Tibetan Royal Year of 2151 | Year of the Wood Dragon

༸སྐྱབས་རྗེ་ཁལ་ཁ་རྗེ་བཙུན་དམ་པའི་ཡང་སྲིད་ངོས་འཛིན་དང་རྒྱ་ནག་ལ་ཁོང་ཁྲོ།

Tibetan News Headlines

  • 14th General body meeting of TWA concludes with Tsering Dolma as the new President
  • Abbot of Tashi Lhunpo urges active support on Panchen Lama issue ahead of rinpoche’s35th birthday
  • Dalai Lama grants audience to members of Indian journalist fraternity
  • Long time president of SOS Children’s village Helmut Kutin passes away at 82
  • US Senate passes bill to force sale of TikTok, sending it to Biden
  • Launch of Shivdham Kailash Mansarovar Tibet freedom association marks global initiative for religious freedom

རེས་གཟའ་ལྷག་པ། ༢༠༢༤།༠༤།༢༤

  • བུད་མེད་ལྷན་ཚོགས་སྐབས་ ༡༤ པའི་དབུས་སྤྱི་ཁྱབ་རྒྱུན་ལས་གསར་བསྐོ་དང་འབྲེལ་ཚོགས་ཆེན་ཐེངས་ ༡༤ པ་མཇུག་སྒྲིལ།
  • ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་མི་མང་ནས་གོ་རྟོགས་ཀྱི་ལས་འགུལ་སྤེལ་གནང་ཡོང་བའི་སྐུལ་འདེབས།
  • འཛམ་གླིང་གི་ཡང་དག་པའི་བསམ་བློ་བ་ཕལ་མོ་ཆེས་སྐུའི་ཡང་སྲིད་ཀྱི་སྐུ་དབང་༸གོང་ས་མཆོག་༸གང་ཉིད་ལ་ཡོད་པ་ངོས་འཛིན་གནང་འདུག
  • རྒྱལ་སྤྱིའི་ SOS བུ་ཕྲུག་ཁྱིམ་སྡེའི་ཚོགས་གཙོ་ཟུར་པ་ Helmut Kutin མཆོག་འདས་གྲོངས་སུ་གྱུར་འདུག
  • རྒྱ་ནག་གི་ཊིག་ཊོག་མཉེན་ཆས་བཀག་སྡོམ་དང་འབྲེལ་བའི་ཁྲིམས་འཆར་ལ་གྲོས་ཚོགས་གོང་མའི་རྒྱབ་སྐྱོར་ཐོབ་འདུག
  • གངས་རིན་པོ་ཆེའི་གནས་མཆོག་དེ་ཉིད་རྒྱའི་དབང་སྒྱུར་ནས་བཅིངས་གྲོལ་ཐུབ་ཆེད་ཚོགས་པ་གསར་འཛུགས།

ཉེ་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དྷརྨ་སཱ་ལཱར་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་རིང་གི་གསུང་ཆོས་སྩལ་སྐབས། ཆེན་པོ་ཧོར་གྱི་བསྟན་པའི་མངའ་བདག་དང་ཇོ་ནང་ཆོས་བརྒྱུད་ཀྱི་བསྟན་བདག་༸སྐྱབས་རྗེ་ཁལ་ཁ་རྗེ་བཙུན་དམ་པ་མཆོག་གི་ཡང་སྲིད་མང་ཚོགས་ལ་ཆེས་ཐོག་མར་ངོ་སྤྲོད་མཛད་རྗེས་སོག་ཡུལ་ནང་གི་ནང་པའི་དད་ལྡན་པ་རྣམས་ནས་གནས་ཚུལ་དེར་དགའ་བསུ་ཤུགས་ཆེ་ཞུ་བཞིན་ཡོད་ཀྱང་། མང་ཚོགས་ཁག་གཅིག་གི་ཁྲོད་གནས་ཚུལ་དེས་སོག་ཡུལ་གྱི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་གཞུང་ལ་ཁོང་ཁྲོ་ཆེན་པོ་སླང་ངེས་ཡིན་པའི་སེམས་འཚབ་བྱེད་བཞིན་པར་གསུངས་འདུག

