Tibetan Royal Year of 2151 | Year of the Wood Dragon

ཧྥ་རན་སིའི་གྲོས་ཚོགས་སུ་༸སྐུའི་འཁྲུངས་སྐར་སྲུང་བརྩི་དང་སོག་ཡུལ་དུ་སྙིང་རྗེའི་དུས་སྟོན་སྒོ་ནས་སྐུའི་འཁྲུངས་སྐར་ལ་བསུ་བ་ཞུ་རྒྱུ།

Tibetan News Headlines

  • Wronged, Tried, and Killed: The Custodial Death of Tibetan Political Prisoners in Chinese Prisons

རེས་གཟའ་སྤེན་པ། ༢༠༢༤།༠༧།༡༣

  • རྒྱ་གཞུང་གི་དོ་དམ་མནར་གཅོད་འོག་ཚེ་སྲོག་ཤོར་བའི་བོད་མི་ཆབ་སྲིད་བཙོན་པའི་གནད་དོན་གླེང་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སང་ཉིན་ཕྱི་ལུགས་ལྟར་དགུང་གྲངས་ ༨༩ ལ་ཕེབས་ཀྱི་ཡོད་སྟབས། ཧྥ་རན་སིའི་གྲོས་ཚོགས་གོང་མའི་ནང་ཡུལ་དེའི་གྲོས་ཚོགས་འཐུས་མི་ཁག་གཅིག་མཉམ་བཞུགས་ཐོག་༸སྐུའི་འཁྲུངས་སྐར་གྱི་དགའ་སྟོན་རྟེན་འབྲེལ་ཞུས་པ་མ་ཟད། སོག་ཡུལ་གྱི་རྒྱལ་ས་ Ulaanbaaatar ནང་དུ་སྙིང་རྗེའི་དུས་སྟོན་ཞིག་གོ་སྒྲིག་ཞུས་པའི་ཐོག་ད་བར་གྱི་སྐུའི་འཁྲུངས་སྐར་རྒྱས་ཤོས་དེ་སྲུང་བརྩི་ཞུ་རྒྱུའི་གྲ་སྒྲིག་གནང་བཞིན་འདུག

HHDL Birthday France & Mongol

དེ་ཡང་ཧྥ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ Belgium བོད་ཀྱི་སྐུ་ཚབ་དོན་གཅོད་ཁྱབ་ཁོངས་པེ་རི་སིའི་འབྲེལ་མཐུད་ལས་ཁུངས་གཉིས་ཀྱི་གོ་སྒྲིག་འོག ཁ་སང་ཕྱི་ཚེས་ ༤ ཉིན་གྲོས་ཚོགས་གོང་མའི་ཚོགས་ཁང་ནང་ཚོགས་པའི་༸སྐུའི་འཁྲུངས་སྐར་གྱི་རྟེན་འབྲེལ་མཛད་སྒོ་དེའི་ནང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ Jacqueline Eustache-Brinio ལགས་དང་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་གཙོ་བོར་འགྱུར་བའི་སྦེལ་ཇམ་སྐུ་ཚབ་དོན་གཅོད་དགེ་ཁང་རིག་འཛིན་ཆོས་སྒྲོན་ལགས་དང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་སོགས་འབྲེལ་ཡོད་འཐུས་མི་ཁག་གཅིག་ནས་མཉམ་ཞུགས་གནང་འདུག

HHDL Birthday France & Mongol

འདི་ག་རླུང་འཕྲིན་ཁང་ནས་མཛད་སྒོའི་ཐོག་བཅར་བའི་བོད་མིའི་སྒྲིག་འཛུགས་ཀྱི་པེ་རི་སིའི་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་ལགས་སུ་བཀའ་འདྲི་ཁག་གཅིག་ཞུས་ཡོད།

དེའི་བར་ན་སོག་ཡུལ་གྱི་རྒྱལ་ས་ Ulaanbatar དུ་རྒྱལ་བའི་༸སྐུའི་འཁྲུངས་སྐར་གྱི་ཉིན་མོ་དེ་ཉིད་༸གོང་ས་མཆོག་གི་ལྗགས་རྩོམ་མཛད་པའི་ཕྱག་དེབ་ཁག་གཅིག་མང་ཚོགས་ལ་རིན་མེད་ཐོག་བགོས་འགྲེམས་དང་དེ་བཞིན་ Festival of Compassion ཞེས་སྙིང་རྗེའི་དུས་སྟོན་ཞིག་གོ་སྒྲིག་ཐོག་རོལ་དབྱངས་སྤྲོ་སྟོན་གྱི་འདུ་འཛོམས་བརྒྱུད་སྲུང་བརྩི་གནང་འཆར་ཡོད་པ་རེད་འདུག

