Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ་བོད་མིའི་སོ་མཉམ་གྱི་ཚོགས་ཆེན་ཐེངས་བརྒྱད་པ་མཇུག་སྒྲིལ།

Tibetan News Headlines

  • འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་བུ་ཕྲུག་ཐོག་མཉམ་བསྡུས་ཀྱི་ཉེས་ཆད་འགེལ་བཞིན་པ་མངོན་གསལ།
  • སྨར་ཁམས་རྫོང་ནང་རྒྱ་མི་དང་བོད་མི་དབར་འཁྲུག་རྩོད་ཤོར་ནས་བོད་མི་བཞི་འཛིན་བཟུང་བྱས་འདུག
  • འཇར་མ་ནིའི་སྲིད་བློན་མཆོག་གིས་རྒྱ་གཞུང་ལ་དྲང་བདེན་གྱི་ཚོང་ལས་གཉེར་དགོས་ཞེས་ཉེན་བརྡ་བཏང་འདུག
  • བལ་ཡུལ་ལྷ་མོ་ཚོགས་པ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་འཁྲབ་སྟོན་པ།

Tuesday 16/04/2024

  • China using ‘collective punishment’ against activists’ families: Rights group
  • 4 arrested over protest against seizure of pastureland in Tibet
  • Germany’s Scholz calls for fair competition, warns against dumping during China visit
  • Nepal Tibetan Lhamo Association and its Himalayan artists: Feature