རྩ་བའི་ཆེན་པོ་ཧོར་གྱི་བསྟན་པའི་མངའ་བདག་༸སྐྱབས་རྗེ་ཁལ་ཁ་རྗེ་བཙུན་དམ་པ་ནི། ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༣ ནང་སོག་ཡུལ་གྱི་རྒྱལ་ས་ཨུ་ལཱན་བྷ་དུར་དགའ་ལྡན་ཐེག་ཆེན་གླིང་དགོན་པར་དགོངས་པ་གཞན་དོན་དུ་གཤེགས་ཡོད་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་འབྲེལ་བཞུགས་སྒར་དུ་འདས་མཆོད་སྨོན་ལམ་ཚོགས་ཆེན་སྟེང་རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་ཡང་སྲིད་སོག་ཡུལ་དུ་ཕེབས་རྒྱུ་ཡིན་པར་མ་ཟད་ཁོང་གི་ཡང་སྲིད་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་སློབ་གཉེར་གནང་དགོས་སྐོར་བཀའ་སློབ་ཕེབས་ཡོད་པ་རེད།

The Times གསར་ཤོག་གིས་ཁ་ཉིན་ཨུ་ལཱན་བྷ་དུར་ནས་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། ༸གོང་ས་མཆོག་གིས་ཉེ་ལམ་བཞུགས་སྒར་དུ་སྩལ་བའི་བཀའ་ཆོས་སྐབས་མང་ཚོགས་ལ་ངོ་སྤྲོད་མཛད་པའི་༸སྐྱབས་རྗེ་ཁལ་ཁ་རྗེ་བཙུན་དམ་པའི་ཡང་སྲིད་དེ་ཉིད་ནི་དགུང་གྲངས་ ༨ ལ་ཕེབས་ཡོད་པ་དང་། ཁོང་གི་ཡབ་ནི་སོག་ཡུལ་གཙུག་ལག་སློབ་གྲྭ་ཆེན་མོའི་ཨང་རྩིས་རིག་པའི་སློབ་དཔོན་ཆེན་མོ་དང་ཡུམ་ནི་ཡུལ་དེའི་ནང་གི་ཚོང་ལས་ཁང་ཆེ་གྲས་ཀྱི་སྤྱི་ཁྱབ་པ། དེ་བཞིན་རྨོ་རྨོ་ལགས་ནི་སོག་ཡུལ་གྱི་གྲོས་ཚོགས་འཐུས་མི་ཟུར་པ་ཡིན་པ་དང་། མཆོག་སྤྲུལ་རིན་པོ་ཆེ་ནི་ཨ་རིའི་མི་སེར་ཞིག་རེད་འདུག

སོག་ཡུལ་ནས་ཡིན་པའི་ Tsetsegmaa ལགས་ཀྱིས་ Times གསར་ཤོག་ཐོག་༸གོང་ས་མཆོག་གིས་བཀའ་ཆོས་སྐབས་སུ་མང་ཚོགས་ལ་༸སྐྱབས་རྗེ་ཁལ་རྗེ་བཙུན་དམ་པའི་ཡང་སྲིད་ཆེས་ཐོག་མར་ངོ་སྤྲོད་མཛད་རྗེས། ཁོང་གི་སེམས་ལ་དགའ་སྤྲོ་དཔག་མེད་བྱུང་ཡོད་སྐོར་གསུངས་པ་དང་འབྲེལ། ད་ཆ་ང་ཚོར་སོག་རིགས་ཡིན་པའི་རྒྱལ་སྤྱིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཐོབ་པ་ནི་ཧ་ཅང་དགའ་སྤོབས་ལྡན་པ་ཞིག་རེད་ཅེས་གསུངས་འདུག འོན་ཀྱང་ད་ལྟའི་ཆར་སོག་ཡུལ་གཞུང་ནས་རིན་པོ་ཆེ་མཆོག་གི་ཡང་སྲིད་ངོས་འཛིན་བྱུང་བའི་གནད་དོན་དང་འབྲེལ་བའི་སྐོར་ལ་འགྲེལ་བརྗོད་གང་ཡང་གནང་མེད་པ་དང་། དཔྱད་ཞིབ་པ་རྣམས་ཀྱིས་དེ་ནི་གཙོ་བོ་རྒྱ་ནག་ལ་ཞེད་སྣང་ཡོད་རྐྱེན་ཡིན་པར་གསུངས་ཡོད་པ་རེད་འདུག 

