Tibetan Royal Year of 2151 | Year of the Wood Dragon

ཨ་རིའི་སྲིད་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་གནང་འདུག

Tibetan News Headlines

  • ༸གོང་ས་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས།
  • ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས།
  • བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དབུ་འཛུགས།
  • རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པ་ཐེར་འདོན།
  • མོན་གྷོ་འདོད་རྒུ་གླིང་དུ་དྲག་ཆར་རླུང་ཚུབ་བྱུང་ཡང་མི་ཤི་སྐྱོན་ཆག་རིགས་བྱུང་མིན་འདུག

Friday 19/04/2024

  • Dalai Lama begins two-day teaching on ‘Gaden Lhagyama’ to Mongolian devotees
  • Jetsun Pema receives Randolph’s Pearl S. Buck award
  • 14th Tibetan Women Association General Body Meeting begins in Dharamshala
  • China spearheading systematic elimination of civilization and people, says UN expert
  • Mundgod Tibetan settlement hit with severe thunderstorm

ཁ་སང་ཟླ་ ༡༠ ཚེས་ ༡༤ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Mike Pompeo མཆོག་གིས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལས་རྩོལ་བཅས་ཀྱི་གནད་དོན་དང་འབྲེལ་བའི་ཕྱི་སྲིད་དྲུང་ཆེའི་ཕྱག་རོགས་སྐུ་ཞབས་ Robert A. Destro  མཆོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་གནང་བའི་གསལ་བསྒྲགས་སྤེལ་སོང་།ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་གསར་འགོད་གསལ་བསྒྲགས་དེའི་སྐབས། སྐུ་ཞབས་ Robert A. Destro  མཆོག་གིས་ཨ་རིའི་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་འབྲུ་དོན་གཞིར་བཟུང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག  དེ་བཞིན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་བཅས་སྲུང་སྐྱོབ་དང་། ལྷག་པར་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ཡང་ན་མགོན་པོ་གང་ཉིད་མཆོག་གི་སྐུ་ཚབ་བརྒྱུད་རྒྱ་ནག་གཞུང་དང་ལྷན་བོད་རྒྱ་གྲོས་མོལ་ཡོང་བར་འབད་བརྩོན་གནང་རྒྱུ་ཡིན་པའི་འགྲེལ་བརྗོད་གནང་འདུག ཕྱི་སྲིད་དྲུང་ཆེ་མཆོག་གིས་ད་དུང་གནད་དོན་དེ་དང་འབྲེལ་ཡིག་ཐོག་ནས་གསར་འགོད་གསལ་བསྒྲགས་ཤིག་ཀྱང་འདོན་སྤེལ་གནང་སྟེ།་ རྒྱ་ནག་གཞུང་གིས་བོད་ནང་གི་ཆོས་དད་རང་དབང་དང་རིག་གཞུང་ཐོག་དམ་དྲག་བྱེད་བཞིན་པ་དང་། ལྷག་པར་བོད་ཀྱི་ས་ཁུལ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པར་ཨ་རི་གཞུང་གི་ངོས་ནས་ཐུགས་འཚབ་ཆེན་པོ་གནང་བཞིན་ཡོད་སྐོར་གསུངས་འདུག

བོད་དོན་དམིགས་བསལ་འབྲེལ་མཐུད་པར་གསར་དུ་བསྐོ་བཞག་བྱུང་བའི་སྐུ་ཞབས་ Robert A. Destro  མཆོག་གིས་ཀྱང་རང་ཉིད་ཀྱི་་Twitter དྲྭ་གནས་ཐོག ཨ་རིའི་གཞུང་ངོས་ནས་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་པའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་གི་གནས་བབ་ཐོག་ལ་ཨ་རིའི་གཞུང་ངོས་ནས་ཐུགས་སྣང་གནང་དགོས་ངེས་ཤིག་ཆགས་ཡོད་པ་དང་། ཁོང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ངོ་བོའི་ཐོག་ནས་བོད་མི་རྣམས་དང་། རྒྱལ་སྤྱིའི་མཐུན་གྲོགས་རྒྱལ་ཁབ་ཚོ་དང་ལྷན་འབྲེལ་བ་གནང་བ་བརྒྱུད་བོད་དོན་བདེན་མཐའ་གསལ་ཐབས་གནང་རྒྱུ་མ་ཟད། རྒྱལ་སྤྱིའི་ཁྱོན་དུ་གནས་པའི་བཙན་བྱོལ་བོད་མི་ཚོས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ཆེད་འཐབ་རྩོད་བྱེད་བཞིན་པར་རྒྱབ་སྐྱོར་གྱི་ཕྱག་ལས་གནང་རྒྱུ་ཡིན་པར་གསུངས་འདུག

འདི་གའི་གསར་འགོད་པས། བོད་མིའི་སྒྲིག་གཙོ་ཡི་མགྲིན་ཚབ་པ། ཀརྨ་ཆོས་དབྱིངས་ལགས་སུ་ཞལ་པར་བརྒྱུད་ནས་བོད་དོན་དམིགས་བསལ་གྱི་འབྲེལ་མཐུད་བསྐོ་བཞག་གི་སྐོར་ནས་བཀའ་འདྲི་ཞུས་པར་ཁོང་གིས། ཨ་རིའི་ཁྲིམས་ཐོག་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་གནང་བར་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་བྱས་ཏེ་བཀའ་དྲིན་ཆེ་ཞུས་པ་དང་སྦྲགས། འདི་ལོའི་ཨ་རིའི་གཞུང་འཛིན་གྱི་ལོས་བསྡུའི་ཁྲོད་ནས་ཆབ་སྲིད་ཚོགས་པ་གང་ཞིག་སླེབས་པ་ཡིན་ནའང་། བོད་དོན་དམིགས་བསལ་གྱི་འབྲེལ་མཐུད་པ་དེ་རང་འཇགས་གནས་རྒྱུར་རེ་བ་གནང་བཞིན་ཡོད་སྐོར་གསུངས་སོང་།

