Tibetan Royal Year of 2151 | Year of the Wood Dragon

ཁྲིམས་ཞིབ་པའི་འོས་ཆོས་དང་མཛད་གཙོ་རྣམ་པའི་དམ་འབུལ་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་གནང་ཐུབ་མེད།  

Tibetan News Headlines

  • ༸གོང་ས་མཆོག་གིས་ཧིན་དྷུའི་བླ་ཆེན་དགོངས་པ་རྗོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
  • མགོན་པོ་སྐྱིད་ལགས་ཀྱིས་ཉེན་རྟོག་པས་ཁོང་ལ་སྡུག་སྦྱོང་བཏང་བའི་སྐོར་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག
  • དྭང་བླངས་དཔྱ་དངུལ་ལག་དེབ་ཆག་ཡང་དང་འབུལ་ཚེའི་དུས་བཀག་ཕར་འགྱང་གནང་སོང་།
  • ནང་སྲིད་ལས་ཁུངས་དང་སྦྲགས་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་ལས་རིམ་གྲུབ་སོང་།
  • ཁྲིམས་ཞིབ་པའི་འོས་ཆོས་ལྡན་པའི་མི་འགྲོ་འཚོལ་རྒྱུ་ཁག་པོ་མ་གཏོགས་གཞན་དཀའ་ངལ་མེད་པ་གསུངས་སོང་།
  • དབྱིན་ཡུལ་གྱི་གྲོང་སྡེ་གཉིས་ལ་ Hikvision བརྙན་མིག་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

Thursday 28/03/2024

  • Dalai Lama expresses ‘sadness’ and offers ‘condolences’ on the passing away of Swami Smaranananda Maharaj
  • Gonmo Kyi sues China’s police over ‘repressive censorship and vigilant supervision’
  • Parliament extends Chatrel exemption period by six months
  • House discusses budget allocation for DoH for the fiscal year 2024-25
  • MPs express concern over challenges in finding nominees for Justice Commissioners
  • Review into Harborough and Lutterworth CCTV cameras after concerns made by company with links to Chinese government Now

དེརིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་སླར་ཡང་གནང་ཐུབ་མེད་པར་མ་ཟད། ཁྲིམས་ཞིབ་པ་ཆེ་བ་མེད་ཚེ་མཛད་གཙོ་རྣམ་པས་༸གོང་ས་མཆོག་གི་༸སྐུ་པར་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་མདུན་ལས་ཁུར་དང་གསང་རྒྱའི་དམ་བཅའ་འམ། ཁས་ལེན་བྱེད་དགོས་པའི་བཅའ་ཁྲིམས་བསྐྱར་བཅོས་ཕེབས་པ་དེ་གཏན་འབེབས་ཐུབ་མེད།

ཁ་སང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་བདུན་པའི་ཐོག་འཛིན་སྐྱོང་བཀའ་ཤག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་གྲོས་ཚོགས་སུ་སྙན་སྒྲོན་དང་སྦྲགས། བརྗོད་པ་དང་པོའི་ལས་རིམ་ཁག་ཟིན་ཡོད་པ་དང་། དེ་རིང་ཚོགས་དུས་ཐོག་ཁྲིམས་འཆར་དེ་གཏན་འབེབས་དང་འབྲེལ་བའི་བརྗོད་པ་གཉིས་པའི་ཐོག་ཕེབས་སྐབས་སྤྱི་འཐུས་ཁག་གཅིག་གིས་གྲོས་ཚོགས་ཀྱི་ཡིག་ཆ་ཨང་ ༣༩ པ་དང་འབྲེལ་ཏེ་ད་ཡོད་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་ཁྲིམས་འགལ་ཆགས་ཡོད་པ་དང་། ལ་ལས་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་མཆོག་གིས་གྲོས་ཚོགས་ཀྱི་ཡིག་ཆ་ཨང་ ༣༩ པའི་གནས་སྟངས་ཐོག་བཞེངས་ཕྱོགས་གང་ཡིན་གསལ་བཟོ་གནང་དགོས་པ་སོགས་ཀྱི་དགོངས་ཚུལ་མི་ཉུང་བ་ཞིག་ཕུལ་ཡོད།

