Tibetan Royal Year of 2151 | Year of the Wood Dragon

བོད་ནང་ཕྱིར་ལོག་གནང་མཁན་བོད་མིར་དབྱེ་འབྱེད་བྱེད་བཞིན་ཡོད་པ་མངོན་གསལ།

Tibetan News Headlines

  • ༸གོང་ས་མཆོག་གིས་ཧིན་དྷུའི་བླ་ཆེན་དགོངས་པ་རྗོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
  • མགོན་པོ་སྐྱིད་ལགས་ཀྱིས་ཉེན་རྟོག་པས་ཁོང་ལ་སྡུག་སྦྱོང་བཏང་བའི་སྐོར་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག
  • དྭང་བླངས་དཔྱ་དངུལ་ལག་དེབ་ཆག་ཡང་དང་འབུལ་ཚེའི་དུས་བཀག་ཕར་འགྱང་གནང་སོང་།
  • ནང་སྲིད་ལས་ཁུངས་དང་སྦྲགས་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་ལས་རིམ་གྲུབ་སོང་།
  • ཁྲིམས་ཞིབ་པའི་འོས་ཆོས་ལྡན་པའི་མི་འགྲོ་འཚོལ་རྒྱུ་ཁག་པོ་མ་གཏོགས་གཞན་དཀའ་ངལ་མེད་པ་གསུངས་སོང་།
  • དབྱིན་ཡུལ་གྱི་གྲོང་སྡེ་གཉིས་ལ་ Hikvision བརྙན་མིག་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

Thursday 28/03/2024

  • Dalai Lama expresses ‘sadness’ and offers ‘condolences’ on the passing away of Swami Smaranananda Maharaj
  • Gonmo Kyi sues China’s police over ‘repressive censorship and vigilant supervision’
  • Parliament extends Chatrel exemption period by six months
  • House discusses budget allocation for DoH for the fiscal year 2024-25
  • MPs express concern over challenges in finding nominees for Justice Commissioners
  • Review into Harborough and Lutterworth CCTV cameras after concerns made by company with links to Chinese government Now

བོད་ནང་གི་བོད་མིའི་ཁྲོད་ནས་རྒྱ་གར་གཙོ་གྱུར་ཕྱིའི་རྒྱལ་ཁབ་ཁག་ཏུ་གནས་མཇལ་དང་སློབ་གཉེར། དེ་བཞིན་ཆོས་ཞུ་དང་སྤུན་མཆེད་སོགས་དང་ཐུག་འཕྲད་ཆེད་ཕེབས་ཏེ་སླར་བོད་ནང་ཕྱིར་ལོག་གནང་མཁན་བོད་མི་རྣམས་ཀྱི་མིང་ཁྱིམ་ཐོ་ནས་བསུབ་པ་དང་མིང་ཐོ་ནག་པོའི་ཁུངས་སུ་བཅུག་པ་སོགས་བྱས་ནས་བོད་མི་དེ་དག་ལ་གཞུང་གི་ཐོབ་ཐང་དང་ཤེས་ཡོན། ལས་ཀ་དང་འཕྲོད་བསྟེན་སོགས་ཀྱི་ཐོབ་ཐང་ལ་བཀག་སྡོམ་དང་དབྱེ་འབྱེད་ཤུགས་ཆེར་བྱེད་བཞིན་ཡོད་པ་མངོན་གསལ་གནང་འདུག

རྩ་བའི་ Hukou ཞེས་པའི་ཁྱིམ་ཐོ་ལག་འཁྱེར་ཡོད་པ་རྣམས་ལ་གཞུང་གིས་མང་ཚོགས་ལ་སྤྲད་པའི་ལས་གཞི་ཁག་གི་ཁེ་ཕན་ཐོབ་ཀྱི་ཡོད་པར་མ་ཟད། ཡིག་ཆ་དེ་ Resident Identity Card ཞེས་སྡོད་དམངས་ཐོབ་ཐང་ལག་འཁྱེར་བཟོ་བར་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཆགས་ཀྱི་ཡོད་པ་རེད། སྡོད་དམངས་ཐོབ་ཐང་ལག་འཁྱེར་ཟེར་བ་དེ་ནི་ཕྲུ་གུ་སློབ་འཇུག་དང་སྨན་ཁང་། སྨན་བཅོས་ཀྱི་ཐོབ་ཐང་། དེ་བཞིན་གཞུང་གི་ལས་ཀའི་གོ་སྐབས་སོགས་ཀྱི་ཐོབ་ཐང་དང་འབྲེལ་ཡོད་ལག་འཁྱེར་གལ་ཆེ་ཞིག་ཡིན་པ་རེད།

