Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: August, 2016

ཐའེ་ལན་ཌིའི་མདོ་འཛིན་པ་གྲགས་ཅན་ཞིག་གིས་༸གོང་ས་མཆོག་ལ་ངོ་དེབ་བརྒྱུད་ཐད་གཏོང་བཀའ་འདྲི་ཞུས་འདུག

བོདམིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བདུན་ཕྲག་རྗེས་མའི་ནང་ཐའེ་ལན་ཌི་དང་སིངྒ་པུར། ཀོ་རི་ཡ། ཨིན་ཌོ་ནེ་ཤཱིཡ། མ་ལེ་ཤཱི་ཡ། ཝེ་ཏི་ནམ་བཅས་ཀྱི་ཨེ་ཤེ་ཡའི་དད་ལྡན་ཁག་ཅིག་ལ་ཉིན་བཞིའི་རིང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་ལེའུ་གཉིས་པའི་གསུང་ཆོས་བཀྲིན་བསྐྱང་གཏན་འཁེལ་བའི་ཁྲོད། དེ་རིང་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཐའེ་ལན་ཌའི་རླུང་འཕྲིན་དང་བརྙན་འཕྲིན་ལེ་ཚན་ཆེ་གྲས་ཁག་གི་མདོ་འཛིན་པ་གྲགས་ཅན་སྐུ་ཞབས་ Woody Milintachinda ལགས་ཀྱིས་༸གོང་ས་མཆོག་ལ་ངོ་དེབ་བརྒྱུད་བཀའ་འདྲི་ཞུས་པ་དང་སྦྲགས། ལས་རིམ་དེ་ཁོང་གི་རྗེས་འབྲང་པ་མི་ཁྲི་ཚོ་མང་པོ་ཡོད་པར་ཐད་གཏོང་གནང་འདུག སྐབས་དེར་སྐུ་ཞབས་ Woody ལགས་ཀྱིས་༸གོང་ས་མཆོག་ལ་ངོ་དེབ་བརྒྱུད་ཐད་ཀར་བསྡུ་རུབ་གནང་པའི་དྲི་བ་ཁག་ཅིག་ཕུལ་བའི་ཁོངས་སུ་བྱམས་བརྩེའི་ཕན་ཡོན་དང། མི་ཚེའི་དགོས་དོན་གང་ཡིན། ཆོས་ཉམས་ལེན་མ་བྱེད་ཚེ་བདེ་སྐྱིད་དང་ལྡན་པའི་མི་ཚེ་བསྐྲུན་ཐུབ་མིན་སོགས་ཀྱི་ཐོག་བཀའ་འདྲི་ཁག་ཅིག་ཞུས་འདུག སྐབས་དེར་༸གོང་ས་མཆོག་གིས་གཞན་ལ་བྱམས་བརྩེའི་བློ་འཛིན་ན་རང་ཉིད་ལ་ཕན་ཐོགས་མེད་པའི་བསམ་ཚུལ་ཡོད་པ་དེ་ནོར་འཁྲུལ་ཡིན་སྐོར་བཀའ་སྩལ་དང་འབྲེལ། བྱམས་བརྩེ་དང་གཞན་ཕན་གྱི་ལྟ་གྲུབ་ལག་བསྟར་གནང་ཚེ་རང་ཉིད་ཀྱི་རྒྱུད་ལའང་ཞི་བདེ་བསྐྲུན་ཐུབ་ངེས་ཡིན་པ་བཀའ་གནང་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་གི་ཐུགས་ཉེ་བའི་གྲོགས་པོ་ཁོངས་སུ་ཆོས་ཉམས་ལེན་མ་བྱེད་པའི་ཐོག་མི་ཚེ་བདེ་སྐྱིད་དང་ལྡན་པ་སྐྱེལ་མཁན་མང་པོ་ཡོད་སྐོར་དཔེ་མཚོན་དང་བཅས་ཏེ་བཀའ་སྩལ་འདུག སྐར་མ་བཅིུས་ཙམ་གྱི་བཀའ་འདྲིའི་ལས་རིམ་དེའི་ཐོག་སྐུ་ཞབས་ Woody