སྐབས་དེར་སྤྱི་འཐུས་རྣམ་པའི་དགོངས་ཚུལ་ཁྲོད་སྤྱི་འཐུས་ཁག་གཅིག་ནས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་དོན་ཚན་ཐོག་བགྲོ་གླེང་མི་དགོས་པ་དང་ལ་ལས་བགྲོ་གླེང་དགོས་པའི་ལས་རིམ་རྣམ་གཞག་ཕེབས་དོན་ལྟར་ཚོགས་གཙོ་མཆོག་གིས་བགྲོ་གླེང་དགོས་མིན་གྱི་ཐག་གཅོད་གནང་སྐབས་སྤྱི་འཐུས་ ༡༤ ནས་བགྲོ་གླེང་དགོས་པ་དང་། སྤྱི་འཐུས་ ༢༠ ནས་བགྲོ་གླེང་མི་དགོས་པ་བཅས་སུ་རྒྱབ་སྐྱོར་གནང་སྟེ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་དེ་གཉིས་བགྲོ་གླེང་ཞིབ་ཚགས་མེད་པར་གཏན་འབེབས་ཀྱི་ལས་རིམ་ཐོག་ཕེབས་སོང་བ་དང་། སྐབས་དེར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་དེར་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་ ༢༥ ལས་བྱུང་མེད་སྟབས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་དགོས་ངེས་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་མ་བྱུང་བས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་དེ་གཏན་འབེབས་གནང་ཐུབ་མེད་པ་རེད།     

ད་རེས་གྲོས་ཚོགས་སུ་སླར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་གནང་མ་ཐུབ་པའི་གནས་སྟངས་ཁྲོད་སྤྱི་འཐུས་ཁག་གཅིག་གིས་ཁྲིམས་བཟོའི་ལས་དོན་གཞན་གྱི་སྐབས་སུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཐོག་བགྲོ་གླེང་ནན་པོ་མ་གནང་བར་བློ་ཕམ་ཡོད་ཅེས་གསུངས་སོང་ལ། ཁྲིམས་འཆར་འདོན་མཁན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀྱང་གྲོས་ཚོགས་སུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་དེ་བྲེལ་འཚུབ་དང་ཟ་ངེ་ཟེང་ངེ་། དེ་བཞིན་དགོངས་པ་གཏིང་ཟབ་བཞེས་ཐུབ་དང་མ་ཐུབ་ཀྱི་གནས་སྟངས་འོག་ནས་ཐག་གཅོད་གནང་བར་བློ་འགྱོད་ཡོད་ཅེས་གསུངས་པ་དང་ཆབས་ཅིག གྲོས་ཚོགས་སུ་འདས་ཟིན་གནད་དོན་ལ་ཁག་དཀྲིས་ནས་གླེང་སློང་གནང་སྟངས་དེས་མདུན་སྐྱོད་གནང་ཡུལ་མེད་པ་ལྟ་བུའི་ཐུགས་ཚོར་བྱུང་སྐོར་གསུངས་ཡོད།   

དེ་བཞིན་ཁ་སང་སྤྱི་འཐུས་རྒྱུན་ལས་ནས་གྲོས་ཚོགས་སུ་བསྣམས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པའི་དམ་འབུལ་དང་འབྲེལ་བའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱོར་བཅོས་ཀྱི་ལས་རིམ་ཐོག་ཕེབས་ཡོད་པ་དང་། སྐབས་དེར་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་བསྐྱར་བཅོས་ཚིག་བརྗོད་ནང་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མེད་པའི་ཚེ། གོང་ཞུས་སྲིད་སྐྱོང་དང་བཀའ་བློན། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་དང་མ་ཎི་བཀའ་འབུམ་མདུན་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་ཁུར་དམ་བཅའམ། ཁས་ལེན་བྱེད་དགོས་ཞེས་གསལ་བར་བཟོ་བཅོས་ཁྲིམས་འཆར་ཞིག་ཆེད་འདོན་གནང་སྟེ། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མེད་པའི་ཚེ། སྲིད་སྐྱོང་དང་བཀའ་བློན། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་མདུན་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་ཁུར་དང་གསང་རྒྱའི་དམ་བཅའམ། ཁས་ལེན་བྱེད་དགོས་ཞེས་འཁོད་པ་ཞིག་བསྣམས་ཕེབས་པ་དེ་གྲོས་ཚོགས་སུ་ཚུད་ཡོད།