ཁ་སང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྙན་ཐོ་ཞིག་འདོན་སྤེལ་གནང་བར་རྒྱ་གར་ལ་ཕྱིན་ནས་ཕྱིར་ལོག་གནང་མཁན་བོད་མི་རྣམས་ཀྱི་ Hukou ཞེས་པའི་མིང་ཐོ་ནག་པོའི་ཁུངས་སུ་བཅུག་ནས་གཞུང་གི་ཐོ་གཞུང་ཡོངས་རྫོགས་དང་འབྲེལ་མེད་བཟོས་ཏེ་མང་ཚོགས་ལ་ངལ་བ་ཆེས་ཆེར་སྤྲོད་བཞིན་ཡོད་པ་མངོན་གསལ་དང་སྦྲགས། རྒྱ་ནག་གཞུང་ལ་བོད་ནང་ཕྱིར་ལོག་གནང་བའི་བོད་མི་རྣམས་ལ་དབྱེ་འབྱེད་ཀྱི་སྲིད་བྱུས་སྤེལ་ཁག་འཕྲལ་མར་མཚམས་འཇོག་བྱེད་དགོས་པའི་དགོས་འདུན་བཏོན་འདུག

དེ་ཡང་། ཕྱི་ལོ་ ༢༠༢༠ ལོར་བོད་ནས་བཙན་བྱོལ་དུ་འབྱོར་བའི་བོད་མི་ཞིག་གིས་འགྲེལ་བརྗོད་གནང་བ་དང་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༦ ཉིན་བོད་ཀྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དེ་སྔ་སྤེལ་བའི་གནས་ཚུལ་དང་བོད་ནས་ཕེབས་མཁན་བོད་མི་ཁག་གཅིག་ལ་བཅར་འདྲི་ཞུས་པ་བཅས་ལ་གཞིགས་ན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༧ ནས་བཟུང་མང་ཚོགས་ཀྱི་སྡོད་དམངས་ཐོབ་ཐང་ལག་འཁྱེར་ལ་དམ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། དེའི་ཁྲོད་དེ་སྔ་ཕྱི་ལོ་ ༡༩༨༠ ནང་གི་བཅོས་བསྒྱུར་དང་གུ་ཡངས་ཀྱི་སྒོ་མོ་ཕྱེ་བའི་སྲིད་བྱུས་ཁྲོད་བོད་ནས་རྒྱ་གར་དུ་ནང་མི་ཐུག་འཕྲད་དང་སློབ་སྦྱོང་ཆེད་དུ་ཕེབས་པ་རྣམས་སླར་བོད་ལ་ཕྱིར་ལོག་གནང་སྐབས་ཁྱིམ་ཐོ་ནས་ནག་བསུབ་བཏང་ཡོད་པ་མ་ཚད་པར་ཉེན་རྟོག་པས་འདྲི་རྩད་དང་བཙན་དབང་གིས་ཆབ་སྲིད་སློབ་གསོའི་ལས་གཞིར་ཞུགས་དགོས་པའི་བྱུས་ངན་ལག་བསྟར་བྱེད་མུས་ཡིན་པ་བཀོད་འདུག ཕྱིར་ལོག་གནང་མཁན་གྱི་ཁོངས་ནས་ཕྱི་ལོ་ ༢༠༠༦།༡༢།༡༤།༡༧ བཅས་ལ་རྒྱ་གར་ནང་༸གོང་ས་མཆོག་གི་༸སྐུ་མདུན་ནས་དུས་འཁོར་དབང་ཆེན་ཞུ་བར་ཕེབས་མཁན་རྣམས་ལ་དམིགས་བསལ་དམ་བསྒྲགས་བྱེད་བཞིན་ཡོད་པའི་ཁྲོད། ལྷ་ས་གཙོས་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་དང་ཕྱི་ལོ་ ༢༠༢༠ ལོར་རྔ་བ་སོགས་རྒྱ་གཞུང་གིས་དབྱེ་བའི་མཚོ་སྔོན་དང་ཟི་ཁྲོན་ཞིང་ཆེན་ནང་སྲིད་གཞུང་གིས་བོད་མིའི་ཁྱིམ་ཐོར་ཞིབ་བཤེར་ནན་པོ་བྱས་ཏེ་རྒྱ་གར་དུ་ཕྱིན་པ་རྣམས་ཀྱི་མིང་གཞུང་ཁྱིམ་ཐོ་ནས་ནག་བསུབ་བཏང་བའི་ལས་གཞི་གཞི་རྒྱ་ཆེན་པོ་སྤེལ་ཡོད་པ་རེད་འདུག