ལགས་ཀྱིས་༸གོང་ས་མཆོག་ལ་༸གང་ཉིད་མཆོག་ནས་མང་ཚོགས་ལ་དྲི་བ་གང་ཡོད་དམ་ཞེས་བཀའ་འདྲི་ཞུས་པར། ༸གོང་ས་མཆོག་གིས་འཛམ་གླིང་དེའི་ནང་མི་འབོར་འཐེར་འབུམ་བདུན་ཡོད་པ་ཡོངས་རྫོགས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ། དེ་བཞིན་སེམས་ཚོར་སོགས་གང་ཅིའི་ཐོག་ནས་གཅིག་མཚུངས་ཡིན་པ་ལྟར། གོ་ལའི་ཚ་དྲོད་དང་མི་འབོར་འཕེལ་རྒྱས་སོགས་དེང་རབས་ཀྱི་དཀའ་ངལ་འཕྲད་པའི་ཁྲོད། ང་ཚོས་འཛམ་གླིང་དེའི་འགྲོ་བ་མིི་ཡོངས་རྫོགས་མི་གཅིག་འགྱུར་ཡིན་པའི་འདུ་ཤེས་འཛིན་ཏེ་བསམ་བློ་དེ་གོང་མཐོར་གཏང་ཐུབ་ཚེ། རང་ཉིད་ཀྱི་ལས་རིགས་འདྲ་མིན་དང་ཆོས་ལུགས་འདྲ་མིན་ལ་ལྟོས་མེད་ཀྱིས་དུས་རབས་ ༢༡ པའི་སྨད་ཆ་དེ་བྱམས་བརྩེ་དང་ཞི་བདེ་མཉམ་གནས་ལྡན་པའི་དུས་རབས་ཤིག་ཏུ་འགྱུར་ཐུབ་ངེས་ཡིན་པ་བཀའ་སྩལ་དང་ཆབས་ཅིག མང་ཚོགས་ནས་དེར་མོས་མཐུན་ཡོད་མེད་ཀྱི་བཀའ་འདྲི་གནང་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་འདིའི་ཚེས་ ༢༩ ནས་དབུ་འཛུགས་ཀྱིས་ཟླ་ ༩ ཚེས་ ༡ བར་ཉིན་གྲངས་བཞིའི་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཨིན་ཌོ་ནེ་ཤཱིཡ་དང་ཀོ་རི་ཡ། མ་ལེ་ཤཱི་ཡ་དང་སིངྒ་པུར། ཐའེ་ལན་ཌི། ཝེ་ཏི་ནམ་བཅས་ཀྱི་དད་ལྡན་ཆོས་ཞུ་བར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་ལེའུ་གཉིས་པའི་གསུང་ཆོས་འཕྲོ་སྐྱོང་བཀའ་དྲིན་སྩལ་རྒྱུ་ཡིན་པ་རེད།

རུ་ཐོག་རྫོང་དུ་གངས་རུད་བྱུང་བ་དེ་གནམ་གཤིས་འགྱུར་ལྡོག་དབང་གིས་ཡིན་པར་ཚོད་དཔག་གནང་བཞིན་འདུག

ཉེ་ཆར་བོད་མངའ་རིས་ས་ཁུལ་གྱི་རུ་ཐོག་རྫོང་དུ་བྱུང་བའི་གངས་རུད་ཀྱི་དོན་རྐྱེན་དེར་ཁོར་ཡུག་ཉམས་ཞིབ་པ་ཚོས་གནམ་གཤིས་འགྱུར་ལྡོག་དབང་གིས་ཡིན་པར་ཚོད་དཔག་གནང་བཞིན་ཡོད་འདུག དེ་ཡང་ཟླ་བ་སྔོན་མའི་ཚེས་ ༡༧ ཉིན་བོད་མངའ་རིས་ས་ཁུལ་གྱི་རུ་ཐོག་རྫོང་དུ་གངས་རུད་བྱུང་ནས་གྲོང་ཚོ་དེའི་ནང་གི་འབྲོག་པ་ཁྱིམ་ཚང་ ༦ ཡོད་པ་ལས་འབྲོག་མི་ ༩ རྐྱེན་ལམ་དུ་འགྱུར་ཡོད་པ་དང་། གཡག་དང་ལུག་ ༡༠༠ སྐོར་ལྷག་གོད་ཆག་དེའི་རྐྱེན་པས་ས་འོག་ཏུ་ཚུད་པའི་གནས་ཚུལ་ཐོན་དོན་ལྟར། ཉེ་ཆར་ཁོར་ཡུག་ཉམས་ཞིབ་པས་དོན་རྐྱེན་དེར་བརྟག་པ་གནང་སྟེ་ nature.com  ཞེས་པའི་ཁོར་ཡུག་གི་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བའི་ནང་།  