Tibetan Royal Year of 2151 | Year of the Wood Dragon

ཨོ་གླིང་བོད་མི་ཞི་རྒོལ་བར་རྒྱ་ནག་རྒྱབ་སྐྱོར་བས་ཉེས་རྡུང་གིས་སྨན་ཁང་དུ་བསྐྱལ་དགོས་བྱུང་འདུག

Tibetan News Headlines

  • Wronged, Tried, and Killed: The Custodial Death of Tibetan Political Prisoners in Chinese Prisons

རེས་གཟའ་སྤེན་པ། ༢༠༢༤།༠༧།༡༣

  • རྒྱ་གཞུང་གི་དོ་དམ་མནར་གཅོད་འོག་ཚེ་སྲོག་ཤོར་བའི་བོད་མི་ཆབ་སྲིད་བཙོན་པའི་གནད་དོན་གླེང་བ།

དེ་རིང་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་ནག་གི་སྲིད་བློན་ Li Qiang ཨོ་གླིང་དུ་ཉིན་གྲངས་བཞིའི་རིང་སྐོར་བསྐྱོད་ཀྱིས་ཉིན་མཐའ་མར་ཕྱི་ཚེས་ ༡༨ ཉིན་ཨོ་གླིང་གི་གྲོང་ཁྱེར་ Perth ནང་དུ་སླེབས་སྐབས་བོད་མི་གཙོས་པའི་རྒྱ་རིགས་མང་གཙོའི་ལས་འགུལ་བས་ཞི་རྒོལ་ཁྲོད། བོད་མི་ལས་འགུལ་བ་ཞིག་གིས་བོད་ཀྱི་རྒྱལ་དར་ཕྱར་ཏེ་ངོ་རྒོལ་གནང་སྐབས་རྒྱ་ནག་རྒྱབ་སྐྱོར་བ་གཅིག་ནས་བོད་མི་དེའི་བྲང་ཁོག་ལ་མུར་འཛོག་ཤུགས་ཆེ་གཞུས་པས་རྐྱེན་གྱིས་རྨས་སྐྱོན་ཕོག་སྟེ་སྨན་ཁང་དུ་བསྐྱལ་དགོས་བྱུང་འདུག

Tenpa Dhargyal Attacked

དེ་ཡང་ཨོ་གླིང་དུ་ལོ་བདུན་གྱི་རྗེས་སུ་སླེབས་པའི་རྒྱ་ནག་གི་སྲིད་བློན་སྐོར་བསྐྱོད་སྐབས་ཁུལ་དེར་གནས་སྡོད་བོད་མི་ལྔ་བརྒྱ་ལྷག་དང་རྒྱ་རིགས་མང་གཙོ་དོན་གཉེར་བས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་རབ་དང་རིམ་པ་སྤེལ་ཡོད་པ་ལྟར། སྐབས་དེར་རྒྱ་ནག་རྒྱབ་སྐྱོར་བས་རྒྱ་ནག་གི་སྲོད་བློན་ Li Qiang ལ་ང་རྒོལ་གནང་མཁན་རྣམས་ཀྱི་ཐོག་དྲག་རྒོལ་དང་བརྙས་བཅོས་བྱས་ཡོད་པའི་ཁྲོད། ཕྱི་ཚེས་ ༡༨ ཉིན་ Perth ནང་དུ་ངོ་རྒོལ་སྐབས་བོད་མི་བསྟན་པ་དར་རྒྱས་ལགས་ཀྱིས་གཞུང་ལམ་དུ་ཟམ་པ་ཞིག་གི་ཐོག་བོད་ཀྱི་རྒྱལ་དར་ཕྱར་ཏེ་ངོ་རྒོལ་གྱི་རྣམ་པ་བཏོན་ཡོད་སྟབས། རྒྱ་ནག་རྒྱབ་སྐྱོར་བ་ཞིག་ནས་ཁོང་གི་ལག་ནས་རྒྱལ་དར་འཕྲོག་ཐབས་བྱས་པའི་སྐབས་རྒྱ་ནག་རྒྱབ་སྐྱོར་བས་ཁོང་གི་བྲང་ཁོག་ལ་མུར་འཛོག་ཤུགས་ཆེ་གཞུས་པས་རྐྱེན་གྱིས་བསྟན་པ་དར་རྒྱས་ལགས་དབུགས་གཏོང་ལེན་ཐད་དཀའ་ངལ་བྱུང་སྟེ་ཞལ་ནས་ཁྲག་ཐོན་པ་སོགས་བྱུང་དུས་ཁོང་གི་གྲོགས་པོ་རྣམས་ཀྱིས་ཁོང་སྨན་ཁང་དུ་བསྐྱལ་འདུག

