ཨ་རིའི་གཞུང་གིས་རྒྱ་ནག་ནང་རྟེན་གཞི་བྱས་པའི་ཚོང་ལས་ཁང་གཉིས་ནས་ཡུ་གུར་མང་ཚོགས་ལ་བཙན་དབང་གིས་ངལ་རྩོལ་སྐུལ་བའི་གནད་དོན་དང་འབྲེལ། ཚོང་ལས་ཁང་དེ་གཉིས་ཀྱི་ཚོང་ཟོག་རྣམས་ཨ་རི་ནང་ནང་འདྲེན་བྱ་རྒྱུར་བཀག་སྡོམ་གནང་འདུག

དེ་ཡང་ Reuters གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་ཕྱི་ཚེས་ ༡ ཉིན་ US Department of Homeland Security ཞེས་ཨ་རིའི་རྒྱལ་ནང་བདེ་སྲུང་ལྷན་ཁང་གིས། རྒྱ་ནག་ནང་རྟེན་གཞི་བྱས་པའི་ Camel Group ཞེས་གློག་རྫས་བཟོ་ལས་ཁང་དང་། Chenguang Biotech Group ཞེས་སྨན་སྣ་དང་རྩི་ཤིང་ཐོན་རྫས་བཟོ་ལས་ཁང་གཉིས་ནས་ཡུ་གུར་མང་ཚོགས་ལ་བཙན་དབང་གིས་ངལ་རྩོལ་འོག་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་བརྒྱུད་ཚོང་ཟོག་བཟོ་རུ་བཅུག་བཞིན་ཡོད་པ་ར་སྤྲོད་གནང་སྟེ། ལས་དོན་དེ་རིགས་འགོག་ཆེད་ཚོང་ལས་ཁང་དེ་གཉིས་ཀྱི་ཚོང་ཟོག་རྣམས་ཨ་རིར་ནང་འདྲེན་བྱ་རྒྱུར་བཀག་སྡོམ་གནང་འདུག

ཨ་རིའི་རྒྱལ་ནང་བདེ་སྲུང་ལྷན་ཁང་གི་དྲུང་ཆེ་ Alejandro Mayorkas ལགས་ཀྱིས་དེ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཤིན་ཅང་ནང་གི་ཡུ་གུར་མང་ཚོགས་རྣམས་ལ་བཙན་དབང་གིས་ངལ་རྩོལ་འོག་བཟོ་བསྐྲུན་བྱས་པའི་ཚོང་ཟོག་རྣམས་ཨ་རི་ནང་བཀག་སྡོམ་ཆེད་ཁྲིམས་མཐུན་གྱི་ཚོང་འབྲེལ་བརྒྱུད་ཁུལ་དེར་ཡོད་པའི་ཚོང་སྡེ་ཁག་དང་མཉམ་ལས་གནང་རྒྱུ་ཡིན་སྐོར་གསུངས་པ་མ་ཟད། དེ་འབྲེལ་བཀག་སྡོམ་བྱས་པའི་དམིགས་ཡུལ་གཙོ་བོ་ནི་ཡུ་གུར་མང་ཚོགས་ཐོག་མུ་མཐུད་མི་རིགས་སྡེབ་གསོད་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་སོགས་འབྱུང་བཞིན་ཡོད་པ་དེར་འགན་ལེན་ཡོད་པ་ཞིག་བཟོ་ཆེད་ཡིན་ཞེས་གསུངས་འདུག

ད་རེས་ཨ་རི་གཞུང་གིས་རྒྱ་ནག་གི་ཚོང་ལས་ཁང་གཉིས་ལ་བཀལ་བའི་ཐག་གཅོད་དེ་ནི་དེ་སྔ་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ནང་ཨ་རིའི་གྲོས་ཚོགས་ནང་གཏན་འབེབས་བྱུང་བའི་ Uyghur Forced Labor Prevention Act ཞེས་ཡུ་གུར་ངལ་རྩོལ་འགོག་ཐབས་ཀྱི་ཁྲིམས་གཞི་དེ་དང་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་པ་དང་། ད་ལྟའི་ཆར་ཁྲིམས་གཞི་དེའི་འོག་ཚོང་ལས་ཁང་ ༢༤ ཙམ་བཀག་སྡོམ་གནང་ཡོད་པ་རེད་འདུག

དེ་བཞིན་ཁ་སང་ Solar Industry Analyst ཞེས་ཉི་གློག་བཟོ་ལས་དབྱེ་ཞིབ་ཚོགས་པ་དང་། དབྱིན་ཡུལ་ནང་དུ་རྟེན་གཞི་བྱས་པའི་ Sheffield Hallam གཙུག་ལག་སློབ་གཉེར་ཁང་གི་འགྲོ་བ་མིའི་ཐོབ་ཐང་གི་སློབ་དཔོན་ཆེན་མོ་ལྕམ་སྐུ་ Laura T. Murphy དེ་བཞིན་ཉམས་ཞིབ་པ་ཁག་ཅིག་གིས་ Report ཞིབ་འཇུག་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་འཛམ་གླིང་ནང་གི་ཉི་གློག་དང་འབྲེལ་བའི་བཟོ་ལས་ཁང་ཆེ་ཤོས་ལྔའི་ལྟེ་གནས་གཙོ་བོ་དེ་རྒྱ་ནག་ནང་ཡོད་པ་མ་ཟད། བཟོ་ལས་ཁང་དེ་དག་ཤིན་ཅང་གི་ངལ་རྩོལ་དང་འབྲེལ་བ་ཧ་ཅང་ཡོད་པ་སོགས་ཀྱང་ཐེར་འདོན་གནང་ཡོད།

གཞི་རྩའི་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༩ ཉིན་ཨ་རིའི་རྒྱལ་ནང་བདེ་སྲུང་ལྷན་ཁང་གིས་རྒྱ་ནག་གི་ Printer འམ་དཔར་བསྐྲུན་འཕྲུལ་ལས་དང་འབྲེལ་བའི་ཚོང་ལས་ཁང་གྲགས་ཅན་ Ninestar Corp དང་། རྫས་སྦྱོར་གྱི་བཟོ་ལས་ཁང་ Xingjang Zhongtai Chemical Co Ltd གཉིས་ལའང་ཡུ་གུར་ངལ་རྩོལ་འགོག་ཐབས་ཁྲིམས་གཞི་དེའི་ཁྲིམས་སྒྲིག་ཁག་ཡོངས་སུ་འགལ་བར་ར་སྤྲོད་ཀྱིས་ཚོང་ལས་ཁང་དེ་གཉིས་ཀྱི་ཚོང་འབྲེལ་བཀག་སྡོམ་ཐོག་སྲིད་དོན་ཉེས་ཆད་བཀལ་ཡོད་པ་རེད།