Tibetan Royal Year of 2151 | Year of the Wood Dragon

དེང་རབས་ཀྱི་ཤེས་ཡོན་ལམ་ལུགས་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་དགོས་གལ་སྐོར་བཀའ་བསྩལ་བ།

Tibetan News Headlines

  • སེམས་བཟང་པོ་བྱ་རྒྱུ་ནི་ངོས་ལ་སྒྲུབ་པའི་ཆོས་ཡག་ཤོས་དེ་ཆགས་ཀྱི་ཡོད་ཅེས་བཀའ་སྩལ་བ།
  • རྒྱ་ནག་གིས་ཨ་རུ་ནཱ་ཅལ་གྱི་ས་ཁུལ་ཁག་ལ་མིང་གསར་པ་བཏགས་པའི་ལས་གཞིར་དཔྱད་ཞིབ།

Saturday 20/04/2024

  • Dalai Lama Calls for greater Compassion, Deems Kindness the Best Religious Practice
  • Thread of beads: Analysis of China’s renaming of places in Arunachal

དེ་རིང་སྔ་དྲོ་ཕྱག་ཚོད་བཅུ་བའི་ཐོག  བོད་མིའི་བླ་ན་མེད་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་དྲ་ལམ་བརྒྱུད་ནས།  ཨ་རི་དང་ཨོ་གླིང་། དབྱིན་ཡུལ་དང་ཉི་ཧོང་སོགས་ཀྱི་མཚོན་པའི་རྒྱལ་ཁབ་མང་དག་ཅིག་གི་སློབ་དཔོན་ཆེན་མོ་དང་དགེ་རྒན་མང་པོ་ཞིག་ལ་དེང་རབས་ཀྱི་ཤེས་ཡོན་ལམ་ལུགས་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་དགོས་གལ་སྐོར་ལ་བཀའ་སློབ་བསྩལ་སོང་།

དེ་རིང་གི་བཀའ་སློབ་ལས་རིམ་དེ་འགོ་མ་བཙུགས་པའི་སྔོན་དུ། བཀའ་སློབ་གསོལ་འདེབས་ཞུ་མཁན། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Mind Mingle ཞེས་པའི་བྱིས་པར་ཉམས་མྱོང་ལྡན་པའི་ཤེས་ཡོན་སྤྲོད་ཕྱོགས་ཀྱི་ཐད་ནས་ཕྱག་ལས་གནང་བཞིན་པའི་ཚོགས་པ་གསར་འཛུགས་བྱེད་མཁན་གྱི་སྐུ་ཞབས་ནཱ་ཝན་ཤཱར་མ་ལགས་ཀྱིས་མགོན་པོ་གང་ལ་བཀའ་སློབ་ལས་རིམ་ལ་འཛུལ་ཞུགས་བྱེད་མཁན་དག་གི་ཚབ་བྱས་ནས་འཚམས་འདྲི་གནང་བ་དང་སྦྲགས། ཚོགས་པ་དེའི་ངོས་ནས་འདས་བའི་མི་ལོ་བཞི་ལྷག་གི་རིང་ལ་མགོན་པོ་གང་དང་ལྷན་དུ་བགྲོ་གླེང་ཞིག་གོ་སྒྲིག་གནང་རྒྱུར་ངང་སྒུག་བྱས་ཡོད་པ་ལུང་འདྲེན་གྱིས། དེ་རིང་ནི་ཚོགས་པའི་དམིགས་ཡུལ་དེ་དངོས་སུ་མངོན་འགྱུར་བྱུང་བའི་སྐལ་བཟང་གི་ཉིན་མོ་ཞིག་ཡིན་པར་ངོ་སྤྲོད་གནང་སོང་།