Drew Pavlou

ཨོ་གླིང་མི་སེར་ཡིན་པ་མང་གཙོ་དོན་གཉེར་དང་རྒྱ་ནག་ལ་ཁ་གཏད་གཅོག་མཁན་གྱི་ལས་འགུལ་བ་ Drew Pavlou ལགས་ཀྱིས་རང་གི་ Twitter (X) སྤྱི་ཚོགས་དྲ་ལམ་ནང་དུ་དེའི་སྐོར་སེམས་འཚབ་དང་བསྟུན་ནས་གནས་ཚུལ་སྤེལ་བ་མ་ཟད། ཁོང་གིས་རྒྱ་ནག་རྒྱབ་སྐྱོར་བ་རྣམས་ཨོ་གླིང་ཁྲིམས་ལ་བརྩི་འཇོག་བྱས་མི་དགོས་པ་ཅི་ཡིན་ཞེས་དྲིས་པ་དང་། ཁོང་ནས་ཨོ་གླིང་གསར་ཁང་ 7 News ཀྱིས་བཅར་འདྲ་ཞིག་གི་ཐོག བསྟན་པ་དར་རྒྱས་ལགས་ཀྱིས་ཞི་བའི་ངང་བོད་ཀྱི་རྒྱལ་དར་ཕྱར་ཏེ་ངོ་རྒོལ་བྱས་པས་རྐྱེན་གྱིས་ཁོང་ལ་རྡུང་རྡེག་ཕོག་པའི་གནས་ཚུལ་དེ་བྱུང་བ་ཡིན་པས། གནད་དོན་དེ་ཨོ་གླིང་ཉེན་རྟོག་པས་མིག་མཐོང་ལག་ཟིན་བྱུང་བ་ཡིན་ནའང་བཀག་སྡོམ་རིགས་བྱས་མེད་པ་མ་ཟད། དེ་ལས་ལྡོག་སྟེ་བསྟན་པ་དར་རྒྱས་ལགས་སུ་ཁོང་གི་མིང་དང་ཁ་བྱང་སོགས་དྲི་རྩད་བྱས་པ་དེ་ཨོ་གླིང་ཉེན་རྟོག་པས་དྲག་རྒོལ་བྱེད་མཁན་གྱི་རྒྱ་ནག་རྒྱབ་སྐྱོར་བའི་ཕྱོགས་སུ་ལངས་ཀྱི་ཡོད་པ་ཡིན་ནམ་ཞེས་གསུངས་ཏེ། རྒྱ་ནག་གི་ཨོ་གླིང་ནང་ཐེ་བྱུས་གང་ཙམ་ཡོད་མེད་ཐེར་འདོན་གནང་འདུག

Tenpa Dhargyal Attacked

གནད་དོན་དེའི་སྐོར་འདི་ག་རླུང་འཕྲིན་ཁང་ནས་སྐབས་དེར་རྡུང་རྡེག་ཕོག་པའི་བོད་མི་ལས་འགུལ་བ་བསྟན་པ་དར་རྒྱས་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་པར་ཁོང་གིས་འགྲེལ་བརྗོད་གནང་བ་གོང་གི་སྒྲ་སྒམ་ནས་གསན་ཐུབ།

འབྲེལ་ཡོད་གསར་གནས།

གསར་གནས།