HHDL Birthday France & Mongol

རུ་སོག་སྐུ་ཚབ་དོན་གཅོད་ཏི་ལོ་རིན་པོ་ཆེ་མཆོག་གིས་ད་ལོའི་རྒྱལ་བའི་༸སྐུའི་འཁྲུངས་སྐར་གྱི་ཉིན་མོ་དེ་ཉིད་ཁུལ་དེའི་ད་བར་གྱི་༸སྐུའི་འཁྲུངས་སྐར་རྒྱས་ཤོས་ཤིག་ཆགས་ཀྱི་ཡོད་སྐོར་གསུངས་བ་མ་ཟད། དུས་སྟོན་ཁྲོད་༸གོང་ས་མཆོག་གིས་ལྗགས་རྩོམ་མཛད་པའི་ཕྱག་དེབ་ Toward a True Kinship of Faiths དེ་ཉིད་སོག་པོའི་སྐད་ཡིག་ཏུ་བསྒྱུར་ཟིན་པ་དེ་དབུ་འབྱེད་གནང་རྒྱུ་མཚོན་མགོན་པོ་༸གང་ཉིད་མཆོག་གི་ཕྱག་དེབ་ Seeds of Compassion གཞི་རྩར་བཟུང་བའི་གཏམ་བརྗོད་འཁྲབ་སྟོན། དེ་བཞིན་ཨོ་གླིང་དུ་གནས་སྡོད་བོད་པའི་གཞས་པ་གྲགས་ཅན་བསྟན་འཛིན་ཆོས་རྒྱལ་ལགས་དང་། སོག་པོའི་གྲགས་ཅན་གླུ་བ་ Cholugen Morin khuur ལགས་དང་ Erdenechimeg ལགས་གདན་ཞུ་སྒོ་ནས་རོལ་དབྱངས་སྤྲོ་ཚོགས་བཅས་གོ་སྒྲིག་གནང་འདུག

HHDL Birthday France & Mongol

རྩ་བའི་འདི་ལོའི་ཟླ་བ་དང་པོའི་ནང་ཨེ་ཤ་ཡའི་ནང་པའི་ཞི་བདེ་ལྷན་ཚོགས་ཐེངས་ ༡༢ པའི་ཐོག་ད་ལོའི་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་གྱི་ཉིན་མོ་དེ་ཉིད་ Universal Day of Compassion འམ་འཛམ་གླིང་སྙིང་རྗེའི་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་བསྒྲགས་གཏམ་སྤེལ་བ་དང་ཆབས་ཅིག འཛམ་གླིང་ནང་ཞི་བདེ་དང་། འཚེ་མེད་ཞི་བ། སྙིང་རྗེར་དགའ་ཞེན་ཡོད་མཁན་ཡོངས་ནས་གོང་ཚེས་ཉིན། ཉིན་མོ་དེ་གཟབ་རྒྱས་ཐོག་སྲུང་བརྩི་ཞུ་དགོས་པའི་འབོད་སྐུལ་གནང་ཡོད་པ་བཞིན།  Ulaanbaatar དུ་ད་རེས་ ༸སྐུའི་འཁྲུངས་སྐར་དེ་ཉིད་སྙིང་རྗེའི་ཉིན་མོ་དང་བསྟུན་ནས་སྲུང་བརྩི་རྒྱས་པ་ཞུ་རྒྱུ་མ་ཟད་རིམ་པར་རྒྱ་ཆེ་རུ་གཏང་རྒྱུ་ཡིན་པ་གསུངས་ཀྱི་འདུག

Dehradun Plantation

ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། རྒྱ་གར་བྱང་ཕྱོགས་རྡེ་ར་རྡུན་ཁུལ་དུ་གནས་སྡོད་བོད་མི་ ༢༥༠ ཙམ་གྱིས་དེ་རིང་ས་གནས་ཀྱི་ནགས་ཚལ་ལས་ཁུངས་དང་ལྷན་དུ་རྩི་ཤིང་ ༣༠༠༠ ལྷག་འདེབས་འཛུགས་ཐོག་ནས་རྒྱལ་བའི་འཁྲུངས་སྐར་ལ་བསུ་བ་ཞུས་པ་མ་ཟད། ལས་གཞི་དེའི་བརྒྱུད་རྒྱ་གར་གཞུང་མང་གཉིས་ཀྱིས་ད་བར་བོད་མི་རྣམས་ལ་རོགས་སྐྱོར་གང་ཐུབ་གནང་བར་བཀྲིན་རྗེས་དྲན་དང་། ལྷག་པར་ཁོར་ཡུག་སྲུང་སྐྱོབ་ཀྱི་གོ་རྟོགས་དང་། གོ་ལ་ཀུན་ཁྱབ་ཀྱི་འོས་འགན། ཆིག་སྒྲིལ་གྱི་བློ་གོང་འཕེལ་གནང་གི་ཡོད་པ་གསུངས་འདུག

Dehradun Plantation

འབྲེལ་ཡོད་གསར་གནས།

གསར་གནས།