རུ་ཐོག་རྫོང་དུ་གངས་རུད་བྱུང་སྟངས་དེ་རྒྱུན་ལྡན་དང་མི་འདྲ་བའི་གྱེན་གཟར་པོའི་ས་བབ་ཞིག་ཡིན་པར་རྒྱ་མཚོའི་ངོས་ནས་མི་ཊར་ ༥༢༠༠ ནས་ ༦༢༠༠ བར་གྱི་ས་ཆ་ཐེར་ཐེར་ཞིག་ཏུ་གངས་རུད་བྱུང་བ་ར་སྤྲོད་གནང་འདུག།  གངས་རུད་དེ་དག་རུ་ཐོག་རྫོང་ནས་ཁུལ་དེའི་ལུང་ཤོངས་བརྒྱུད་ Aruku མཚོ་བར་ཁྱོན་སྤྱི་ལེ་དྲུག་གི་རིང་ཚད་བར་ཁྱབ་འདུག ད་རེས་རུ་ཐོག་རྫོང་གི་གངས་རུད་དོན་རྐྱེན་དེས་གངས་རུད་ཁྱད་ལས་པའི་ཉམས་ཞིབ་པ་མང་པོ་ཞིག་ཧོན་འཐོར་དགོས་པའི་གནས་སྟངས་ཤིག་ཏུ་འགྱུར་བ་དང་། འཁྱགས་རོམ་གྱི་བཞུར་ཚད་ལ་རིམ་བཞིན་འཕར་ཆ་འགྲོ་བཞིན་ཡོད་པ་དེ་གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་ཡིན་པར་དོགས་གཞི་གནང་བཞིན་འདུག་ལ། ལྷག་པར་དུ་རྒྱ་གཞུང་གི་ཚན་རིག་ལྟེ་གནས་ཀྱི་ཉམས་ཞིབ་པ་ Zong Jibiao ལགས་ཀྱིས་ས་ཆ་ཐེར་ཐེར་ཞིག་ནས་གངས་རུད་བརྒྱབ་དོན་གང་ཡིན་དང་དེའི་བྱུང་རིམ་བཅས་ཤེས་དཀའ་བའི་གནས་ཡིན་སྐོར་གསུངས་པ་དང་ཆབས་ཅིག གངས་རུད་ཀྱི་ཤུགས་རྐྱེན་དེས་རྒྱུག་ཆུ་བབ་སའི་ལུང་ཤུར་དེ་ཡང་རྒྱ་ཆེ་རུ་ཕྱིན་ཡོད་པ་མངོན་གསལ་གནང་འདུག ད་དུང་ཁོང་གིས་རུ་ཐོག་རྫོང་གི་གངས་རུད་ཐད་ཞིབ་འཇུག་གནང་པའི་གྲུབ་དོན་ལ་གངས་རུད་ཀྱི་ཁྱབ་ཚད་དེ་རུ་ཐོག་རྫོང་གི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༡༠ ཙམ་ལ་ཁྱབ་ཡོད་པ་མ་ཟད། དེའི་མཐུག་ཚད་དེ་མི་ཊར་ ༣༠ ཡིན་པ་ར་སྤྲོད་བྱུང་འདུག ཁྱད་པར་དུ་ད་ལྟའི་རུ་ཐོག་རྫིང་གི་གངས་རུད་དེ་དང་འདྲ་བ་ཞིག་དེ་སྔ་ ༢༠༠༢ ལོར་ཨུ་རུ་སུའི་ནང་གི་ kolka འཁྱགས་རོམ་ནས་དེ་ལྟར་བྱུང་ཡོད་པ་མ་ཟད། སྐབས་དེར་མི་ ༡༤༠ ཙམ་རྐྱེན་ལམ་དུ་འགྱུར་ཡོད་བཅས་གསུངས་འདུག ཡང་འཁྱགས་རོམ་ཉམས་ཞིབ་པ་སྐུ་ཞབས་ Tian Lide ཀྱིས་ ༡༩༦༠ ནས་བཟུང་བོད་ནང་གི་ཚ་དྲོད་ཀྱི་མྱུར་ཚད་དེ་ཚགས་བཞི་ཅམ་འཕར་ཡོད་པ་དེ་ནི་གོ་ལའི་ཚ་དྲོད་ལས་ལྡབ་གཉིས་ལྷག་འཕར་ཡོད་པ་དང་།  ད་ཆ་འཁྱགས་རོམ་རྣམས་རིམ་བཞིན་བཞུར་ནས་གངས་རུད་བརྒྱབ་རྒྱུའི་ཉེན་ཁ་ཡོད་སྲིད་པ་རེད་ཅེས་གསུངས་པ་མ་ཟད། ཉམས་ཞིབ་པ་ཁག་ཅིག་གིས་ད་ཆ་བོད་ནུབ་ཕྱོགས་ནང་འཁྱགས་རོམ་བཞུར་རྒྱུའི་གནད་དོན་མང་པོ་བྱུང་བཞིན་ཡོད་པ་དེ་དག་གི་རྒྱུ་རྐྱེན་གཙོ་བ་དེ་གནམ་གཤིས་འགྱུར་གྱི་ཚ་དྲོད་འཕར་བཞིན་པའི་གནས་སྟངས་དེའི་དབང་གིས་ཡིན་པ་དང་དོན་རྐྱེན་དེའི་རིགས་ཡང་ཡང་བྱུང་བར་ཤུགས་རྐྱེན་ཆེན་པོ་སྤྲད་ཡོད་པ་མངོན་བཏོན་གནང་ཡོད་པ་རེད།

