Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་དབུ་འཛུགས།

Tibetan News Headlines

  • ༸གོང་ས་མཆོག་གིས་ཧིན་དྷུའི་བླ་ཆེན་དགོངས་པ་རྗོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
  • མགོན་པོ་སྐྱིད་ལགས་ཀྱིས་ཉེན་རྟོག་པས་ཁོང་ལ་སྡུག་སྦྱོང་བཏང་བའི་སྐོར་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག
  • དྭང་བླངས་དཔྱ་དངུལ་ལག་དེབ་ཆག་ཡང་དང་འབུལ་ཚེའི་དུས་བཀག་ཕར་འགྱང་གནང་སོང་།
  • ནང་སྲིད་ལས་ཁུངས་དང་སྦྲགས་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་ལས་རིམ་གྲུབ་སོང་།
  • ཁྲིམས་ཞིབ་པའི་འོས་ཆོས་ལྡན་པའི་མི་འགྲོ་འཚོལ་རྒྱུ་ཁག་པོ་མ་གཏོགས་གཞན་དཀའ་ངལ་མེད་པ་གསུངས་སོང་།
  • དབྱིན་ཡུལ་གྱི་གྲོང་སྡེ་གཉིས་ལ་ Hikvision བརྙན་མིག་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

Thursday 28/03/2024

  • Dalai Lama expresses ‘sadness’ and offers ‘condolences’ on the passing away of Swami Smaranananda Maharaj
  • Gonmo Kyi sues China’s police over ‘repressive censorship and vigilant supervision’
  • Parliament extends Chatrel exemption period by six months
  • House discusses budget allocation for DoH for the fiscal year 2024-25
  • MPs express concern over challenges in finding nominees for Justice Commissioners
  • Review into Harborough and Lutterworth CCTV cameras after concerns made by company with links to Chinese government Now