དེ་བཞིན་ཕྱི་ལོ་ ༢༠༡༥ ལོར་བོད་ནང་ཕེབས་མྱོང་མཁན་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཉམས་ཞིབ་པ་ཞིག་གིས་གསུངས་པར་རྒྱ་གར་ནང་སློབ་སྦྱོང་གནང་རྗེས་ཕྱིར་ལོག་གནང་བའི་བོད་མི་ཕུན་ཚོགས་ལགས་ཀྱིས་གཞུང་གི་ལས་ཀ་ཆེད་དུ་ཡིག་རྒྱུགས་ལམ་ནས་རྒྱུགས་སྤྲོད་འཐུས་ཚང་གནང་ཡོད་ཀྱང་། ཁོང་ལ་དགོན་པའི་སྒོ་སྲུང་བའི་ལས་ཀ་སྤྲད་པ་དང་། དེ་བཞིན་རྒྱ་གར་ནས་ཕྱིར་ལོག་གནང་མཁན་གྲྭ་བཙུན་རྣམས་ལ་རང་གི་དགོན་པར་སླར་ཞུགས་མི་ཆོག་པ་དང་། བོད་མི་དེ་དག་ལ་སྡོད་དམངས་ཐོབ་ཐང་ལག་འཁྱེར་མེད་པ་དང་ས་ཁུལ་གཞན་དུ་བསྐྱོད་མི་ཆོག་པའི་རྐྱེན་གྱིས་སྒེར་གྱི་ཚོང་ལས་གཉེར་རྒྱུའི་གོ་སྐབས་མེད་པ་དང་། དེ་སྔ་རྒྱ་གར་ནས་དབྱིན་སྐད་ཕྲན་བུ་ཤེས་ནས་ཕྱིར་ལོག་གནང་མཁན་རྣམས་ལ་ཡུལ་སྐོར་སྤྲོ་འཆམ་པའི་ལས་ཀ་རག་གི་ཡོད་ཀྱང་དེང་སྐབས་ཕྱི་རྒྱལ་མི་རིགས་བོད་ལ་ཡོང་མཁན་ཇེ་ཉུང་དུ་སོང་ཡོད་སྟབས་སྣེ་ཤན་པ་ཚང་མ་རྒྱ་རིགས་ཤ་སྟག་ཡིན་པ་རེད་འདུག

བོད་ནང་ཕྱིར་ལོག་གནང་མཁན་གྱི་བོད་མི་རྣམས་ལ་འཕྲད་པའི་དཀའ་ངལ་གཙོ་བོ་གཅིག་ནི་གཞུང་གི་སྨན་བཅོས་མཐུན་རྐྱེན་མེད་པའི་ཁྲོད་དེ་སྔ་གཉན་རིམས་ཁྱབ་གདལ་གྱི་དུས་སྐབས་སུ་ཕྱིར་ལོག་གནང་མཁན་བོད་མི་རྣམས་དང་དེ་དག་གི་བུ་ཕྲུག་རྣམས་ལ་འགོག་སྲུང་སྨན་ཁབ་དང་སྨན་བཅོས་ཀྱི་ཐོབ་ཐང་རག་གི་མེད་པ་རེད་འདུག

དེ་སྔ་རྒྱ་གར་ལྷོ་ཕྱོགས་སེ་ར་བྱེས་ནས་བོད་ལ་ཕྱིར་ལོག་གནང་མཁན་དགེ་འདུན་པ་ཞིག་གཉན་རིམས་ཁྱབ་གདལ་ཁྲོད་སྨན་བཅོས་ཀྱི་མཐུན་རྐྱེན་མ་རག་པས་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད། དེ་དག་གི་བུ་ཕྲུག་རྣམས་ལ་ལག་འཁྱེར་མེད་སྟབས་སློབ་གྲྭར་འཛུལ་ཞུགས་ཆོག་གི་མེད་པ་དང་། བོད་མི་མང་དག་ཅིག་ལ་རང་གི་ཕ་ཡུལ་དུ་ཕྱིར་ལོག་གནང་དཀའ་བའི་ངལ་བ་ཆེས་ཆེར་འཕྲད་པར་བརྟེན་ས་གནས་གཞན་དུ་སྡོད་དགོས་པའི་ངལ་བ་འཕྲད་བཞིན་ཡོད་པར་མ་ཟད། དེ་བཞིན་ཕྱིར་ལོག་གནང་བའི་བོད་མི་རྣམས་ལ་བཙན་བྱོལ་དུ་ཡོད་པའི་རང་གི་ནང་མི་ཉེ་འབྲེལ་རྣམས་དང་འབྲེལ་ལམ་གནང་མཚམས་འཇོག་དགོས་པའི་བཙན་བཀའ་བཏང་བ་སོགས་ཕྱོགས་ཡོངས་ནས་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པར་མངོན་གསལ་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།