སྤྱི་འཐུས་ལྷན་ཚོགས་ཀྱིས་ཨི་ཊ་ལིའི་གཞུང་མང་གཉིས་ལ་གདུང་སེམས་མཉམ་སྐྱེད་ཀྱི་འཕྲིན་ཡིག་ཕུལ་བ།

 བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཉེ་སྔོན་ཟླ་ ༨ ཚེས་ ༢༤ རེས་གཟའ་ལྷག་པའི་ཉིན་ཨི་ཊ་ལིའི་དབུས་སུ་ཆགས་པའི་རྒྱལ་ས་རོམ་གྱི་ཉེ་འདབས་སུ་རྟེན་གཞི་བྱས་པའི་ Amatrice  གྲོང་གསེབ་གཙོས་ས་གནས་ཁག་ཏུ་ས་འགུལ་གྱི་འཇིག་རྐྱེན་འོག་རྨས་སྐྱོན་དང་ཚེ་སྲོག་ཤོར་བའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་སེམས་གསོ་གནང་འདུག དེའང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཨི་ཊ་ལིའི་སྲིད་འཛིན་སྐུ་ཞབས་ Sergio Mattarella མཆོག་གི་མཚན་ཐོག་ཏུ་གདུང་སེམས་མཉམ་བསྐྱེད་ཀྱི་འཕྲིན་ཡིག་གཅིག་ཕུལ་ཡོད་པ་དེའི་ནང་ Amatrice  གྲོང་གསེབ་གཙོས་ས་གནས་ཁག་ཏུ་ས་འགུལ་ཤུགས་ཚད་ ༦ ཅན་དེའི་འཇིག་རྐྱེན་འོག་ཁྱོན་མི་གྲངས་ ༢༥༠ ལྷག་རྐྱེན་ལམ་དུ་འགྱུར་བ་མ་ཟད།  སྡོད་ཁང་མང་པོ་ཞིག་པར་བརྟེན་བོད་མི་མང་སྤྱི་འཐུས་ཚོགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་རྐྱེན་ལམ་དུ་འགྱུར་བ་དང་། རྨས་སྐྱོན་ཕོག་པ། དེ་བཞིན་ཤུལ་ལུས་ནང་མི་གཙོས་དགའ་ཉེ་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་ཁོང་རྣམས་ནས་སྙིང་སྟོབས་ཆེན་པོས་སྔར་བཞིན་ཞི་བདེའི་དཔལ་ལ་རོལ་ཐུབ་པའི་སྨོན་འདུན་ཤུགས་དྲག་ཞུས་འདུག ལྷག་དོན་ ༢༠༠༩ ལོར་ཨི་ཊ་ལིའི་གྲོས་ཚོགས་དང་མི་མང་གི་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་འོག་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ལྷན་ཚོགས་ཐེངས་ ༥ རྒྱལ་ས་རོམ་དུ་ཚོགས་ཐུབ་པ་བྱུང་ཡོད་སྟབས། ང་ཚོས་ཨི་ཊ་ལིས་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བཞིན་པར་བཀའ་དྲིན་བསམ་ཤེས་ཀྱིས་ད་ལན་གོད་ཆག་བྱུང་བར་གདུང་སེམས་མཉམ་སྐྱེད་དང་སེམས་གསོ་ཡོད་ཅེས་གསུངས་འདུག

