Tibetan Royal Year of 2151 | Year of the Wood Dragon

རྒྱལ་ཚོགས་ཀྱིས་རྒྱ་ནག་གིས་ཁྲིམས་རྩོད་པར་དམ་དྲག་བྱེད་བཞིན་པར་སྐྱོན་བརྗོད།

Tibetan News Headlines

  • ༸གོང་ས་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས།
  • ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས།
  • བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དབུ་འཛུགས།
  • རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པ་ཐེར་འདོན།
  • མོན་གྷོ་འདོད་རྒུ་གླིང་དུ་དྲག་ཆར་རླུང་ཚུབ་བྱུང་ཡང་མི་ཤི་སྐྱོན་ཆག་རིགས་བྱུང་མིན་འདུག

Friday 19/04/2024

  • Dalai Lama begins two-day teaching on ‘Gaden Lhagyama’ to Mongolian devotees
  • Jetsun Pema receives Randolph’s Pearl S. Buck award
  • 14th Tibetan Women Association General Body Meeting begins in Dharamshala
  • China spearheading systematic elimination of civilization and people, says UN expert
  • Mundgod Tibetan settlement hit with severe thunderstorm

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པའི་དམིགས་བསལ་སྐུ་ཚབ་ཀྱིས་རྒྱ་ནག་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་དང་ཁྲིམས་རྩོད་པ་རྣམས་ལ་ཉེས་འཛུགས་ཀྱིས་བཀག་སྐྱིལ་དང་མནར་གཅོད་བཏང་ནས་གར་སོང་ཆ་མེད་དུ་བསྒྱུར་བཞིན་པའི་གནས་སྟངས་རྒྱུན་འབྱམས་སུ་ཕྱིན་ཡོད་པར་སྐྱོན་བརྗོད་གནང་འདུགདེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་གྱི་སྐུ་ཚབ་ལྕམ་སྐུ Mary Lawlor ལགས་ཀྱིས་ Chang Weiping ཞུ་བའི་རྒྱ་རིགས་ཁྲིམས་རྩོད་པ་ཞིག་གིས་རང་ཉིད་རྒྱ་ནག་གིས་བཀག་སྐྱིལ་ཁྲོད་མནར་གཅོད་བཏང་བ་ཕྱིར་བསྒྲགས་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ལུང་འདྲེན་དང་འབྲེལ། རྒྱ་ནག་གི་ནང་དུ་ལོ་ལྔའི་གོང་ནས་བཟུང་དམར་ཤོག་སྲིད་གཞུང་གི་དཔོན་རིགས་ལ་སྐྱོན་བརྗོད་བྱེད་མཁན་གྱི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་ལ་དམིགས་བཀར་གྱིས་དམ་དྲག་བྱེད་རྒྱུ་འགོ་འཛུགས་བྱས་ཡོད་པ་དེ་ད་དུང་ཡང་མུ་མཐུད་འགྲོ་བཞིན་ཡོད་པའི་ཉེན་བརྡ་བཏང་འདུག

ལྕམ་སྐུ Mary Lawlor ལགས་ཀྱི་བཀའ་མོལ་དེར་རྒྱལ་ཚོགས་ཀྱི་ཆེད་མཁས་བ་གཞན་བདུན་གྱི་རྒྱབ་སྐྱོར་གནང་ཡོད་པ་དང་། ཁོང་རྣམ་པས་གཅིག་འགྱུར་གྱི་ངོས་ལེན་གནང་ཡོད་པ་ཞིག་ནི་རྒྱ་ནག་གིས་ལས་འགུལ་བ་ Chang Weiping ལགས་འཛིན་བཟུང་གིས་གར་སོང་ཆ་མེད་དུ་བསྒྱུར་བ་དེ་ནི་པེ་ཅིན་སྲིད་གཞུང་གིས་རྒྱ་ནག་གི་ནང་དུ་ཁྲིམས་རྩོད་པ་རྣམས་ཁ་གྲགས་ཐབས་མེད་པར་བཟོས་བ་ཞིག་ཡིན་སྐོར་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་གིས་ཁྲིམས་རྩོད་པ་རྣམས་ཀྱིས་བློ་ཁོག་ཆེན་པོས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐང་བརྡལ་བཤིག་གི་གནས་བབ་དང་འབྲེལ་བའི་སྐད་ཆ་བཤད་པ་ཡིན་ན་ཁོང་རྣམས་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཚབ་བཟོས་བ་ཞིག་ཡིན་སྐོར་ལ་བསྒྱུར་བཞིན་ཡོད་པ་མ་ཟད། ཁྲིམས་རྩོད་ཀྱི་ཐོབ་ཐང་ལག་འཁྱེར་ཡང་ནུས་མེད་བཟོ་བཞིན་ཡོད་པ་དེ་ནི་ཁྲིམས་ལུགས་ཀྱི་ཁྱབ་ཁོངས་དང་འགལ་བ་ཞིག་ཡིན་སྐོར་ཕྱིར་བསྒྲགས་གནང་འདུག