དེ་རིང་སྔ་དྲོ་ཕྱག་ཚོད་དགུ་དང་ཕྱེད་ཀའི་ཐོག  བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་གི་འོག་ཉིན་གསུམ་རིང་གི་བོད་ཀྱི་ན་གཞོན་ཉམས་ཞིབ་ཚོགས་འདུ་ཐེངས་བདུན་པ་དེ་དྲ་ཐོག་ནས་དབུ་འཛུགས་གནང་སོང་།ཉིན་གསུམ་གྱི་ན་གཞོན་ཉམས་ཞིབ་ཀྱི་ཚོགས་འདུའི་ཉིན་དང་པོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་གཙོ་བྱས་པའི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་དང་། དེ་བཞིན་ཐེངས་འདིར་ཚོགས་ཐོག་ནས་ཉམས་ཞིབ་ཀྱི་གཏམ་བཤད་གནང་མཁན་གྱི་ཚོགས་མི་སོ་གསུམ་ལྷག་གིས་མཉམ་ཞུགས་ཀྱིས་ལོ་རྒྱུས་ཁྲོད་ཀྱི་གནད་དོན་བྱེ་བྲག་པར་ཞིབ་འཇུག་དང་སྤྱི་ཚོགས་དཔྱད་བརྗོད་སོགས་ཀྱི་བརྗོད་གཞི་སྣ་མང་ཐོག་དངོས་སུ་ཉམས་ཞིབ་ཀྱི་གྲུབ་དོན་སྒྲོག་སྦྱང་བྱེད་འགོ་ཚུགས་སོང་།ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་གཏམ་བཤད་གནང་བའི་ནང་དུ། མི་རིགས་གང་དང་གང་ཡིན་རུང་སོ་སོའི་སྐྱེ་ཁོངས་དང་ལོ་རྒྱུས་མ་ཤེས་ཚེ་ནགས་ཁྲོད་ཀྱི་མཇུག་མ་མེད་པའི་སྤྲེའུ་ལྟ་བུ་ཡིན་ལུགས་ཀྱི་བཤད་རྒྱུན་ཡོད་པར་ལུང་འདྲེན་གྱིས། རྒྱ་ནག་གིས་བོད་ས་བཙན་འཛུལ་བྱས་པ་དེ་ཡང་ལོ་རྒྱུས་ཐོག་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ལུགས་སྒྲིབ་ཀྱི་ཡོད་པ་ལྟར། རྒྱ་ནག་གི་མི་ཉིས་སྟོང་ལྷག་གིས་ཆེད་དུ་དུས་རྒྱུན་ནས་བོད་རིག་པའི་ཆེད་མཁས་བ་སྐོང་འགུག་གིས་བོད་དོན་དང་བོད་ཀྱི་ལོ་རྒྱུས་ཀྱི་སྐོར་ལ་ཞིབ་འཇུག་གནང་མུས་ཡིན་སྟབས། བོད་མི་ན་གཞོན་མཁས་དབང་རྣམས་ཀྱིས་ལོ་རྒྱུས་ལ་ཞིབ་འཇུག་བྱས་པའི་ཐོག་ནས་གྲུབ་དོན་སྤྱི་ཚོགས་ལ་ངོ་སྤྲོད་བྱེད་དགོས་བ་དེ་གལ་ཆེན་པོ་ཡིན་པའི་གཏམ་བཤད་གནང་སོང་།དེ་བཞིན་དེ་རིང་ཉམས་ཞིབ་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་ཀྱི་ལོ་རྒྱུས་ལ་སློབ་སྦྱོང་གིས་མ་འོངས་ཁ་ཕྱོགས་འཚོལ་སྒྲུབ་བྱེད་རྒྱུ་དང་། དེ་བཞིན་ན་གཞོན་ཉམས་ཞིབ་རྣམས་ཀྱིས་སོ་སོའི་ཆེད་ལས་ཙམ་མིན་པར་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་རིན་པོ་ཆེ་ཡི་མཚོན་པའི་ཁྲིམས་སྒྲིག་ཁག་ལ་ལྟ་ཀློག་བྱེད་རྒྱུ་གལ་ཆེན་ཡིན་པའི་གནད་དོན་གཉིས་ཀྱི་སྒང་ནས་གཏམ་བཤད་གནང་སྟེ། ད་ལྟའི་ཆར་རྒྱ་ནག་གི་ལྟ་རྟོག་ནན་པོའི་ཁྲོད་བཙན་བྱོལ་དུ་འབྱོར་མཁན་ཆེས་ཉུང་དུ་ཕྱིན་ཡོད་པའི་གནས་བབ་དང་འབྲེལ་ནས་བོད་ཕྱི་ནང་གཉིས་ཀྱི་འབྲེལ་ལམ་ལ་སེམས་འཚབ་ཡོད་པར་འགྲེལ་བརྗོད་དང་སྦྲགས། བོད་ཀྱི་ན་གཞོན་ཉམས་ཞིབ་པ་རྣམས་ཀྱིས་དེང་དུས་ཀྱི་ཉམས་ཞིབ་ཀྱི་ཐབས་ལམ་བེད་སྤྱད་དེ་རྒྱ་ནག་གི་དབང་བསྒྱུར་འོག་གི་བོད་ནང་གི་དངོས་ཡོད་ཀྱི་གནས་སྟངས་ལ་རྒྱུས་ལོན་གནང་བའི་ཐོག་ནས་བོད་མིའི་རྩ་དོན་རྩོད་སྒྲུབ་ལ་རོགས་འདེགས་གནང་སྟེ་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་བོད་མིའི་ཆོས་དང་རིག་གཞུང་དང་ཆབ་སྲིད་ཀྱི་གནས་བབ་སོགས་ཀྱི་ཐད་ནས་ངོ་སྤྲོད་གནང་གལ་ཡིན་པར་གསུངས་སོང་།

