Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་དབུ་འབྱེད་གནང་པ།

Tibetan News Headlines

  • སྔོན་རྩིས་མ་དངུལ་སྒོར་ས་ཡ་ ༣༣༣༡ ལྷག་གཏན་འབེབས་ཐོག་གྲོས་ཚོགས་ཚོགས་དུས་ ༧ པ་མཇུག་སྒྲིལ།
  • རྒྱ་ནག་གིས་སྡེ་དགེ་ཁུལ་ནས་བོད་མི་བཅུ་ལྷག་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་འདུག
  • རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་གྲོས་མོལ་ཁྲོད་གྲུབ་འབྲས་གང་ཡང་བྱུང་མེད་པ་མངོན་གསལ།
  • སྐད་ཡིག་ཕུན་སུམ་ཚོགས་པའི་བོད་རིགས་ན་གཞོན་བཅུ་ཕྲག་གིས་བོད་དོན་སྐོར་བསྐྱོད་གནང་ན་རྒྱ་གར་གྱི་སྲིད་བྱུས་ལ་འགྱུར་བ་ཐེབས་ངེས་ཡིན་པ་གསུངས་འདུག
  • ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་ཟུར་ Janet Rice ལགས་ལ་ཕེབས་སྐྱེལ་དང་ཟུང་སྦྲེལ་ཚོགས་གཙོ་གསར་པར་ཕེབས་བསུ་ཞུས་པ།
  • མལ་དིལྦ་ནང་འཐུང་ཆུའི་དཀའ་ངལ་སེལ་སླད་བོད་ཀྱི་གཏེར་ཆུ་ཏུན་ ༡༥༠༠ མཁོ་སྤྲོད་བྱས་འདུག

Friday 29/03/2024

  • TPiE concludes 7th session, approves budget of over ₹ 3331 Million
  • China arrests 10 Tibetans from Derge county, whereabouts unknown
  • No breakthrough in India-China dialogue
  • Need of training for educated young Tibetans to influence India’s policy on Tibet: Tenzin Tsundue
  • Tibetans in Australia bid farewell for Senator Janet Rice, welcomes new co-chair for parliamentary Tibet group
  • Now China sends 1,500 tonnes of drinking water from Tibet to Maldives

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་རྒྱ་གར་ཡུ་པི་མངའ་སྡེའི་མི་རུ་ཊི་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་སློབ་གྲྭ་ DAV Central Public School ནང་དུ་ AyurGyan Nyas ཐེབས་རྩ་ཁང་གིས་གོ་སྒྲིག་འོག་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་དབུ་འབྱེད་གནང་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་སང་བཞུགས་སྒར་རྡ་རམ་ས་ལ་ནས་མཁའ་ལམ་བརྒྱུད་རྒྱལ་ས་ལྡི་ལིར་ཕེབས་ཐོན་གནང་ཡོད་པ་ལྟར། དེ་རིང་མགོན་པོ་༸གང་ཉིད་མཆོག་ Meerut གྲོང་ཁྱེར་ནང་ཡོད་པའི་ DAV སློབ་གྲྭའི་ནང་༸ཞབས་སོར་བདེ་བར་འཁོད་བསྟུན། སློབ་གྲྭ་དེའི་སློབ་སྤྱི་དང་། AyurGyan Nyas ཐེབས་རྩ་ཁང་ཐུང་མོང་ནས་༸གོང་ས་མཆོག་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་དབུ་འབྱེད་མཛད་སྒོར་ཆིབས་བསྒྱུར་མཛད་པར་དགའ་བསུའི་འཚམས་འདྲི་ཞུས་ཏེ། མགོན་པོ་༸གང་ཉིད་མཆོག་ད་རེས་ DAV སློབ་གྲྭར་ཞབས་ཀྱིས་བཅགས་ཏེ་དགེ་ལས་སློབ་གཉེར་ཡོངས་ལ་བཀྲིན་ཆེན་པོས་བྱིན་གྱིས་བརླབས་པ་འདི་ནི་ཆེས་སྐལ་བཟང་གི་གོ་སྐབས་ཤིག་ལ་ངོས་འཛིན་ཞུ་བཞིན་ཡོད་ཅེས་ཆེ་བསྟོད་ཞུས་གནང་འདུག

