ཧྥ་རན་སིའི་ཟུར་འཛིན་ཟུར་པ་སྐུ་ཞབས་ Jacques Chirac མཆོག་ཁ་སང་ཚེས་ ༢༦ ཉིན་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་ལྟར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་དམ་པ་མཆོག་གི་སྐུ་ཟླ་ Bernadette Chirac ལགས་ཀྱི་མཚན་ཐོག་ལ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་ཏེ་སྐུ་ཞབས་ Chirac མཆོག་སྐུ་ཚེ་མ་ཟིན་པའི་གནས་ཚུལ་དེ་གསན་འཕྲལ་མགོན་པོ་༸གང་ཉིད་མཆོག་ཐུགས་ཕབ་ཆེན་པོ་བྱུང་ཞེས་བཀའ་བསྩལ་བ་དང་། མགོན་པོ་༸གང་ཉིད་མཆོག་གིས་དམ་པ་དེར་སྔོ་སྨོན་སྐྱབས་འཇུག་མཛད་བཞིན་ཡོད་པ་མ་ཟད་ཤུལ་ལུས་ནང་མི་སྐུ་འཁོར་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཡོད་པ་བཀའ་བསྩལ་འདུག
༸གོང་ས་མཆོག་གིས་ཐུགས་གསོའི་གསུང་འཕྲིན་ནང་མགོན་པོ་༸གང་ཉིད་མཆོག་གིས་སྐུ་ཞབས་ Chirac དམ་པ་མཆོག་ཧྥ་རན་སིའི་གྲོང་སྡེའི་སྤྱི་ཁྱབ་པར་བསྐོ་གཞག་གནང་བ་ནས་ཞལ་ཚོར་གྱི་ཡོད་པ་མ་ཟད། དམ་པ་ཁོང་ནི་བོད་མིའི་གྲོགས་པོ་བཟང་པོ་ཞིག་ལ་ངོས་འཛིན་མཛད་ཀྱི་ཡོད་པ་དང་། ཁོང་ཧྥ་རན་སིའི་སྲིད་འཛིན་ཡིན་སྐབས་སུ་འཇར་མན་དང་ལྷན་དུ་བློ་ཐག་ཉེ་བའི་འབྲེལ་ལམ་བཙུགས་ཏེ་ཡོ་རོབ་སྤྱི་མཐུན་གྱི་རྒྱལ་ཁབ་གོང་བུ་གཅིག་གྱུར་ལ་ཞབས་འདེགས་ཞུས་ཡོད་པ་བཀའ་བསྩལ་བ་དང་ཆབས་ཅིག ངོས་རང་ལ་རྨི་ལམ་ཞིག་ཡོད་པ་ནི་ཁོང་གི་ཕུགས་རྒྱང་རིང་བའི་ཆབ་སྲིད་ཀྱི་ལས་འཆར་དེ་ལྟ་བུ་ཡོད་ཚད་ཨ་ཕི་རི་ཀ་དང་ཨ་རི། དེ་བཞིན་ཨེ་ཤ་ཡ་སོགས་སུ་ཡང་དར་ཁྱབ་བྱུང་རྒྱུ་དེ་ཡིན་ཞེས་བཀའ་བསྩལ་བ་དང་། དམ་པ་མཆོག་གིས་ཡོ་རོབ་སྤྱི་མཐུན་གྱི་ཆེད་དུ་ལྷག་བསམ་རྣམ་དག་གིས་ཕྱག་ལས་གནང་ཡོད་པ་ནི་མི་མང་གིས་གུས་བརྩི་ཆེན་པོས་དྲན་ངེས་ཞིག་ཡིན་པ་བཀའ་བསྩལ་མཛད་འདུག
གཞི་རྩའི་ཧྥ་རན་སིའི་ཟུར་འཛིན་ཟུར་པ་སྐུ་ཞབས་ Jacques Chirac མཆོག་ནི་ཕྱི་ལོ་ ༡༨༣༢ ལོར་ཧྥ་རན་སིར་སྐུ་འཁྲུངས་བ་དང་། ཨ་རིའི་ Harvard གཙུལ་ལག་སློབ་ཆེན་ནས་ཚན་རིག་གི་སློབསྦྱོང་གནང་རྗེས། ཧྥ་རན་སིར་གྲོང་སྡེ་རིམ་པ་བརྒྱུད་མཐར་སྲིད་བློན་དང་སྲིད་འཛིན་སོགས་ཀྱི་ཐུགས་འགན་བཞེས་མྱོང་ཡོད་པ་རེད། ཕྱི་ལོ་ ༡༩༩༨ ཟླ་ ༡༢ པའི་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་སླད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཧྥ་རན་སིའི་རྒྱལ་ས་ Paris དུ་ཆིབས་བསྒྱུར་བསྐྱངས་སྐབས་རྒྱ་ནག་གཞུང་གི་ཉེན་བརྡར་ལྟོས་མེད་ཀྱིས་སྲིད་འཛིན་དམ་པ་མཆོག་གིས་སྐབས་དེར་སྲིད་འཛིན་གྱི་ཕོ་བྲང་དུ་མགོན་པོ་༸གང་ཉིད་མཆོག་དང་ལྷན་མཇལ་མོལ་དང་ལྗགས་སྨིན་ལྷན་བཞེས་གནང་ཡོད་པ་རེད།