སྐབས་དེར་སྤྱི་འཐུས་ ༢༧ ཙམ་ནས་བསྐྱར་བཅོས་དང་བཟོ་བཅོས་ཀྱི་ཁྲིམས་འཆར་ལ་བགྲོ་གླེང་གི་ཆ་ཤས་བླངས་ཏེ་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀྱི་གནས་སྟངས་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གནས་བབ་ཇི་ཆགས་སོགས་དང་འབྲེལ་བའི་དྲི་བ་དང་། ལ་ལས་ཁྲིམས་འཆར་དེ་གཏན་འབེབས་ཐུབ་རྒྱུར་རྒྱབ་སྐྱོར་ཡོད་པ་སོགས་ཀྱི་གདོངས་ཚུལ་གསུངས་ཏེ་མཐར་གཏན་འབེབས་ཀྱི་ལས་རིམ་ཐོག་ཕེབས་སྐབས་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་རྒྱབ་སྐྱོར་མ་བྱུང་བས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པའི་དམ་འབུལ་དང་འབྲེལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་གནང་ཐུབ་མེད། 

མཛད་གཙོ་རྣམ་པའི་དམ་འབུལ་དང་འབྲེལ་བའི་སྤྱི་འཐུས་རྒྱུན་ལས་ཀྱི་ཁྲིམས་འཆར་དེ་ཁ་སང་གྲོས་ཚོགས་སུ་ཕེབས་སྐབས་སྲིད་སྐྱོང་མཆོག་གིས་རྒྱབ་སྐྱོར་ཡོད་ཅེས་གསུངས་ཡོད་པ་དང་། དེ་རིང་བགྲོ་གླེང་གི་མཐའ་མར་སྲིད་སྐྱོང་མཆོག་གིས་སྤྱི་འཐུས་རྣམ་པའི་བགྲོ་གླེང་ཁྲོད་དམ་འབུལ་དང་འབྲེལ་བའི་ཁྲིམས་འཆར་དེ་གཏན་འབེབས་ཐུབ་ན་མ་འོངས་པར་ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པ་བསྐོ་གཞག་མི་དགོས་པའི་རྣམ་པ་ཡོད་པར་དོགས་གཞི་ཆེན་པོ་ཞིག་བྱུང་སོང་ཞེས་སོགས་འགྲེལ་བརྗོད་དང་སྦྲགས། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཁྲིམས་འཆར་དེར་རྒྱབ་སྐྱོར་ཞུ་རྒྱུ་ཁག་པོ་ཆགས་སོང་ཞེས་གསུངས་ཡོད། 

གཞི་རྩའི་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༢ པའི་ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༣ པའི་ནང་གསལ་བའི་འོས་ཆོས་ཡོངས་སུ་ཚང་བའི་ཁྲིམས་ཞིབ་པ་ཆེ་བའི་འོས་མི་མ་རག་པའི་གནས་སྟངས་སྙན་སེང་བྱུང་བ་ནས་བཟུང་། དེ་རིང་བར་གྲོས་ཚོགས་ཀྱི་ཚོགས་དུས་རིམ་པ་གསུམ་གྱི་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཕེབས་ཡོད་ཀྱང་གཏན་འབེབས་གནང་ཐུབ་མེད།

འབྲེལ་ཡོད་གསར་གནས།

གསར་གནས།