Diplomat གསར་ཤོག་ཐོག་དེ་འབྲེལ་གནས་ཚུལ་ཐོན་པའི་ནང་༸སྐྱབས་རྗེ་ཁལ་ཁ་རྗེ་བཙུན་དམ་པ་མཆོག་གིས་དེ་སྔོན་སྐུ་ཉིད་མཆོག་གི་ཡང་སྲིད་དེ་ཉིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ངོས་འཛིན་མཛད་གནང་ཡོང་བའི་ཐུགས་རེ་གནང་ཡོད་ཀྱང་། རྒྱ་ནག་གཞུང་གི་ངོས་ནས་ད་སྐབས་ནང་བསྟན་ཆོས་བརྒྱུད་ལ་སྟངས་འཛིན་ཆེས་ཆེར་བྱེད་བཞིན་པའི་ཁྲོད་རྒྱ་ནག་གི་རྒྱལ་མཚམས་ལས་འདས་ནས་སོག་ཡུལ་གཞུང་ལའང་རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་ཡང་སྲིད་ངོས་འཛིན་གྱི་གནད་དོན་ལ་ཤུགས་རྐྱེན་ཆེན་པོ་སྤྲད་ཡོད་སྐོར་བཀོད་འདུག

The Times གསར་ཤོག་ཐོག་བོད་མའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་དེ་སྔོན་མགོན་པོ་༸གང་ཉིད་མཆོག་གི་མ་འོངས་པའི་༸སྐུའི་ཡང་སྲིད་དེ་ཉིད་རྒྱ་ནག་གིས་དབང་བསྒྱུར་བྱས་པའི་ས་ཁུལ་དུ་༸སྐུ་འཁྲུངས་རྒྱུ་མིན་སྐོར་བཀའ་སྩལ་གསལ་པོ་མཛད་ཡོད་པ་ལྟར། གནད་དོན་དེར་གཞིགས་ན་མ་འོངས་པར་༸སྐུའི་ཡང་སྲིད་དེ་ཉིད་རྒྱ་གར་དང་བལ་ཡུལ། འབྲུག་ཡུལ། དེ་བཞིན་སོག་ཡུལ་སོགས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་དར་སྤེལ་ཡོད་པའི་རྒྱལ་ཁབ་དེ་དག་ཏུ་༸སྐུ་འཁྲུངས་སྲིད་སྟབས། དེས་ནང་བསྟན་ཆོས་བརྒྱུད་ལ་ཁ་ཕྱོགས་གསར་པ་ཞིག་སྒྱུར་ཐུབ་ཀྱང་། འབྲེལ་ཡོད་རྒྱལ་ཁབ་དེ་རྒྱ་ནག་གི་དམིགས་འབེན་འོག་ཚུད་རྒྱུ་ཡིན་སྐོར་བརྗོད་པ་དང་འབྲེལ། ད་རེས་༸སྐྱབས་རྗེ་ཁལ་ཁ་རྗེ་བཙུན་དམ་པའི་ཡང་སྲིད་ཀྱི་གནད་དོན་དེའང་མ་འོངས་པར་རྒྱ་ནག་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་༸སྐུའི་ཡང་སྲིད་དང་འབྲེལ་བའི་གྲ་སྒྲིག་ལྟ་བུ་ཞིག་བྱ་རྒྱུ་ཡིན་པར་བཀོད་འདུག

གཞི་རྩའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་དུ་ཕྱི་ལོ་ ༢༠༡༦ ལོར་ཆིབས་བསྒྱུར་མཐའ་མ་དེ་མཛད་ཡོད་པ་དང་། གནད་དོན་དེའི་རྐྱེན་གྱིས་སྐབས་དེར་རྒྱ་ནག་གཞུང་གིས་ཡུལ་གཉིས་དབར་གྱི་དབུ་ཁྲིད་རྣམ་པའི་མཇལ་མོལ་གྱི་ལས་རིམ་ཁག་ཕྱིར་འཐེན་བྱས་པར་མ་ཟད། ཡུལ་གཉིས་ཀྱི་མཐའ་མཚམས་སྒོ་བརྒྱབ་པ་དང་། བུ་ལོན་གྱི་ལས་གཞིག་ཁག་གཅིག་ཕྱིར་འགྱངས་སོགས་ཀྱི་ལན་འདེབས་བྱས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།