Tibetan Royal Year of 2151 | Year of the Wood Dragon

ལྕམ་སྐུ་ Jacinda Ardern མཆོག་ལ་འོས་བསྡུའི་ནང་བསྐྱར་དུ་རྒྱལ་ཁ་ཐོབ་པར་འཚམས་འདྲི།

Tibetan News Headlines

  • ༸གོང་ས་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས།
  • ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས།
  • བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དབུ་འཛུགས།
  • རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པ་ཐེར་འདོན།
  • མོན་གྷོ་འདོད་རྒུ་གླིང་དུ་དྲག་ཆར་རླུང་ཚུབ་བྱུང་ཡང་མི་ཤི་སྐྱོན་ཆག་རིགས་བྱུང་མིན་འདུག

Friday 19/04/2024

  • Dalai Lama begins two-day teaching on ‘Gaden Lhagyama’ to Mongolian devotees
  • Jetsun Pema receives Randolph’s Pearl S. Buck award
  • 14th Tibetan Women Association General Body Meeting begins in Dharamshala
  • China spearheading systematic elimination of civilization and people, says UN expert
  • Mundgod Tibetan settlement hit with severe thunderstorm

རེས་གཟའ་ཉི་མའི་ཉིན་ NewZealand འོས་བསྡུའི་ཆེན་མོའི་མཐའ་མའི་གྲུབ་འབྲས་གསལ་བསྒྲགས་སྤེལ་གསལ་ཕྱི་ལོ་ ༢༠༡༧ ནས་ ༢༠༢༠ བར་ཡུལ་དེའི་སྲིད་བློན་གྱི་འགན་ཁུར་བཞེས་བཞིན་པའི་ལྕམ་ Jacinda Ardern མཆོག་གི་སྣེ་ཁྲིད་པའི་ངལ་རྩོལ་ཚོགས་པར་འོས་བསྡུའི་ནང་ཚད་མཐོའི་མང་མོས་ཐོག་ནས་རྒྱལ་ཁ་ཐོབ་པར་བརྟེན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྕམ་ Jacinda མཆོག་ལ་འོས་བསྡུའི་ནང་སླར་ཡང་རྒྱལ་ཁ་ཐོབ་པར་དགའ་བསུའི་འཚམས་འདྲི་མཛད་འདུགའཚམས་འདྲི་དེའི་ནང་༸གོང་ས་༸སྐྱབས་མགོན་སྐྱབས་ཆེན་པོ་མཆོག་གིས་འདི་ལོ་ཉག་ཕྲ་བའི་དུས་སྐབས་འདིར་ལྕམ་སྐུ་ཁོང་གི་སྙིང་སྟོབས་དང་བློ་གྲོས། དབུ་ཁྲིད་ཀྱི་རྣམ་དཔྱོད་སྟོན་ཕྱོགས་ལ་ཡི་རང་བསྔགས་བརྗོད་མཛད་པ་དང་། ལྷག་པར་དུ་ལྕམ་སྐུ་ཁོང་གིས་ངལ་བ་ཆེས་ཆེར་འཕྲད་པའི་སྐབས་འདིར་ཞི་བ་དང་བྱམས་བརྩེ། དེ་བཞིན་གཞན་ལ་གུས་བརྩི་གནང་བའི་ཐོག་ནས་དཀའ་ངལ་སེལ་ཐབས་གནང་བར་དམིགས་གསལ་གྱིས་བསྔགས་བརྗོད་མཛད་འདུག

༸གོང་ས་མཆོག་གིས་ད་དུང་མགོན་པོ་༸གང་ཉིད་མཆོག་དེ་སྔ་ NewZealand ནང་དུ་ཐེངས་འགར་ཆིབས་བསྒྱུར་མཛད་སྐབས་སུ་ཡུལ་དེའི་མང་ཚོགས་ཀྱིས་ཕྱི་གསལ་ནང་གསལ་དང་བག་ཕེབས་གྱི་རྣམ་འགྱུར་གཟིགས་པ་དང་། མགོན་པོ་མཆོག་གིས་ཆོས་ལུགས་མཐུན་སྒྲིལ་དང་འགྲོ་བ་མི་གཅིག་གྱུར་གྱི་བསམ་བློ་གོང་འཕེལ་གྱི་ཐུགས་བསྐྱེད་ལ་ཐུགས་སྣང་དང་དགའ་མོས་གནང་ཕྱོགས་བཅས་ཀྱི་རྣམ་པ་གཟིགས་དུས་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སྐོར་བཀའ་སྩལ་དང་ཆབས་ཅིག ལྕམ་ཁོང་གིས་ནིའུ་ཛ་ལན་ཌིའི་མང་ཚོགས་ཀྱི་རེ་འདུན་ཁག་ལེགས་གྲུབ་ཐུབ་ཕྱིར་སླད་ཀྱི་ཕྱག་ལས་ཡོངས་རྫོགས་ལམ་ལྷོངས་ཡོང་བར་ཐུགས་སྨོན་མཛད་འདུག