དེ་བཞིན་དེ་རིང་གི་ཉམས་ཞིབ་ཀྱི་ཚོགས་འདུའི་ཁྲོད་ཉམས་ཞུགས་གནང་མཁན་གྱི་ཁྲོད་དུ་ཚོགས་ཞུགས་པ་མང་ཆེ་བར་འབུམ་རམས་པའི་ཕྱག་འཁྱེར་ཡོད་མཁན་དང་། ཁག་ཅིག་གིས་ད་དུང་འབུམ་རམས་པའི་སློབ་སྦྱོང་གནང་མུས་ཡིན་པ་ཆགས་ཡོད་སྟབས། སྲིད་སྐྱོང་མཆོག་དང་འགན་འཛིན་ཟླ་བ་ཚེ་རིང་ལགས་གཉིས་ཀྱིས་ན་གཞོན་ཉམས་ཞིབ་ཀྱི་ཚོགས་འདུ་དེ་ལོ་རེ་ནས་ལོ་རེ་བཞིན་ཚོགས་ཞུགས་ཀྱི་སྤུས་ཀ་ཇེ་ལེགས་དང་ཉམས་ཞིབ་ཀྱི་བརྗོད་གཞི་སྣ་འཛོམང་རང་བཞིན་དུ་འགྱུར་བཞིན་པར་བསྔགས་བརྗོད་གནང་སོང་།དེ་རིང་གི་ཉམས་ཞུབ་པའི་ཚོགས་ཞུགས་པ་རྣམས་ཀྱི་གཏམ་བཤད་འགོ་འཛུགས་མ་ཞུས་གོང་དུ། ཨ་རིའི་གྲོང་ཁྱེར་ཁ་ལེ་ཕོ་ནེ་ཡའི་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཟུར་བ་མཁས་དབང་ངག་དབང་ཕུན་ཚོགས་ལགས་ཀྱིས་བོད་རིག་པའི་སློབ་སྦྱོང་འགོ་འཛུགས་གནང་སྟངས་ཀྱི་སྐོར་ནས་གཏམ་བཤད་གནང་སྟེ། དང་ཐོག་རྒྱལ་སྤྱིའི་བོད་རིགས་པའི་ཞིབ་འཇུག་ཚོགས་འདུའི་སྐབས་སུ་བོད་ཀྱི་ཆོས་རིག་དང་འབྲེལ་བའི་གཏམ་བཤད་གནང་མཁན་མང་ཆེ་བ་ཕྱི་ལོག་གི་མཁས་དབང་དེ་འདྲ་ཆགས་ཡོད་པར་འགྲེལ་བརྗོད་ཀྱིས་ད་ཆ་བོད་མི་ཞིབ་འཇུག་པ་མང་དུ་ཐོན་པ་བཞིན་པ་དེ་གལ་ཆེན་པོ་ཡིན་པ་དང་། བོད་ཀྱི་ཆོས་རིག་ཀྱི་སྐོར་ནས་ཉམས་ཞིབ་བྱེད་སྐབས་བོད་མི་རྣམས་ཀྱིས་ཉམས་ཞིབ་མཐིལ་ཕྱིན་པ་བྱེད་ཐུབ་སྐོར་དང་འབྲེལ་ནས་ད་ཆ་འབུམ་རམས་པ་ཐོན་མཁན་མང་པོ་བྱུང་བཞིན་པ་དེ་བཙན་བྱོལ་ནང་གི་ལེགས་སྐྱེས་དང་འགྱུར་འགྲོས་ཆེ་ཤོས་ཤིག་ཡིན་པར་གསུངས་སོང་།གཞི་རྩའི་བོད་ཀྱི་ན་གཞོན་ཉམས་ཞིབ་ཀྱི་ཚོགས་འདུ་དེ་ལོ་ལྟར་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་གི་འོག་ཉམས་ཞིབ་པ་རྣམས་དངོས་སུ་སྐོང་འཚོགས་གནང་གི་ཡོད་ཀྱང་། རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་གྱིས་སྔར་ལོ་ནས་དྲ་ཐོག་ནས་ཚོགས་ཞུགས་གནང་འགོ་ཚུགས་ཤིང་། འདི་ལོའི་ཉིན་གསུམ་གྱི་ཚོགས་འདུའི་ཐོག་ས་གནས་འདྲ་མིན་ནས་བོད་ཀྱི་ཉམས་ཞིབ་པ་སོ་གསུམ་གྱིས་ཉམས་ཞུགས་ཀྱིས། བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་སྤྱི་ཚོགས་དཔྱད་བརྗོད། དེ་བཞིན་བོད་ཀྱི་སྙན་ངག་དང་དམངས་ཁྲོད་ཀྱི་ལ་གཞས་སོགས་ཀྱི་་བརྗོད་གཞི་སྣ་མང་ཞིག་གི་ཐོག་ཉམས་ཞིབ་གྲུབ་དོན་སྒྲོག་སྦྱང་བྱ་རྒྱུ་རེད་འདུག  དེ་རིང་གི་ཉམས་ཞིབ་པའི་གཏམ་བཤད་གནང་མཁན་ཐོག་མ་དེ། ཝཱཎ་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་དགེ་རྒན། འབུམ་རམས་པ་གཙང་སྨྱོན་འཇམ་དབྱངས་དོན་འགྲུབ་ལགས་ཀྱིས་རྒྱ་ནག་གི་ཆིང་གོང་མ་ཆན་ལུང་སྐབས་ཀྱི་མཛད་ཆེན་བཅུ་ཡི་ཡ་གྱལ་ཆུ་ཆེན་དམག་འཁྲུག་སྔ་ཕྱི་གཉིས་ཀྱི་སྐོར་ནས་འགོ་འཛུགས་གནང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།