དེ་བཞིན་དམིགས་བསལ་གྱི་སྐུ་ཚབ་ཁོང་གིས་ཕྱི་ལོ་ ༢༠༡༥ལོའི་ཟླ་བ་ ༧ པའི་ཚེས་ ༩ ཉིན་གྱི་༧༠༩ ཡི་དྲག་གནོན་ཞེས་པ་ནས་བཟུང་། རྒྱ་ནག་གི་ནང་དུ་ཁྲིམས་རྩོད་པ་བཀག་སྐྱིལ་དང་མནར་གཅོད་བཏང་སྟེ་ཉེས་འཛུགས་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་ལུགས་གསུངས་བ་མ་ཟད། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་འབྲེལ་ནས་དུས་རྒྱུན་ནས་རྒྱ་ནག་ནི་ཁྲིམས་ཀྱི་དབང་བསྒྱུར་གྱི་རྒྱལ་ཁབ་ཅིག་ཡིན་པའི་ལན་འདེབས་བྱེད་ཀྱི་ཡོད་ནའང་། སྤྱིའི་ཆ་ནས་ཕྱི་ལོ་ ༢༠༡༢་ལོ་ནས་བཟུང་སྲིད་འཛིན་ཞི་ཅིན་ཕིང་གི་འཛིན་སྐྱོང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་བརླིང་ཞེས་པའི་མིང་ཐོག་ནས་སྤྱི་མང་གི་ཐོབ་ཐང་ཡོངས་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག

གཞན་ཡང་ཁོང་གིས་རྒྱ་ནག་གིས་ལུས་འགུལ་བ་ Chang Weiping ལགས་འཛིན་བཟུང་བྱས་ནས་གར་སོང་ཆ་མེད་དུ་བསྒྱུར་ཡོད་པ་མ་ཟད། ཁོང་གི་ཁྲིམས་རྩོད་པ་གཉིས་ལ་ཡང་གནོན་ཤུགས་སྤྲད་ནས་གྱོད་དོན་ཞུ་གཏུག་ལས་ཕྱིར་འཐེན་བྱེད་དུ་བཅུག་ཡོད་པ་དེ་ཡིས་རྒྱ་ནག་ནང་གི་ཁྲིམས་རྩོད་པར་དམ་དྲག་གི་གནས་བབ་དེ་ཛ་དྲག་རང་བཞིན་གྱི་ངོ་བོར་གནས་ཡོད་པ་གསལ་བོར་མཚོན་ཡོད་ལུགས་ཕྱིར་བསྒྲགས་ཀྱིས།  གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ནི་སྲིད་གཞུང་དང་སྤྱི་ཚོགས་གང་ལ་ཡང་ཉེན་ཚབ་ཆེ་བ་ཞིག་མིན་པ་མ་ཟད། དེ་བཞིན་མི་སྒེར་དང་ཐོབ་ཐང་རྩོད་ལེན་པ་རྣམས་ཀྱང་རྒྱལ་ཁབ་ལ་ཉེན་ཚབས་རང་བཞིན་དུ་འགྱུར་ཐབས་མེད་ཅེས་ཡོངས་གྲགས་གནང་བ་དང་སྦྲགས།་རྒྱ་ནག་གིས་སྤྱི་ཚོགས་ཀྱི་ལུས་འགུལ་བ་ Chang Weiping ལགས་ཀྱི་གཙོ་བྱས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་རྣམས་འཛིན་བཟུང་གིས་གར་སོང་ཆ་མེད་དུ་བསྒྱུར་ཡོད་པ་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས་བའི་འབོད་སྐུལ་གནང་འདུག

གཞི་རྩའི་རྒྱ་ནག་སྤྱི་ནང་དང་། དམིགས་བསལ་དུ་རྒྱ་ནག་གི་དབང་བསྒྱུར་འོག་གི་ས་ཁུལ་ཡོངས་སུ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་རྒྱ་ཆེར་གཏོང་གི་ཡོད་པ་མ་ཟད། མི་སུ་ཞིག་གིས་སྲིད་གཞུང་གི་བཀའ་རྒྱ་དང་འགལ་བའི་རྣམ་འགྱུར་བསྟན་པ་ཡིན་ན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཚབས་བཟོས་བའི་ཉེས་མིང་འོག་འཛིན་བཟུང་གིས་ཁྲིམས་ཆད་གཅོད་ཀྱི་ཡོད་པ་དང་། སྒོས་སུ་བོད་ཁུལ་ལྟ་བུར་མཚོན་ན་སྲིད་གཞུང་གིས་ཉེས་འཛུགས་བྱེད་ས་ཆེ་ཤོས་ཤིག་ནི་ཁ་བྲལ་ལས་འགུལ་དང་རྒྱལ་ཁབ་མགོ་རྟིང་སློག་བཞིན་ཡོད་པའི་ཉེས་འཛུགས་ཀྱིས་གང་བྱུང་འཛིན་བཟུང་བཀག་སྐྱིལ་བྱེད་ཀྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།