Tibetan Royal Year of 2151 | Year of the Wood Dragon

ཚོགས་ཟུར་སྤེན་པ་ཚེ་རིང་ལགས་སྲིད་སྐྱོང་གི་འོས་གཞིར་བཞེངས་རྒྱུའི་གསལ་བསྒྲགས་གནང་བ།

Tibetan News Headlines

  • སྔོན་རྩིས་མ་དངུལ་སྒོར་ས་ཡ་ ༣༣༣༡ ལྷག་གཏན་འབེབས་ཐོག་གྲོས་ཚོགས་ཚོགས་དུས་ ༧ པ་མཇུག་སྒྲིལ།
  • རྒྱ་ནག་གིས་སྡེ་དགེ་ཁུལ་ནས་བོད་མི་བཅུ་ལྷག་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་འདུག
  • རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་གྲོས་མོལ་ཁྲོད་གྲུབ་འབྲས་གང་ཡང་བྱུང་མེད་པ་མངོན་གསལ།
  • སྐད་ཡིག་ཕུན་སུམ་ཚོགས་པའི་བོད་རིགས་ན་གཞོན་བཅུ་ཕྲག་གིས་བོད་དོན་སྐོར་བསྐྱོད་གནང་ན་རྒྱ་གར་གྱི་སྲིད་བྱུས་ལ་འགྱུར་བ་ཐེབས་ངེས་ཡིན་པ་གསུངས་འདུག
  • ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་ཟུར་ Janet Rice ལགས་ལ་ཕེབས་སྐྱེལ་དང་ཟུང་སྦྲེལ་ཚོགས་གཙོ་གསར་པར་ཕེབས་བསུ་ཞུས་པ།
  • མལ་དིལྦ་ནང་འཐུང་ཆུའི་དཀའ་ངལ་སེལ་སླད་བོད་ཀྱི་གཏེར་ཆུ་ཏུན་ ༡༥༠༠ མཁོ་སྤྲོད་བྱས་འདུག

Friday 29/03/2024

  • TPiE concludes 7th session, approves budget of over ₹ 3331 Million
  • China arrests 10 Tibetans from Derge county, whereabouts unknown
  • No breakthrough in India-China dialogue
  • Need of training for educated young Tibetans to influence India’s policy on Tibet: Tenzin Tsundue
  • Tibetans in Australia bid farewell for Senator Janet Rice, welcomes new co-chair for parliamentary Tibet group
  • Now China sends 1,500 tonnes of drinking water from Tibet to Maldives

ཟླ་བ་སྔོན་མའི་ཕྱི་ཚེས་ ༥ ཉིན་དབུས་འོས་བསྡུ་ལས་ཁང་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་དང་འོས་བསྡུའི་སྒྲིག་གཞིའི་འོག་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་དངོས་སུ་འགོ་འཛུགས་ཀྱིས་གསལ་བསྒྲགས་བསྐྱངས་པ་ནས་བཟུང་། ད་བར་དངོས་སུ་སྲིད་སྐྱོང་གི་འོས་གཞིར་བཞེངས་མཁན་མི་གྲངས་དྲུག་བྱུང་ཡོད་པའི་ཁྲོད་ཁ་སང་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༦༠ པ་དང་བསྟུན་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་དང་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཀྱིས་ངོ་དེབ་དྲྭ་ལམ་བརྒྱུད་ ༢༠༢༡ ལོའི་སྲིད་སྐྱོང་གི་འོས་གཞིར་བཞེངས་རྒྱུའི་གསལ་བསྒྲགས་དངོས་སུ་གནང་སོང་།  

སྐབས་དེར་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཀྱིས་ད་རེས་ཁོང་སྲིད་སྐྱོང་གི་འོས་གཞིར་བཞེངས་དགོས་དོན་ནི་བོད་སྤྱིའི་ལས་དོན་སྒྲུབ་སྐབས་ཕྱི་ནང་གི་རྐྱེན་སྣ་ཚོགས་ཤིག་འཕྲད་སྲིད་ཀྱང་། ཁོང་གི་མི་ཚེ་ཧྲིལ་པོ་བོད་སྤྱིའི་དོན་དུ་ཞབས་ཞུ་གནང་རྒྱུ་ཆོད་སེམས་བརྟན་པོ་ཡོད་པ་བཞིན་ད་ལྟའང་འགྱུར་མེད་གནས་ཡོད་པ་དང་། སྤྱི་པའི་ཞབས་ཞུ་བསྒྲུབ་པར་གོ་གནས་ཡོད་མེད་ཁྱད་གང་ཡང་མེད་ཀྱང་། ཕན་ནུས་ལྡན་པའི་ཕྱག་ལས་གནང་སྟངས་མི་འདྲ་བ་ཡོང་གི་ཡོད་པ་རེད། སྲིད་སྐྱོང་གི་ལས་གནས་ནི་༸གོང་ས་མཆོག་གི་དགོངས་གཞི་གཙོ་བོར་བཞག་ནས་བོད་དང་བོད་མིེར་སྲི་ཞུ་ཞབས་འདེགས་ཞུ་རྒྱུའི་ནུས་པ་ཆེ་ཤོས་ཐོན་པའི་ལས་གནས་ཤིག་ཡིན་སྟབས། ད་ལྟའི་ཆར་ཁོང་གི་དགུང་ལོའི་བབ་དང་གཟུགས་གཞིའི་གནས་སྟངས། དགོངས་བློའི་གནས་ཚད། ཉམས་མྱོང་། འཇོན་ཐང་བཅས་ཀྱི་ཆ་ནས་སྲིད་སྐྱོང་ལས་གནས་ཐོག་ནུས་པ་འདོན་རྒྱུའི་དུས་ལ་བབ་ཡོད་པ་མ་ཟད། མི་སྣ་མང་པོ་ཞིག་ནས་ཀྱང་ད་རེས་སྲིད་སྐྱོང་གི་འོས་གཞིར་བཞེངས་དགོས་པའི་ཐུགས་རེ་གནང་བ་སོགས་དོན་ཚན་གཙོ་བོ་དྲུག་གི་ཐོག་ནས་འོས་གཞིར་ཞུགས་སྐོར་གསུངས་སོང་།   