སྐབས་དེར་༸གོང་ས་མཆོག་གིས་རྒྱ་གར་གྱི་རྒྱལ་ཁབ་ཁོ་ནར་ཕྱིའི་དངོས་པོ་ཡར་རྒྱས་དང་ནང་སེམས་ཀྱི་ཞི་བདེ་གཉིས་ཟུང་འབྲེལ་ཐོག་འཛམ་གླིང་འདི་བདེ་སྐྱིད་ལྡན་པ་ཞིག་བསྐྲུན་ཐུབ་རྒྱུའི་ནུས་པ་དམིགས་བསལ་བ་ཞིག་ཡོད་པར་ངོས་འཛིན་གནང་ཐོག་ད་རེས་ AyurGyan Nyas ཐེབས་རྩ་ཁང་གིས་རྐང་འགན་བཞེས་པའི་ཤེས་ཡོན་བསྟི་གནས་ཁང་ཁག་ཅིག་དང་མཉམ་རུབ་ཀྱིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་གཏན་འབེབས་གནང་པ་དེ་ནི་༸སྐུ་ཉིད་ནས་ལམ་སྟོན་གནང་ཁག་དོན་དངོས་ཐོག་ལག་བསྟར་གནང་པ་ཞིག་ཡིན་སྟབས། མགོན་པོ་མཆོག་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སོང་ཞེས་བཀའ་སྩལ་དང་ཆབས་ཅིག་ཏུ་ད་ཆ་བསླབ་གཞི་གསར་པ་དེའི་དམིགས་ཡུལ་གཙོ་བོ་ས་གནས་རྒྱ་གར་གྱི་སློབ་གྲྭ་གཙོས་ཉེ་འཁོར་གྱི་སྤྱི་ཚོགས་ཁོ་ན་མིན་པར་འགྲོ་བ་མི་ཐེར་འབུམ་བདུན་གྱི་བདེ་སྐྱིད་ལ་དམིགས་དགོས་པ་བཀའ་བསྩལ་འདུག ཁྱད་པར་དུ་མགོན་པོ་མཆོག་གིས་འདས་ཟིན་པའི་དུས་རབས་ ༢༠ དེའི་ནང་མི་ཕན་ཚུན་དབར་མི་བསད་ཁྲག་སྦྱོར་བྱས་པའི་དུས་རབས་ཤིག་ཆགས་ཡོད་ཀྱང་། སློབ་ཕྲུག་ཁྱེད་རང་ཚོ་ད་ལྟའི་དུས་རབས་ ༢༡ པ་འདིའི་མི་རབས་ཤ་སྟག་ཡིན་པས་དུས་རབས་འདི་སྔར་ལས་བདེ་སྐྱིད་དང་ལྡན་པ་ཞིག་ཡོང་བར་གོ་སྐབས་དང་འགན་འཁྲི་དམིགས་བསལ་བ་ཡོད་ཅེས་བཀའ་ནན་བསྩལ་ཡོད་པ་རེད།

རྩ་བའི་ Meerut གྲོང་ཁྱེར་གྱི་ DAV སློབ་གྲྭའི་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་དབུ་འབྱེད་གནང་པ་དེ་ནི་གཙོ་བོ་ཐེབས་རྩ་ཁང་དེ་ཐོག་མ་གསར་འཛུགས་གནང་མཁན་སྐུ་ཞབས་ Shri Kulbhushan Bakshi  ལགས་དམ་པ་དེ་ཉིད་ནས་༸གོང་ས་མཆོག་གི་དགོངས་པ་གཞིར་བཟུང་རྒྱ་གར་གྱི་སློབ་གྲྭ་གང་མང་ཞིག་ཏུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་དེ་ཕྱག་བསྟར་ཡོང་བར་ཐུགས་འགན་བཞེས་པར་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་། དེ་རིང་མཛད་སྒོའི་ཐོག་༸གོང་ས་མཆོག་ནས་མགོན་པོ་༸གང་ཉིད་མཆོག་གི་ཐུགས་ཉེ་བའི་མཛའ་གྲོགས་སྐུ་ཞབས་Bakshi ལགས་དམ་པ་དེ་ཉིད་ད་ཆ་སྐུ་འཚོ་བཞུགས་མེད་ནའང་། ཁོང་གི་རྒྱ་གར་གྱི་སློབ་གྲྭ་འདྲ་མིན་ནང་གི་སློབ་མ་ཚོར་ཆེད་དམིགས་ཀྱིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་གཏན་འབེབས་གནང་པའི་ཐོག་སློབ་འཁྲིད་བྱ་རྒྱུའི་འཆར་སྣང་དེ་ཁ་ཡོད་ལག་ཡོད་ཐོག་རྒྱུན་སྐྱོང་གནང་པར་ AyurGyan Nyas ཐེབས་རྩ་ཁང་གི་ལས་བྱེད་ཡོངས་ལ་བསྔགས་བརྗོད་མཛད་འདུག