བགྲོ་གླེང་གི་ལས་རིམ་གྱི་ཐོག   ༸གོང་ས་སྐྱབས་མགོན་རིན་པོ་མཆོག་གིས་མགོན་པོ་གང་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ནས་རེ་རེ་བཞིན་ངོ་སྤྲོད་ཀྱིས་བཀའ་སློབ་བཀའ་དྲིན་བསྩལ་བ་དང་སྦྲགས་ནས།  འཛམ་གླིང་གི་སྐྱེ་འགྲོ་ཡོངས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་རོལ་རྒྱུར་འབད་བརྩོན་གནང་གི་ཡོད་ནའང་། ཤེས་ཡོན་ནི་འགྲོ་བ་མིའི་ཀླད་པ་དང་འབྲེལ་བ་ཡོད་པ་ཡིན་པར་བརྟེན། ཤེས་ཡོན་ཁོ་ནས་བདེ་སྐྱིད་ཀྱི་མི་ཚེ་ཞིག་སྐྲུན་པར་ཁག་ཐེག་བྱེད་མི་ཐུབ་པར་བཀའ་བསྩལ་བ་དང་འབྲེལ། དེང་རབས་ཀྱི་ཤེས་ཡོན་ལམ་ལུགས་ནི་དངོས་གཙོ་རང་ལུགས་ལ་གཞི་བཞག་པ་ཞིག་ཡིན་པ་དང་།   བདེ་སྐྱིད་ཀྱི་མི་ཚེ་སྐྲུན་དགོས་ན་ལོ་ངོ་སྟོང་ཕྲག་གི་རིང་ལ་བརྒྱུད་ཡོང་བའི་རྒྱ་གར་གྱི་གནའ་བོའི་འཚེ་མེད་ཞི་བ་དང་སྙིང་རྗེ་ཡི་ལྟ་གྲུབ་དེ་དེང་རབས་ཀྱི་ཤེས་ཡོན་ལམ་ལུགས་ཀྱི་ནང་དུ་འཇུག་རྒྱུ་གལ་ཆེན་པོ་ཡིན་པ་དང་། རྒྱ་གར་གྱིས་འགན་རྐང་བཞེས་ཀྱི་ཐོག་འཚེ་མེད་ཞི་བ་དང་སྙིང་རྗེ་ཡི་ལྟ་གྲུབ་དེ་བསྐྱར་གསོ་གནང་གལ་ཡིན་པར་བཀའ་བསྩལ་སོང་།

གཞན་ཡང་མགོན་པོ་༸གང་གིས། འཛམ་གླིང་ནང་གི་ཆོས་ལུགས་ཡོད་ཚད་ཀྱི་གཞི་རྩའི་ལྟ་གྲུབ་ནི་བྱམས་བརྩེ་དང་བཟོད་བསྲན། དེ་བཞིན་འདོད་ཆུང་ཆོག་ཤེས་སོགས་ལ་གཞི་བཞག་པ་ཞིག་ཡིན་ནའང་། ཡུལ་དུས་གནས་བབ་ཀྱི་རྐྱེན་གྱིས། གཞི་རྩའི་ལྟ་གྲུབ་དེ་ཁྱབ་སྤེལ་བྱེད་སྟངས་ཀྱི་ཐད་ནས་ཅུང་མ་འདྲ་བ་ཡོད་པར་བཀའ་བསྩལ་བ་དང་སྦྲགས་ནས། དཔལ་ན་ལེནྜ་ཆོས་ལུགས་འདིར་མཚོན་ནའང་། གཞི་རྩའི་ལྟ་གྲུབ་གཅིག་ཡིན་པ་གང་ཞིག་ལ་གྲུབ་མཐའ་མ་འདྲ་བ་ཡོད་པ་ལུང་འདྲེན་གྱིས། དེ་དག་ཡོད་ཚད་ནི་ཆོས་ལུགས་ཀྱི་ལྟ་གྲུབ་ཐད་ཀྱི་བྱམས་བརྩེ་དང་བཟོད་བསྲན་སོགས་ཁྱབ་སྤེལ་བྱེད་སྟངས་ཀྱི་ཐབས་ལམ་ཞིག་ཡིན་པར་མངོན་གསལ་གྱིས།  འཛམ་གླིང་གི་ནང་དུ་ཆོས་ལུགས་ཡོད་ཚད་མཐུན་སྒྲིལ་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང་། རྒྱ་གར་ནི་ཆོས་ལུགས་ཀྱི་ལྟ་གྲུབ་སྣ་ཚོགས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་ཡོད་པའི་མིག་དཔེ་ལྟ་བུ་ཞིག་ཡིན་པར་བཀའ་བསྩལ་སོང་།