གཞི་རྩའི་ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གིས་ཕྱི་ལོ་ ༢༠༡༧ ལོའི་ཕྱི་ཟླ་ ༡ པོའི་ནང་ཡུལ་དེའི་སྲིད་འཛིན་གྱི་ལས་གནས་བཞེས་པ་ནས་བཟུང་། ད་བར་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་གནང་ཐུབ་མེད་པ་དང་། ཨ་རིའི་སྲིད་འཛིན་གོང་མ་རྣམས་ཀྱིས་རྒྱུན་དུ་ལས་གནས་དེའི་ཐོག ཨ་རིའི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལས་ཁང་གི་དྲུང་གཞོན་བསྐོ་གཞག་གནང་སྲོལ་ཡོད་ཀྱང་། ད་རེས་ལས་གནས་དེའི་སླད་དྲུང་གཞོན་ཕྱག་རོགས་ཤིག་བསྐོ་བཞག་གིས། ལས་གནས་གྱི་རིམ་པ་མར་ཕབ་ཡོད་སྟབས། བོད་དོན་ལ་ཐུགས་ཁུར་གནང་མཁན་དང་རྒྱབ་སྐྱོར་ཚོགས་པ་ཁག་ཅིག་གིས་བློ་འགྱོད་ཀྱི་རྣམ་པ་སྟོན་བཞིན་འདུག

ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྩ་བའི་ཨ་རིའི་ངོས་ནས་སྐུ་ཞབས་  Robert A. Destro ལགས་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་གནང་བར་དགའ་བསུ་ཞུས་ཡོད་པ་དེ་ལྟར་ཡང་། སྲིད་འཛིན་Trump འཛིན་སྐྱོང་གིས་ད་རེས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དེ་དྲུང་ཆེ་ཡི་ཕྱག་རོགས་ཤིག་བསྐོས་བ་དེ་ཡིས་ཨ་རིའི་ལོ་མང་གི་རིང་ལ་རྒྱུན་སྐྱོང་གནང་བའི་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་དེ་ལག་བསྟར་གནང་རྒྱུར་དཀའ་ཁག་ཆེ་རུ་གཏོང་རྒྱུ་མ་ཟད།  དེས་རྒྱ་ནག་གཞུང་ལ་ཨ་རིའི་ངོས་ནས་བོད་དོན་གཙིགས་ཆེར་འཛིན་བཞིན་པ་དེ་དོ་སྣང་ཇེ་ཆུང་དུ་བཏང་བའི་བརྡ་ལན་ཞིག་ཏུ་གྱུར་ཡོད་པར་ངོས་འཛིན་གྱིས།  ཨ་རིའི་སྲིད་གཞུང་གིས་མ་འོངས་བར་བོད་དོན་དམིགས་བསལ་གྱི་འབྲེལ་མཐུད་པ་བསྐོ་བཞག་བྱེད་སྐབས་མཚན་གནས་དམའ་བོའི་ཐོག་ནས་བསྐོ་བཞག་བྱེད་མི་འོས་པའི་འབོད་སྐུལ་ཞུས་འདུག

གཞི་རྩའི་ཨ་རིའི་གྲོས་ཚོགས་ངོས་ནས་ཕྱི་ལོ་་༢༠༠༢ ལོར་བོད་དོན་སྲིད་བྱུས་རྩ་འཛིན་གྱི་ཁྲིམས་ཡིག་གཏན་འབེབས་གནང་བ་ནས་བཟུང་། ཁྲིམས་ཡིག་དེའི་འབྲུ་དོན་ནང་གསལ་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་གནང་འགོ་ཚུགས་ཡོད་ནའང་།  སྲིད་འཛིན་ད Trump མཆོག་གི་ལས་ཡུན་གྱི་རིང་།  སྤྱི་ལོ་ ༢༠༡༧ ནས་བཟུང་ད་ལྟའི་བར་དུ་བོད་དོན་དམིགས་བསལ་གྱི་འབྲེལ་མཐུད་པ་བསྐོ་བཞག་གནང་ཐུབ་མེད་པ་དང་། སྤྱི་ཚོགས་དྲྭ་རྒྱའི་ཁྲོད་བོད་མི་ཁག་ཅིག་གིས་སྲིད་འཛིན་མཆོག་གིས་རང་ཉིད་ཀྱི་ལས་ཡུན་རྫོགས་ལ་ཉེ་བ་དང་། ཨ་རིའི་འོས་བསྡུ་ཆེན་མོའི་ཁྲོད་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་བ་དེའི་ཀུན་སློང་ལ་འདྲི་རྩད་གནང་མཁན་མི་ཉུང་བ་ཞིག་འདུག    ཐེངས་འདིའི་བོད་དོན་དམིགས་བསལ་གྱི་འབྲེལ་མཐུད་པ། སྐུ་ཞབས་ Robert A. Destro  མཆོག་ནི་ད་ལྟའི་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་ལས་དོན་ཚན་པའི་དྲུང་ཆེའི་ཕྱག་རོགས་གནང་མུས་ཡིན་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།