Tibetan Royal Year of 2151 | Year of the Wood Dragon

ཆབ་སྲིད་བཙོན་པ་ཚེ་མགོན་རྒྱལ་གྱི་འཕྲོད་བསྟེན་གྱི་གནས་བབ་ཛ་དྲག་ཏུ་གྱུར་འདུག

Tibetan News Headlines

  • སེམས་བཟང་པོ་བྱ་རྒྱུ་ནི་ངོས་ལ་སྒྲུབ་པའི་ཆོས་ཡག་ཤོས་དེ་ཆགས་ཀྱི་ཡོད་ཅེས་བཀའ་སྩལ་བ།
  • རྒྱ་ནག་གིས་ཨ་རུ་ནཱ་ཅལ་གྱི་ས་ཁུལ་ཁག་ལ་མིང་གསར་པ་བཏགས་པའི་ལས་གཞིར་དཔྱད་ཞིབ།

Saturday 20/04/2024

  • Dalai Lama Calls for greater Compassion, Deems Kindness the Best Religious Practice
  • Thread of beads: Analysis of China’s renaming of places in Arunachal

བོད་མཚོ་བྱང་་རྐང་ཚ་ཁུལ་གྱི་ཆབ་སྲིད་བཙོན་པ་ཚེ་མགོན་རྒྱལ་ལགས་སྔར་ལོའི་ལོ་མཇུག་སྟེ། ཕྱི་ཟླ་ ༡༢ ནང་དུ་མི་ལོ་གསུམ་གྱི་བཙོན་འཇུག་གི་དུས་ཡུན་ཚང་ནས་གློད་གྲོལ་བཏང་ཡོད་ནའང་། ད་ཆ་ཁོང་གི་གཟིགས་གཞིའི་འཕྲོད་བསྟེན་གྱི་གནས་བབ་ཛ་དྲག་ཆགས་ཡོད་འདུག