ཁོང་གིས་མི་མང་ཚོས་ཁོང་སྲིད་སྐྱོང་དུ་བསྐོ་གཞག་གནང་ཚེ་དེ་སྔ་ ༢༠༡༦ ལོའི་འོས་བསྡུ་སྐབས་ཀྱི་རྩ་འཛིན་དེ་དག་རང་སོར་གནས་མུས་ཐོག་སྤྱི་སྙོམས་དྲང་བདེན་དང་། ནུས་པ་མཉམ་སྤུངས། གོམ་པ་མདུན་སྤོས་བཅས་ཀྱི་ཆབ་སྲིད་དང་འཛིན་སྐྱོང་གི་རིགས་ལམ་གསུམ་ཁ་སྣོན་ཐོག་སྲིད་སྐྱོང་གི་ལས་འཁུར་ཞུ་རྒྱུ་ཡིན་པ་མ་ཟད། ཁོང་གི་མི་ཚེ་འདིའི་ནང་བོད་སྤྱིའི་དོན་དུ་ཞབས་ཕྱི་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་ཡོད། 

ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ནས་ཐེངས་འདིའི་འོས་བསྡུའི་སྐབས་སྒེར་གྱི་བསམ་བློ་འཁྱེར་སོ་ངོ་སྤྲོད་གནང་སྐབས་སྲིད་སྐྱོང་གནང་གི་ཡིན་གསུང་མཁན་ཚང་མར་གོ་སྐབས་དེ་ཐོབ་ཐབས་མེད་པ་དང་། འདི་ནི་སོ་སོའི་ལས་དབང་དང་འབྲེལ་བ་ཡོད་སྟབས། མི་མང་གིས་འགན་མ་བསྐུར་བ་ཡིན་ན་བློ་ཕམ་དང་འགྱོད་པ་གང་ཡང་མེད་པ་དང་། སོ་སོས་ཐབས་ཤེས་གང་ཡོད་ཞུས་ནས་འབད་བརྩོན་གནང་རྒྱུ་དང་དེ་ལྟར་མ་ཐུབ་ཚེ་ལས་དབང་མེད་པར་ངོས་འཛིན་ཞུ་རྒྱུ་ཡིན་ཞེས་དང་། ཅི་སྟེ་ཐེངས་འདིར་མང་ཚོགས་ཀྱི་ངོས་ནས་ཁོང་ལ་འགན་བསྐུར་མ་གནང་ཚེ་མ་འོངས་པར་དང་བླངས་ཐོག་ནས་འོས་གཞིར་བཞེངས་འདོད་མེད་ཅེས་གསུངས་པ་མ་ཟད། ལྷག་པར་དུ་མཇུག་སྡོམ་ཀྱི་གསུང་བཤད་ཁྲོད་གལ་ཏེ་འགན་བསྐུར་ཚེ་༸གོང་ས་མཆོག་གིས་རྣམ་ཀུན་ནས་ལམ་སྟོན་ཕེབས་དོན་ལྟར་ལྷག་བསམ་རྣམ་དག་དང་ཕྱི་གསལ་ནང་གསལ། ངོ་ལྐོག་རྒྱབ་མདུན་མེད་པར་གནང་རྒྱུ་ཡིན་ཞེས་གསུངས་ཡོད།

སྐབས་དེའི་གསལ་བསྒྲགས་བརྒྱུད་དེ་འདས་པའི་འོས་བསྡུའི་ལས་རིམ་སྐབས་ཀྱི་དགོས་མེད་འཐེན་རྩོད་མང་པོ་ཞིག་བྱུང་བའི་གནོད་སྐྱོན་ལས་བསླབ་བྱ་བླངས་ཏེ་ཐེངས་འདིའི་འོས་གཞིར་བཞེངས་མཁན་དང་། འོས་འཕེན་པ་མང་ཚོགས་སྤྱི་ནས་འགན་འཁུར་བཞེས་ཏེ་འོས་བསྡུའི་ལས་རིམ་འདི་ཚད་དང་ལྡན་པ་ཞིག་ཡོང་རྒྱུར་འབད་རྩོན་གནང་དགོས་པའི་སྐུལ་མ་གནང་སོང་། ལྷག་དོན་ཚོགས་ཟུར་སྒེར་གྱི་ངོས་ནས་ཐེངས་འདིའི་འོས་བསྡུའི་ལས་རིམ་ཁྲོད་གསར་ཁང་སྒེར་གྱི་བཅར་འདྲི་ལས་རིམ་ཐོག་ལྷན་ཞུགས་གནང་རྒྱུ་ལས་འོས་མིར་དུས་བཀག་བཟུང་སྟེ་ཕན་ཚུན་གདོང་གཏུག་ལྟ་བུའི་བགྲོ་གླེང་ལས་རིམ་དང་། སྤྱི་ཚོགས་བརྒྱུད་ལམ་གྱི་ཚོགས་པ་འདྲ་མིན་ནས་བཅར་འདྲི་དང་། དྲི་བ་དྲིས་ལན་གྱི་ལས་རིམ་བཀོད་སྒྲིག་གནང་རིགས་ལ་དང་ལེན་གནང་རྒྱུ་མིན་པ་སོགས་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།