དེ་བཞིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་རྣམ་གཉིས་ཀྱིས་ལྕམ་ Jacinda Ardern མཆོག་ལ་དགའ་བསུའི་འཚམས་འདྲི་གནང་འདུག་པ་དང་། འཚམས་འཕྲིན་ནང་དུ་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ལྕམ་མཆོག་ལ་སླར་འོས་བསྡུའི་རྒྱལ་ཁ་ཐོབ་པར་དགའ་བསུ་དང་འབྲེལ། འོས་བསྡུའི་ནང་ཚད་མཐོའི་རྒྱལ་ཁ་ཐོབ་པ་དེས་ལྕམ་ཁོང་དང་ཁོང་གི་སྣེ་ཁྲིད་པའི་ཆབ་སྲིད་ཚོགས་པས་དཀའ་ཚེགས་ཆེ་བའི་དུས་སྐབས་འདིར་བཟོད་བསྲན་དང་བྱམས་བརྩེས་རྒྱལ་ཁབ་སྐྱོང་བར་ནིའུ་ཛ་ལན་ཌིའི་མང་ཚོགས་ཀྱིས་དགའ་མོས་དང་རྒྱབ་སྐྱོར་ཆེན་པོ་གནང་བ་ཞིག་མངོན་ཡོད་པར་གསུངས་པ་དང་། སྟབས་ཅིག་ཏུ་དེང་སྐབས་འཛམ་གླིང་འདིར་ཁོང་ལྟ་བུའི་དབུ་ཁྲིད་མང་ཙམ་དགོས་གལ་ཡིན་པ་གསུངས་འདུགདེ་བཞིན་ནིའུ་ཛ་ལན་ཌི་གཞུང་འཛིན་གྱི་ངོས་ནས་དེ་སྔ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུལ་དེའི་ནང་ཆིབས་བསྒྱུར་བསྐྱངས་སྐབས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་དང་། དེ་རྗེས་ཕྱི་ལོ་ ༢༠༡༧ ལོར་སྲིད་སྐྱོང་རང་ཉིད་ཡུལ་དེར་ཕེབས་སྐབས་སུའང་སྣེ་ལེན་ཞུས་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ནིའུ་ཛ་ལན་ཌིའི་གཞུང་མང་རྣམ་པའི་རྒྱབ་སྐྱོར་འོག་ཏུ་ད་ལྟའི་ཆར་ཡུལ་དེར་བོད་པའི་སྤྱི་ཚོགས་ཤིག་འཚོ་བཞིན་ཡོད་པར་མ་ཟད། བོད་ཀྱི་གནད་དོན་ལ་ལོ་མང་ནས་ཞུམ་པ་མེད་པའི་རྒྱབ་སྐྱོར་གནང་བཞིན་པར་བཀའ་དྲིན་ཆེ་ཞེས་དང་སླད་ཀྱི་ཕྱག་ལས་ཡོངས་རྫོགས་ལམ་ལྷོངས་ཡོང་བར་རེ་སྨོན་ཞུས་ཡོད་པ་རེད།
རྩ་བའི་ད་ལྟ་དགུང་ལོ་ ༤༠ ལ་ཕེབས་པའི་ལྕམ་ Jacinda Ardern མཆོག་དགུང་ལོ་ ༡༨ ལ་ནིའུ་ཛ་ལན་ཌིའི་ངལ་རྩོལ་ཚོགས་པའི་ཚོགས་མིར་ཞུགས་རྗེས་ཕྱི་ལོ་ ༢༠༠༨ ལོར་གྲོས་ཚོགས་འཐུས་མིར་བསྐོ་གཞག་བྱུང་། དེ་རྗེས་ ༢༠༡༧ ལོར་སྲིད་བློན་ཐེངས་ ༤༠ པར་བདམས་ཐོན་བྱུང་བ་དང་འབྲེལ། ངལ་རྩོལ་ཚོགས་པའི་ཚོགས་གཙོའི་ཐུགས་འགན་བཞེས་མུས་ཡིན་པ་རེད།

ཁོང་གིས་བྱམས་བརྩེའི་ཐོག་ནས་རྒྱལ་ཁབ་དང་མི་མང་སྐྱོང་བའི་སྲིད་བྱུས་ལ་ནིའུ་ཛ་ལན་ཌིའི་མང་ཚོགས་ནས་དགའ་མོས་ཆེན་པོ་ཞུས་དང་ཞུ་མུས་ཡིན་པར་མ་ཟད། སྐྱབས་བཅོལ་བར་ལྟ་སྐྱོང་དང་། བྱིས་པ་དང་བེུད་ཀྱི་ཐོབ་ཐང་། དེ་བཞིན་ཕོ་མོ་དབྱེ་མེད་ཚང་མར་ལས་ཀའི་གོ་སྐབས་འདྲ་མཉམ་དགོས་པའི་ལྟ་གྲུབ་བཅས་ལ་རྒྱལ་སྤྱིའི་ཁྲོད་བསྔགས་བརྗོད་ཤུགས་ཆེར་གནང་མཁན་ཡོད་པ་དང་འབྲེལ། ཐེངས་འདིའི་འོས་བསྡུའི་ཁྲོད་ངལ་རྩོལ་ཚོགས་པར་འདས་པའི་ལོ་ ༥༠ ནང་གི་རྒྱལ་ཁ་ཚད་མཐོ་ཤོས་དེ་ཐོབ་ཡོད་པ་ལྟར་ཆབ་སྲིད་ཚོགས་པ་གཅིག་རང་ནས་གཞུང་འཛིན་པ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།