Tibetan Royal Year of 2151 | Year of the Wood Dragon

ཨི་ཊ་ལིར་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་བརྒྱུད་གསུམ་བཅུའི་དུས་དྲན་སྲུང་བརྩི།

Tibetan News Headlines

  • In conversation with 3 former bodyguards of the Dalai Lama

རེས་གཟའ་ཉི་མ། ༢༠༢༤།༠༦།༡༦

  • ༸གོང་ས་མཆོག་གི་༸སྐུའི་སྲུང་བྱའི་ཐོག་ཞབས་ཞུ་བསྒྲུབས་མྱོང་མཁན་སྐུ་སྲུང་ཟུར་པ་གསུམ་དང་གླེང་མོལ།

ཡོ་རོབ་རྒྱལ་ཁབ་ཨི་ཊ་ལིའི་གྲོང་ཚོགས་གོང་མར་གྲོས་ཚོགས་གོང་འོག་གཉིས་ལས་གྲུབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་བརྒྱུད་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༤ པ་སྲུང་བརྩི་ཞུས་འདུག

རྩ་བའི་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་མོ་འདི་ནི་བོད་མི་རྣམས་བཙན་བྱོལ་ལ་གྱར་ནས་མི་ལོ་ ༦༤ འཁོར་བ་དང་དེ་བཞིན་དེ་སྔ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་རྣམས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་ཐོག་ནས་རྒྱ་དམར་གྱི་བཙན་འཛུལ་ལ་ཞི་བའི་སྒེར་ལངས་གནང་སྟེ་མི་ལོ་ ༦༤ འཁོར་བའི་བོད་མིའི་ལོ་རྒྱུས་ཁྲོད་ཀྱི་དུས་ཚིགས་གལ་ཆེན་ཞིག་ཡིན་པ་ལྟར། དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་བཞུགས་སྒར་དྷརྨ་སཱ་ལཱ་གཙོ་བོར་གྱུར་པའི་འཛམ་གླིང་ཤར་ནུབ་གང་སར་བཞུགས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་རྣམ་པ་འདྲ་མིན་ཐོག་ནས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་བཞིན་པའི་ཁྲོད་འདིར་ཡོ་རོབ་རྒྱལ་ཁབ་ཨི་ཊ་ལི་ལྟ་བུར་མཚོན་ན། ཁ་སང་ཨི་ཊ་ལིའི་གྲོས་ཚོགས་གོང་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དང་ཡོ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས། སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་སོགས་ཆེད་ཕེབས་ཐོག་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་གསར་འཛུགས་གནང་བ་དེ་ཉིད་དབུ་འབྱེད་གནང་འདུག

ཚོགས་པ་གསར་འཛུགས་ཀྱི་དབེུ་འབྱེད་མཛད་སྒོར་ཨི་ཊ་ལིའི་གྲོས་ཚོགས་གོང་འོག་གི་འཐུས་མི་དྲུག་ཙམ་ཆེད་ཕེབས་གནང་བའི་ཐོག་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དང་ཡོ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་དང་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། དེ་བཞིན་ཨི་ཊ་ལིར་རྟེན་གཞི་བྱས་པའི་བོད་རིགས་ཚོགས་པ་དང་རྒྱལ་ཡོངས་ནང་པ་ཚོགས་པ། ཨི་ཊ་ལི་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་སྐུ་ཚབ་སོགས་ལྷན་ཞུགས་གནང་ཡོད།  སྐབས་དེར་ཨི་ཊ་ལི་གྲོས་ཚོགས་འཐུས་མི་སྐུ་ཞབས་  Andrea ལགས་ཀྱིས་ཡུལ་དེའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསར་འཛུགས་གནང་ཐུབ་པར་དགའ་བསུའི་འཚམས་འདྲི་གནང་བ་དང་སྦྲགས། ཚོགས་པའི་ངོས་ནས་དེ་སྔའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་ཐོག་ཕྱག་ལས་སྣ་མང་ཞིག་གནང་ཡོད་པ་དེ་དག་མུ་མཐུད་མཇུག་སྐྱོང་གནང་སྟེ་བོད་མིའི་མངོན་འདོད་ལ་སྨན་པའི་ཕྱར་བ་གྲུབ་འདེགས་གནང་རྒྱུ་ཡིན་ཞེས་གསུངས་འདུག

