློབ་ཕྲུག་རྣམས་སུན་བཙེར་དང་འཇིགས་སྐུལ་བྱེད་ཀྱི་ཡོད་པའི་གནས་ཚུལ་རིམ་པ་ཐོན་ཡོད་པར་བརྟེན། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ངོས་ནས་ཀྱང་རྒྱ་གཞུང་གིས་ཡོ་རོབ་དང་བྱང་ཨ་མི་རི་ཀའི་ནང་འཐབ་བྱུས་དང་ལྡན་པའི་ཐོག་ནས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བརྒྱུད་རྒྱ་མིའི་སློབ་ཕྲུག་གི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པའི་སྙན་ཐོ་འདོན་སྤེལ་གནང་ཡོད་པ་བཅས་ལ་གཞིགས་ནས་ཨ་རིའི་གྲོས་ཚོགས་ཀྱིས་གནད་དོན་དེ་དག་ཛ་དྲག་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་ནན་བརྗོད་གནང་འདུག


མ་ཟད་ John Moolenaar མཆོག་གིས་ཕྱི་ཟླ་ ༤ པའི་ནང་བྱུང་བའི་གནས་ཚུལ་དེའི་ཐོག་ Harvard གཙུག་ལག་སློབ་ཁང་ཁོ་ན་ལ་ཉེན་སྲུང་གི་འགན་འཁུར་ཡོད་དམ། གལ་ཏེ་མེད་ཚེ་རྒྱ་གཞུང་གི་སྐུ་ཚབ་དང་། ཡང་ན་སྒེར་གྱི་ཚོགས་དང་འབྲེལ་བ་ཡོད་དམ། དེ་བཞིན་སློབ་ཆེན་གྱི་འཛིན་སྐྱོང་མི་སྣ་རྣམས་ནས་ངོ་རྒོལ་གནང་མཁན་གྱི་སློབ་ཕྲུག་དང་ལྷན་དུ་གནས་ཚུལ་རྒྱུས་ལོན་ཞུས་ཡོད་དམ། ཁོང་རྣམ་པའི་བདེ་འཇགས་ཆེད་དུ་རོགས་འདེགས་གང་གནང་ཡོད་དམ། ལྷག་པར་ངོ་རྒོལ་བ་རྣམས་ཕྱིར་འབུད་བྱེད་མཁན་གཏོང་མཁན་གྱི་རྒྱ་མིའི་སློབ་ཕྲུག་དེའི་ཐོག་ལ་ཞིབ་འཇུག་བྱེད་ཡོད་དམ་ལ་སོགས་པའི་དྲི་བ་ཁག་ ༡༣ ཆེད་བཀོད་ཀྱིས་འདི་ཚེས་ ༢༧ བར་ལན་འདེབས་གསལ་བཤད་ངེས་གནང་དགོས་པ་ནན་བརྗོད་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།