ཁ་སང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བོད་ཀྱི་ཆབ་སྲིད་བཙོན་པ་ཚེ་མགོན་རྒྱལ་ལགས་རྒྱ་ནག་གིས་རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་གྱི་འོག་ནས་བཙོན་འཇུག་བྱས་ཏེ་ གཅར་རྡུང་དྲག་པོ་བྱས་སྟབས་ཁོང་གི་གཟིགས་གཞིའི་གནས་བབ་ཛ་དྲག་ཆགས་ཏེ་འདི་ལོའི་ཟླ་བ་ ༡ པོའི་ནང་ཛ་དྲག་གི་གཤག་བཅོས་བྱས་ཡོད་པ་དང་། ལྟེ་གནས་ཁང་གིས་ཆབ་སྲིད་བཙོན་པ་ཁོང་གི་འཕྲོད་བསྟེན་གྱི་ད་ལྟའི་གནས་བབ་ལ་བློ་འཚབ་ཆེན་པོ་ཡོད་ལུགས་གསུངས་འདུག
གོང་གི་གནས་ཚུལ་དེ་དང་འབྲེལ་ནས། འདི་གའི་གསར་འགོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། ཚེ་མགོན་རྒྱལ་ལགས་བཙོན་འཇུག་གི་དུས་ཡུན་ཚང་ནས་གློད་གྲོལ་ཐོབ་ཡོད་ནའང་། བོད་ཀྱི་ཆབ་སྲིད་བཙོན་པ་སྤྱིའི་ལས་དབང་ལྟར། ཁོང་ཡང་བཙོན་འཇུག་གི་སྐབས་སུ་རྒྱ་ནག་གིས་གཅར་རྡུང་མང་པོ་བྱས་ཡོད་སྟབས། དབང་བོ་ལྔ་ཡི་བྱེད་ལས་ཉམས་པ་སོགས་ཀྱི་གནས་སྟངས་ཁྲོད། ད་ཆ་ཁོང་གི་འཕྲོད་བསྟེན་གྱི་གནས་བབ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་མ་ཟད། གཤག་བཅོས་རིམ་པ་བཏང་བའི་ཁྲོད་ནས་སྨན་རིན་ཆེན་པོ་སྤྲོད་དགོས་བའི་རྐྱེན་གྱིས། ཁོང་རང་ཉིད་ཙམ་དུ་མ་ཟད། ཁོང་གི་ནང་མི་ཡོངས་ལ་ཡང་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་ལུགས་ངོ་སྤྲོད་གནང་སོང་།
དེ་བཞིན་པདྨ་རྒྱལ་ལགས་ཀྱིས། རྒྱ་ནག་གིས་བོད་ནང་གི་ཆབ་སྲིད་བཙོན་པ་ཡོངས་ལ་ནག་ཉེས་མེད་བཞིན་དུ། སྤྱི་ཚོགས་བརྟན་བརླིང་དང་རྒྱལ་ཁབ་ཁ་བྲལ་སོགས་ཀྱི་མིང་ཐོག་ནས་ནག་ཉེས་འཛུགས་བཞིན་ཡོད་སྟབས། མི་མང་པོ་ཞིག་ལ་བཙན་ཤེད་ཀྱིས་ནག་ཉེས་འགེལ་ཐབས་སུ་ཐབས་ཤེས་ཡོད་རྒུ་བཏང་ནས་མནར་གཅོད་འདྲ་མིན་གཏོང་གི་ཡོད་སྟབས། ཚེ་མགོན་རྒྱལ་གྱི་གནས་སྟངས་ལྟར། བོད་ཀྱི་ཆབ་སྲིད་བཙོན་པ་མང་པོ་ཞིག་གློད་གྲོལ་ཐོབ་དུས། ཤི་མ་གསོན་གྱི་གནས་བབ་ཏུ་གྱུར་ཡོད་པ་ནི་གཙོ་བོ་ནག་ཉེས་བཙན་འགེལ་བྱས་པའི་བརྒྱུད་རིམ་ཁྲོད་ཡོང་གི་ཡོད་པར་གསུངས་སོང་།
ལྟེ་གནས་ཁང་གིས་གསར་གནས་སུ་གནས་ཚུལ་བཀོད་པའི་ནང་དུ། རྒྱ་གཞུང་གིས་ཚེ་མགོན་རྒྱལ་ཁྲིམས་འགལ་བཙོན་འཇུག་བྱས་པ་དེས། རྒྱ་གཞུང་རང་གི་རྩ་ཁྲིམས་མ་ཟད། འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས་ཡིག་ཁག་རྩིས་མེད་བརྡལ་བཤིག་བཏང་བར་ངོས་འཛིན་བྱེད་ཀྱི་ཡོད་ལ། སྤྱི་ཆིངས་དེ་དག་གི་ནང་དུ་སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་། བསམ་བརྗོད་རང་དབང་གི་ཐོབ་ཐང་ཁག་ཚུད་ཡོད། གསར་འགོད་རང་དབང་ནི་གཞི་རྩའི་ཐོབ་ཐང་ཡིན་ལ། དེའི་ནང་དུ་གཞི་རྩིའི་རང་དབང་གི་ཐོབ་ཐང་གཞན་དག་ལོངས་སུ་སྤྱོད་དབང་གི་ཁོར་ཡུག་བསྐྲུན་ཡོད། དེར་མ་ཟད། བསམ་བརྗོད་རང་དབང་ནི་ཅིས་ཀྱང་མེད དུ་མི་རུང་བའི་ཐོབ་ཐང་ཡིན་པས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོས་ཟེར་བ་དང་ཁ་བྲལ་ལ་ངན་སྐུལ་བྱས་ཟེར་བ་སོགས་གནས་སྟངས་ཅི་འདྲ་ཞིག་གི་འོག་ཏུ་ཡིན་ནའང་། ཐོབ་ཐང་དེ་ཉིད་རྩིས་མེད་འགོག་སྡོམ་བྱས་མི་ཆོག་ཅེས་འཁོད་ཡོད་པ་ལྟར། པདྨ་རྒྱལ་ལགས་ཀྱིས་ཀྱང་། རྒྱ་ནག་གི་ད་ལྟའི་བྱེད་བབ་དེ་ནི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་དང་ཡོངས་སུ་འགལ་ཡོད་པ་ཞིག་ཡིན་པར་གསུངས་སོང་།
གཞི་རྩའི་བོད་ཀྱི་ཆབ་སྲིད་བཙོན་པ་ཚེ་མགོན་རྒྱལ་ལགས་ནི་ཕྱི་ལོ་༢༠༡༦ལོའི་ཟླ་བ་༡༢ བའི་ཚེས་ ༢༤ ཉིན།རྒྱ་ནག་གིས་ཁོང་འཛིན་བཟུང་བྱེད་དོན་ནི་ཁོང་གིས་སྐད་འཕྲིན་དུ་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཞེས་ཁ་རུ་སྒྲོག་བཞིན་ཡོད་ནའང། དོན་དངོས་སུ་རྒྱ་ནག་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་གྱི་གནས་བབ་ཡར་རྒྱས་གང་ཡང་བཏང་མེད་པའི་དངོས་ཡོད་ཀྱི་གནས་སྟངས་ལ་སྐྱོན་བརྗོད་ཀྱི་དཔྱད་རྩོམ་སྤེལ་བར་བརྟེན་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ་ལོ་གསུམ་གྱི་ཁྲིམས་ཐག་བཅད་ཡོད་པ་ཞིག་ཆགས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།