དེ་བཞིན་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༤ དང་བསྟུན་ཁ་ཉིན་ཨོ་སི་ཊི་ལི་ཡའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ Janet Rice ལགས་དང་ Susan Templeman དེ་བཞིན་ Dean Smith ལགས་གསུམ་གྱིས་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་འདོན་སྤེལ་གནང་འདུག་པ་དང་། ཁ་ཉིན་ལྕམ་སྐུ་ Janer Rice ལགས་ཀྱིས་ཡུལ་དེའི་གྲོས་ཚོགས་གོང་མར་བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད་གནང་སྐབས་བོད་མི་ཚོས་ལོ་ལྟར་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་མོ་འདི་བཞིན་རང་དབང་སྒེར་གྱི་ཉིན་མོར་སྲུང་བརྩི་ཞུ་དགོས་པའི་རྒྱབ་ལྗོངས་ལོ་རྒྱུས་སྙིང་བསྡུས་ཤིག་ངོ་སྤྲོད་གནང་བ་དང་འབྲེལ། རྒྱ་གཞུང་གིས་དུས་ད་ལྟའང་བོད་མིའི་ཆོས་དང་རིག་གཞུང་བཅས་ལ་དམ་བསྒྲགས་སྔར་ལྷག་བྱེད་མུས་ལ་མི་བཟདོ་པར་ཞི་བའི་ལས་འགུལ་སྤེལ་མཁན་བོད་མི་རྣམས་གང་བྱུང་དུ་འཛིན་བཟུང་བཙོན་འཇུག་གིས་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་དང་གཏོང་བཞིན་པ་སོགས་མངོན་གསལ་གནང་སྟེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པར་ཐུགས་འཚབ་དང་འབྲེལ་ཁོང་གིས་༸པཎ་ཆེན་རིན་པོ་མཆོག་འཕྲལ་མར་གློད་བཀྲོལ་ཡོང་བ་དང་བོད་ནང་གི་འགྲོ་བ་མིའི་ཐོབ་སྲུང་སྐྱོབ་སླད་ཨོ་སི་ཊི་ལི་ཡ་གཞུང་ལ་མུ་མཐུད་ཞུ་སྐུལ་གནང་རྒྱུ་དང་གཞུང་གི་ངོས་ནས་བཞེངས་ཕྱོགས་གསལ་པོ་ཞིག་བཟུང་སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸རྒྱལ་བའི་ཡང་སྲིད་དེ་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་ལ་གཞིར་བཞག་ནས་བོད་མི་རྣམས་ཀྱིས་ངོས་འཛིན་ཞུས་པ་དེར་གུས་བཀུར་ཞུ་རྒྱུ་ལས་དེ་མིན་པའི་སུ་གང་ལའང་དེ་ལྟར་ཞུ་རྒྱུ་མིན་ཞེས་སྐྱར་ནན་གནང་འདུག

དེ་རིང་ཕྱི་དྲོ་ཕྱག་ཚོད་ ༥༌༣༠ ཡོས་ཙམ་ལ་ཨི་ཊ་ལིའི་རྒྱལ་ས་རོམ་ནང་དུ་ཡུལ་དེའི་བོད་རིགས་ཚོགས་པ་གཙོས་ཡོ་རོབ་བོད་རིགས་ཚོགས་པ་ཐུན་མོང་གི་གོ་སྒྲིག་འོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སྟོང་ཕྲག་ལྷག་ལྷན་འཛོམས་ཀྱིས་གོམ་བགྲོད་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ཏེ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༤ པ་སྲུང་བརྩི་ཞུས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།