ད་རེས་ AyurGyan Nyas ཐེབས་རྩ་ཁང་གིས་གོ་སྒྲིག་འོག་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་དབུ་འབྱེད་གནང་པ་དེ་ Meerut ནང་ཡོད་པའི་ DAV སློབ་གྲྭ་ཙམ་དུ་མ་ཟད་དེའི་ཉེ་འཁོར་གྱི་སློབ་གྲྭ་ཁག དེ་བཞིན་Ghaziabad དང་། Pilibhit  Jhansi སོགས་ཁྱོན་སློབ་གྲྭ་དགུའི་ནང་གི་འཛིན་རིམ་དྲུག་པ་ནས་བརྒྱད་པ་དབར་གྱི་སློབ་མ་ཚོར་དམིགས་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་དེ་ཐོག་མའི་འཆར་རྒྱ་གར་གྱི་སློབ་གྲྭ་ཁག་དགུའི་ནང་ཚོད་ལྟ་གནང་ཡོད་པ་ལྟར། ༸གོང་ས་མཆོག་གིས་སློབ་གྲྭ་དེ་དག་གི་འབྲེལ་ཡོད་འགན་འཛིན་རྣམས་ལ་བསླབ་གཞིའི་མ་དཔེ་གསོལ་བསྩལ་མཛད་འདུག

རྩ་བའི་མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ DAV སློབ་གྲྭའི་སློབ་སྤྱི་དང་AyurGyan Nyas ཐེབས་རྩའི་དོ་དམ་པ་རྣམ་གཉིས་གཙོས་རྒྱ་གར་ནང་གི་སློབ་གྲྭ་དང་མཐོ་སློབ་ཁག་ཅིག་གི་སློབ་སྤྱི། ཤེས་ལྡན་མི་སྣ། སློབ་དཔོན། མཁས་དབང་། ལྷག་དོན་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་ཝཱར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས་སོགས་ལྷན་འཛོམས་གནང་འདུག

མཛད་འཆར་ལྟར་ན། སང་ཉིན་༸གོང་ས་མཆོག་གྲོང་ཁྱེར་ Meerut ནས་རྒྱ་གར་བྱང་ཤར་ Manipur གྱི་རྒྱལ་ས་Imphal ནང་ཆིབས་བསྒྱུར་བཀྲིན་བསྐྱང་རྒྱུ་དང་། ཚེས་ ༡༨ ཉིན་གྲོང་ཁྱེར་དེའི་ནང་འཚོགས་གཏན་འཁེལ་བའི་རྒྱལ་སྤྱིའི་ཞི་བདེ་ལྷན་ཚོགས་ཀྱི་ཚོགས་མགོན་དུ་དབུ་བཞུགས་མཛ་རྒྱུ་དང་དེ་རྗེས་ཟླ་ ༡༡ ཚེས་ ༤ ཉིན་མགོན་པོ་མཆོག་ཧི་མཱ་ཅལ་མངའ་སྡེའི་རྡ་རམ་ས་ལའི་གཞུང་འབྲེལ་མཐོ་རིམ་སློབ་གྲྭ་ཆེན་མོ་ Bhaktivedanta Institute ལྟེ་གནས་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཚན་རིག་དང་ཆོས་འཛམ་གླིང་ཞི་བདེ་ཞེས་པའི་རྒྱལ་ཡོངས་ལྷན་ཚོགས་ཐོག་དབུ་བཞུགས་མཛད་རྒྱུ་སོགས་ཀྱི་མཛད་འཆར་ཁག་ཅིག་བསྐྱང་གཏན་འཁེལ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།