དེ་བཞིན་མགོན་པོ་༸གང་གིས་བོད་ཀྱི་ཆོས་རིག་འཛིན་སྐྱོང་བྱེད་རྒྱུ་གལ་ཆེན་ཡིན་པའི་ཐད་ནས་བཀའ་སློབ་བསྩལ་ཏེ། བོད་ཀྱི་ཆོས་རིག་ནི་ཐོག་མར་རྒྱ་གར་ནས་གདན་འདྲེན་གནང་བ་ཞིག་ཡིན་སྐོར་དང་སྦྲགས་ནས། བོད་བརྒྱུད་ནང་བསྟན་ནི་མཚན་ཉིད་རིག་པ་ལ་གཞི་བཞག་པ་ཡིན་སྐོར་དགོངས་འགྲེལ་གྱིས། དེང་སྐབས་ནུབ་ཕྱོགས་ཀྱི་ཚན་རིག་པ་རྣམས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་རྟེན་འབྱུང་གི་ལྟ་གྲུབ་སྐོར་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ལུགས་ངོ་སྤྲོད་གནང་སྟེ། དེ་ལྟ་བུའི་བོད་ཀྱི་ཆོས་རིག་དེ་སྲུང་སྐྱོབ་བྱེད་རིན་ཡོད་པ་ཞིག་ཡིན་པར་བརྟེན།  མཐར་གཏུགས་ན་བོད་བརྒྱུད་ནང་བསྟན་གྱི་སེམས་ཁམས་རིག་པ་དང་མཚན་ཉིད་རིག་པ་སོགས་འགྲེལ་བརྗོད་བྱེད་པར་བོད་ཀྱི་སྐད་ཡིག་ནི་ཚད་མཐོ་ཤོས་ཀྱི་སྐད་ཡིག་ཅིག་ཡིན་པའི་བཀའ་སློབ་བཀའ་དྲིན་བསྩལ་སོང་།

དེ་བཞིན་སྐབས་དེར་དྲི་བ་དྲིས་ལན་གྱི་ལས་རིམ་སྐབས་སུ། Indonesia ནས་ཡིན་པའི་བུད་མེད་ཅིག་གིས། ཆོས་ལུགས་མཁྲེགས་འཛིན་གྱི་ལྟ་བ་ཁྱབ་སྤེལ་བྱེད་མཁན་གྱི་སློབ་གྲྭ་དང་ཚོགས་སྡེ་སོགས་སུ་སྤྱོད་བཟང་གོང་སྤེལ་གཏོང་ཐབས་ཀྱི་ཐབས་ལམ་ཡག་ཤོས་དེ་ག་རེ་རེད་ཅེས་བཀའ་འདྲི་དགོངས་སྐོར་ཞུས་པར་་མགོན་པོ་༸གང་གིས།  འཛམ་གླིང་གི་སྐྱེ་འགྲོ་ཐེར་འབུམ་བདུན་ལྷག་ལས་ཐེར་འབུམ་དྲུག་ཙམ་ཆོས་དད་ཡོད་མཁན་ཡིན་པ་དང་། གཞི་རྩའི་ཆོས་ལུགས་དད་མོས་ནི་མི་སྒེར་གྱི་གནད་དོན་ཞིག་ཡིན་པར་བཀའ་བསྩལ་བ་དང་སྦྲགས་ནས།  སློབ་གྲྭ་ཁག་ཏུ་ཆོས་ལུགས་ཀྱི་ཕྱོགས་ལྷུང་གི་ལྟ་བའི་འཐེན་འཁྱེར་ཡོང་གི་ཡོད་ན་དངོས་སུ་འཛིན་སྐྱོང་ལ་གོ་བསྡུར་བྱེད་རྒྱུ་གལ་ཆེན་པོ་ཡིན་པར་ངོ་སྤྲོད་དང་སྦྲགས། གཞི་རྩའི་ཆོས་ལུགས་ཀྱི་དང་མ་འབྲེལ་བའི་ཐོག་ནས་འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་གཏོང་རྒྱུ་གལ་ཆེན་པོ་ཡིན་པའི་ལམ་སྟོན་གནང་སོང་།

རྩ་བའི་དེ་རིང་གི་ཕྱག་ཚོད་གཅིག་ལྷག་གི་བཀའ་སློབ་ཀྱི་ལས་རིམ་དེ་དེང་རབས་ཀྱི་ཤེས་ཡོན་ལམ་ལུགས་ནང་ཆོས་ལུགས་ལ་མ་བརྟེན་པའི་སྤྱོད་བཟང་གི་དགོས་གལ་སྐོར་བཀའ་བསྩལ་བ་ལྟར། ཨ་རི་དང་ཨོ་གླིང་། དབྱིན་ཡུལ་དང་ཉི་ཧོང་སོགས་ཀྱི་མཚོན་པའི་རྒྱལ་ཁབ་མང་དག་ཅིག་གི་སློབ་དཔོན་ཆེན་མོ་དང་དགེ་རྒན་མང་པོ་ཞིག་འཛུལ་ཞུགས་བྱས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།