ཕྱི་ཚེས་ ༡༢ དང་ ༡༣ བཅས་ཉིན་གཉིས་རིང་ཚོགས་པའི་རྒྱ་བལ་འབྲུག་གསུམ་ཁུལ་གྱི་བོད་མིའི་སོ་ནམ་གཞིས་ཆགས་ ༡༨ དང་རྒྱ་གར་ནང་གི་བོད་མིའི་མཉམ་འབྲེལ་ཁག་ ༡༥ ཚོགས་ཆེན་ཐེངས་ ༨ ཐོག་གྲོས་གཞི་བཞིར་གོ་བསྡུར་གྱིས་གྲོས་ཆོད་ ༣༠ ཙམ་གཏན་འབེབས་གནང་ཡོད་པ་དང་། སོ་མཉམ་གྱི་ཟུང་དྲུང་དོན་གྲུབ་ཚེ་རིང་ལགས་ཀྱིས་གྲོས་གཞི་བཞིའི་ཁོངས་སོ་ནམ་དང་མཉམ་འབྲེལ་གྱི་ལས་དོན་ཚགས་ཚུད་དང་ཡར་རྒྱས་གཏང་རྒྱུ་བཅས་གྲོས་གཞི་གཉིས་གནད་འགག་ཆགས་ཀྱི་ཡོད་སྐོར་སོ་མཉམ་ཟུང་དྲུང་དོན་གྲུབ་ཚེ་རིང་ལགས་ཀྱིས་བཅར་འདྲི་དང་ལེན་སྐབས་གསུངས་ཡོད། ད་རེས་ཚོགས་པའི་སོ་མཉམ་གྱི་ཚོགས་ཆེན་དེ་ལོ་ངོ་ ༡༤ རྗེས་སུ་ཚོགས་ཐུབ་ཡོད་པས་ཚོགས་འདུའི་ཐོག་སོ་ནམ་དང་འབྲེལ་གྲོས་བསྡུར་ཇི་བྱུང་བཅར་འདྲི་ཞུས་པར་ཁོང་གིས་སྐྱེལ་ལྡན་སྲོལ་རྒྱུན་སོ་ནམ་གྱི་སྲིད་བྱུས་དེ་ཕྱི་ལོ་ ༢༠༠༢ འགོ་སྟོད་ནས་གཏན་འབེབས་གནང་ཡོད་ཀྱང་། ད་ལྟའི་ཞིང་པའི་གནས་བབ་སོགས་ལ་གཟིགས་དུས་མང་དག་ཅིག་སྲིད་བྱུས་དེར་ཤར་བསྐྱོད་གནང་རྒྱུར་སྐུ་ངལ་འཕྲད་བཞིན་པ་དང་དེའི་ཁྲོད་གཙོ་བོ་ཡོང་འབབ་དང་འགྲོ་སོང་ཐད་སྐུ་ངལ་འཕྲད་ཀྱི་ཡོད་སྟབས། ཐེངས་འདིའི་གྲོས་གཞི་ནང་དེ་འབྲེལ་གནད་དོན་སོགས་སྐོར་གོ་བསྡུར་བྱུང་ཡོད་པར་འགྲེལ་བརྗོད་གནང་སོང་།  མཇུག་སྡོམ་ཚོགས་ཆེན་ཐོག་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་ཕེབས་ཡོད་པ་དང་སྐབས་དེར་སྲིད་སྐྱོང་མཆོག་གིས་སྤྱི་བའི་ལས་དོན་ལ་ཐུག་སྐབས་ཚང་མས་ནུས་པ་མཉམ་སྤུངས་དང་ཕྱར་གྲུ་མཉམ་འདེགས་གནང་གལ་ཡིན་པ་དང་ལྷག་པར་གནད་དོན་ཅི་རིགས་ཐད་ཐག་གཅོད་གནང་སྐབས་རང་ངོས་ནས་བོད་སྤྱིའི་སླད་དགོངས་པ་བཞེས་དགོས་པར་མ་ཟད་ལས་དོན་རྣམས་ཁྲིམས་སྒྲིག་དང་མཐུན་པར་གནང་གལ་ཡིན་པར་ལམ་སྟོན་གནང་ཡོད། དེ་ཉིན་དགོང་མོ་བོད་ཀྱི་ཟློས་གར་ཚོགས་པར་བོད་མིའི་སྒྲིག་འཛུགས་བཀའ་དྲུང་ཡིག་ཚང་གི་གོ་སྒྲིག་འོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གི་ཕེབས་སྐྱེལ་དང་བཀའ་ཤག་སྐབས་ ༡༦ པའི་བཀའ་བློན་རྣམ་པར་ཕེབས་བསུ། དེ་བཞིན་རྒྱ་བལ་འབྲུག་གསུམ་གྱི་ས་གནས་འགོ་འཛིན་རྣམ་པ་དང་མཉམ་འབྲེལ་ཚོགས་པ་ཁག་གི་འགན་འཛིན་རྣམ་པ་ཕེབས་སྐྱེལ་སླད་གསོལ་སྟོན་མཛད་སྒོ་ཞིག་ཚོགས་གནང་ཡོད།  མཛད་སྒོའི་ཐོག་ཁྲིམས་ཞིབ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག སྲིད་སྐྱོང་མཆོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག ཁྲིམས་ཞིབ་པ་གཞན་རྣམ་གཉིས། བཀའ་བློན་རྣམ་གསུམ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་གཙོས་འབྲེལ་ཡོད་སྲི་ཞུ་བ་སོགས་ཕེབས་ཡོད། སྐབས་དེར་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ས་གནས་འགོ་འཛིན་ཚོས་ས་གནས་སུ་ཡོད་པའི་སློབ་གྲྭར་མཐུན་རྐྱེན་གང་ལེགས་སྦྱོར་དགོས་པའི་འབོད་སྐུལ་ནན་པོ་གནང་ཡོད།བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ལས་དོན་རྣམས་དྲང་བདེན་དང་ལྷག་བསམ་རྣམ་དག་གི་ཐོག་ནས་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་གསུངས་པ་དང་སྒོས་བོད་མི་རྣམས་ནས་དགྲ་དགའ་གཉེན་སྡུག་གི་ལས་དོན་མ་གནང་རོགས་ཞེས་འབོད་སྐུལ་གནང་ཡོད། ལྷག་པར་དུ་རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཕྱཱའི་སླད་ད་བར་མཐུན་འགྱུར་རོགས་སྐྱོར་གནང་དང་གནང་མུས་ལ་ཐུགས་རྗེ་ཆེ་ཞེས་ཞུས་སོང་། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་བཙན་བྱོལ་ནང་མི་རབས་རྒན་པ་ཚོས་སྐུ་ངལ་བསྐྱོན་པའི་སྐོར་དང་རྒྱལ་སྤྱིའི་ཁྲོད་རྒྱ་ནག་གི་གནས་བབ་སྐོར་འགྲེལ་བརྗོད་དང་སྦྲགས་ཏེ་བོད་མི་གཞོན་སྐྱེས་ཚོས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལ་སློབ་སྦྱོང་དང་ལྷག་པར་མི་རབས་བགྲེས་པ་ཚོའི་བོད་དོན་སླད་སྐུ་ངལ་བསྐྱོན་སྟངས་ལས་སློབ་སྦྱོང་གནང་དགོས་པའི་གཞེན་སྐུལ་གནང་ཡོད།དེ་རྗེས་སྲིད་སྐྱོང་མཆོག་གིས་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གིས་མི་ལོ་ ༤༠ ཙམ་རིང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཕྱག་ལས་གནང་བར་དཀར་གསལ་མཇལ་དར་དང་སྐུ་ཐང་ཕུལ་ཡོད།   རྩ་བའི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་དེ་རིང་ཕྱི་ཚེས་ ༡༥ ནས་རྒས་ཡོལ་ལ་ཕེབས་ཡོད་པ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༧ འོག་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་དོན་ཚན་བཅོ་ལྔ་  ༡༥ པ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་གསར་པ་ཁྲིམས་ལུགས་ལྟར་འོས་ཐོན་དམ་འབུལ་མ་བྱུང་བར་དེའི་འགན་དབང་རྣམས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཉིས་ནས་ཞབས་ལོ་རྒན་པ་དེས་ལེན་རྒྱུ་ཞེས་གསལ་བ་དགོངས་དོན་ལྟར་དེ་རིང་ཕྱི་ཚེས་ ༡༥ ནས་ཁྲིམས་ཞིབ་པ་གཞན་ཀརྨ་དགྲ་འདུལ་མཆོག་གིས་ཁྲིམས་ཞིབ་པ་ཆེ་བ་གསར་པ་ཁྲིམས་མཐུན་དམ་འབུལ་མ་ཟིན་བར་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཏུ་བསྐོ་གཞག་གནང་ཡོད། འབྲེལ་ཡོད་པར་ཁག་ཅིག་གི་བདག་དབང་བོད་མིའི་སྒྲིག་འཛུགས་ལ་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།