དུས་འཁོར་དབང་ཆེན་སྐབས་༸གོང་ས་མཆོག་གི་༸སྐུའི་སྲུང་ཆ་དེ་སྔ་ལས་ལྷག་པ་གོ་སྒྲིག་ཞུ་རྒྱུ་ཡིན་ཅེས་གསུངས་སོང་།

བོད་མིའི་སྒྲིག་འཛུགས་ཀྱིས་རིང་མིན་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐོག་ཆོས་ཞུ་བ་མང་ཚོགས་འབུམ་བཞི་ལྷག་ཡོང་རྒྱུའི་ཚོད་དཔག་གནང་བཞིན་འདུག་པ་དང་། ལྷག་དོན་༸གོང་ས་མཆོག་གི་༸སྐུའི་སྲུང་ཆ་གཙོས་པའི་མང་ཚོགས་ཀྱི་བདེ་འཇགས་དང། ཆོས་ཞུ་བའི་བཞུགས་གནས་སོགས་ཀྱི་ཐད་སྔར་ལྷག་གོ་སྒྲིག་ཞུ་རྒྱུ་ཡིན་ཅེས་གསུངས་སོང་། དེ་རིང་ཟླ་ ༨ ཚེས་ ༢༥ ཉིན་རྒྱབ་ཏུ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་དབུས་པའི་ཚོགས་གཞོན་བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་བཅས་རྣམ་པ་གསུམ་དབུ་བཞུགས་ཀྱིས་དུས་དབང་གི་ལས་དོན་དང་གོ་སྒྲིག་ཞུ་ཕྱོགས་ཐད་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སོང་། སྐབས་དེར་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ཐེངས་འདིའི་དུས་འཁོར་དབང་ཆེན་དེ་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་གནང་གི་ཡོད་པ་དང། དེ་ཡང་༸གོང་ས་མཆོག་གཙོས་པའི་འགྲོ་བ་ལྷ་དང་བཅས་པའི་ཕན་བདེ་མ་ལུས་པའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་འཕེལ་ཡོང་བ་དང། འཛམ་གླིང་སྐྱེ་འགྲོ་ཀུན་ལ་བདེ་སྐྱིད་གོང་འཕེལ་ཡོང་ཐབས། དེ་བཞིན་བོད་བསྟན་སྲིད་མི་རིགས་ཀྱི་བདེ་དོན་སེལ་རྒྱུ་བཅས་ལ་དམིགས་ཏེ་གོ་སྒྲིག་གནང་པ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་པ་དང་ཆབས་ཅིག དུས་དབང་གོ་སྒྲིག་ཚོགས་ཆུང་གིས་ ༢༠༡༧ ལོའི་དུས་འཁོར་དབང་ཆེན་སྐབས་༸སྐུའི་སྲུང་ཆ་གཙོས་པའི་མང་ཚོགས་ཀྱི་བདེ་འཇགས་དང། ཆོས་ཞུ་བའི་བཞུགས་གནས་སོགས་ཀྱི་ཐད་སྔར་ལྷག་གོ་སྒྲིག་ཞུ་རྒྱུ་ཡིན་ཅེས་གསུངས་སོང་། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་ཡུལ་དུ་༸གོང་ས་མཆོག་གི་བཀའ་དགོངས་ལྟར་ཆོས་ཞུ་བའི་བདེ་དོན་རང་ལ་དམིགས་ཏེ་སྡོད་གུར་དང། འཕྲོད་བསྟེན། ཁོར་ཡུག་གཙང་བཟོ། ཆུ་དང་གློག དེ་བཞིན་གསུང་ཆོས་སྐབས་མི་ཤི་དོན་རྐྱེན་བྱུང་བའི་རིགས་ཚུན་ཆད་ལ་ལྟ་རྟོག་ཞུ་ཕྱིར་དམིགས་བསལ་གྱི་སྡེ་ཚན་འཆར་འགོད་ཀྱིས་གོ་སྒྲིག་ཚོགས་ཆུང་ཆེད་འཛུགས་ཐོག་རྒྱ་ཆེ་ཆོས་ཞུ་བར་དཀའ་ངལ་མི་ཡོང་བར་འབད་བརྩོན་སྔར་ལྷག་ཞུ་རྒྱུ་ཡིན་ཅེས་གསུངས་སོང་། ད་དུང་ཆོས་རིག་བཀའ་བློན་མཆོག་གིས་ཐེངས་འདིའི་དུས་དབང་ཐོག་བོད་མིའི་སྒྲིག་འཛུགས་ཀྱིས་ནང་སྲིད་དང་འཕྲོད་བསྟེན། ཤེས་རིག། ཆོས་རིག་ཁྱས་ཁོངས་ཀྱི་ཉམས་ཐག་དང་ནད་གཅོང་། དྭ་ཕྲུག་སློབ་མ། དེ་བཞིན་རྒས་གཅོང་བཅས་ཆོས་ཞུ་བ་ ༡༥༠༠ ལྷག་ལ་རིན་མེད་ཐོག་དུས་དབང་ཞུ་བར་ཁྲིད་རྒྱུ་ཡིན་ཅེས་གསུངས་ཡོད། ཆོས་རིག་བཀའ་བློན་མཆོག་གིས་གསུངས་པར་ལྟར་ན་བོད་མིའི་སྒྲིག་འཛུགས་ནས་ཐེངས་འདིའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐོག་ཆོས་ཞུ་བ་མང་ཚོགས་འབུམ་བཞི་ལྷག་ཡོང་རྒྱུའི་ཚོད་དཔག་གནང་བཞིན་འདུག་པ་དང་། ད་ལྟའི་ཆར་དེ་དག་གི་བཞུགས་གནས་སྡོད་གུར་ ༡༥༠༠ ལྷག་གོ་སྒྲིག་ཞུས་འདུག་པ་དང་། ཕྱིས་སུ་རིམ་བཞིན་ཆོས་ཞུ་བའི་དགོས་མཁོ་ལ་གཞིགས་ཏེ་མང་རུ་གཏོང་རྒྱུ་ཡིན་འདུག་པ་མ་ཟད། ཆོས་ཞུ་བའི་སྡོད་གུར་ལ་རྣམ་གྲངས་མི་འདྲ་བ་བཞི་འདུག་པ་དེ་དག་ལ་བོད་མིའི་སྒྲིག་འཛུགས་ཀྱིས་བརྒྱ་ཆ་ ༥༠ ནས་ ༢༥ བར་ཆག་ཡང་གནང་བའི་རྗེས། མི་གྲངས་ ༨ ཤོང་ཚད་ཅན་གྱི་སྡོད་གུར་ལ་ཧིན་སྒོར་ ༢༧༧༥ དང་། མི་གྲངས་ ༣༠ ཤོང་ཚད་ཅན་གྱི་གུར་ལ་ཧིན་སྒོར་ ༡༣༡༥༥ དང་། Swiss Cottage Tent མི་གྲངས་ ༤ ཤོང་བའི་གུར་ལ་ཧིན་སྒོར་ ༡༡༦༤༦ དེ་བཞིན་ ply wood སྡོད་ཁང་མི་གྲངས་ ༨ ཤོང་ཚད་ཅན་ལ་ཧིན་སྒོར་ ༡༧༢༥༠ བཅས་ཡིན་པ་རེད་འདུག རྩ་བའི་དུས་འཁོར་དབང་ཆེན་ཐེངས་ ༣༤ དེ་༸གོང་ས་མཆོག་གིས་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་ ༢༠༡༧ ལོའི་ཟླ་ ༡ ཚེས་ ༣ ནས་དབུ་འཛུགས་ཀྱིས་ཚེས་ ༡༤ བར་བསྩལ་གནང་རྒྱུ་ཡིན་པ་དང་། དུས་དབང་གི་བཀའ་ཆོས་སྔོན་འགྲོའི་གསུང་ཆོས་ལ་མགོན་པོ་མཆོག་གིས་སྤྱོད་འཇུག་ཆེན་མོ་དང་སྒོམ་རིམ་བར་པའི་བཀའ་ཆོས་བསྩལ་རྒྱུ་རེད་འདུག དེ་མཚུངས་སུ་གསུང་ཆོས་ཀྱི་སྐབས་ཆོས་བརྒྱུད་རིས་མེད་ཀྱི་བླ་ཆེན་ཁག་དབུས་པའི་གྲྭ་བཙུན་རྣམས་འདུ་འཛོམས་ཀྱིས་རིས་མེད་སྨོན་ལམ་རྒྱལ་འཛོམས་གསུང་ཚོགས་གནང་རྒྱུ་རེད་འདུག དུས་འཁོར་དབང་ཆེན་ཐེངས་ ༣༤ དེ་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་གནང་པ་ཞིག་ཡིན་ཀྱང་། དུས་དབང་གི་བཀའ་ཆོས་ཐོག་ཡོན་བདག་ཞུ་རྒྱུའི་གསོལ་འདེབས་ཞུ་མཁན་མང་དག་ཞིག་བྱུང་ཡོད་སྟབས། དཔལ་ལྡན་དགའ་ལྡན་ཕོ་བྲང་གིས་བཀའ་བཞེས་ཐོབ་པའི་ཡོན་བདག་ཁོངས་སུ་ གཞིས་བྱེས་མགོ་ལོག་ཨ་སྐྱོང་ཁང་གསར་སྡེ་ཚོགས་ཀྱི་སེར་སྐྱ་མང་ཚོགས་ཀྱིས་གཙོས་པའི་བཙན་བྱོལ་ཕྱི་ནང་གི་ཁྱིམ་ཚང་དང་སྒེར་པ་ ༢༠ ཐམ་པ་བཅས་འདུག

༸གོང་ས་མཆོག་ལ་དྭགས་ནང་གི་མཛད་འཕྲིན་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ནང་ཟླ་བ་གཅིང་རིང་གི་ཆོས་འབྲེལ་བཀའ་སློབ་སོགས་ཀྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་ཏེ་དེ་རིང་སྔ་ཐོག་སླེ་ནས་མཁའ་ལམ་བརྒྱུད་བཞུགས་སྒར་དུ་ཆིབས་སྒྱུར་བསྐྱངས་གནང་སོང་། དེ་རིང་ཟླ་ ༨ ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོ་ཚོུད་ ༡༠།༠༠ ཡོལ་ཙམ་ལ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སླེ་བ་ཀུ་ལ་གནམ་ཐང་ནས་མཁའ་ལམ་བརྒྱུད་བཞུགས་སྒར་ཉེ་འདབས་སུ་ཡོད་པའི་གྷ་གལ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟེན་འཕེལ་མཆོག་གིས་གཙོས་གཞུང་འབྲེལ་དང་གཞུང་མིན་པའི་ཚོགས་ཁག་གི་གནད་ཡོད་མི་སྣ་སོགས་ཆེད་བཅར་གྱིས་ཕེབས་བསུ་ཞུས་སོང་བ་དང་། བཞུགས་སྒར་དུ་ཆིབས་སྒྱུར་སྐབས་ཕེབས་ལམ་གྱི་གཡས་གཡོན་དུ་སྲི་ཞུ་ལས་བྱེད་རྣམ་པ་གཙོས་ས་གནས་བོད་མི་ཚོས་ལག་ཏུ་དཀར་གཙང་གི་མཇལ་དར་དང་དྲི་ཞིམ་གྱི་དུག་སྤོས། ཞུགས་ཏོག་བཅས་བསྣམས་ཏེ་དགའ་དད་སྤྲོ་གསུམ་གྱི་ངང་ནས་མགོན་པོ་མཆོག་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་སོང་། མགོན་པོ་མཆོག་ལ་དྭགས་ཞི་བའི་ཚལ་ཕོ་བྲང་ནས་བ་ཀུ་ལ་གནམ་ཐང་དུ་ཕེབས་ཐོན་མཛད་སྐབས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་དབུས་པའི་ཁྲིག་རྩེ་མཁན་པོ་རིན་པོ་ཆེ་མཆོག དགོན་ཁག་གི་མཁན་བླ་སྤྲུལ་རྣམ་པ། གཞུང་གི་དཔོན་རིགས་དང་གྲོས་ཚོགས་འཐུས་མི། ཆིབས་སྒྱུར་གོ་སྒྲིག་ཚོགས་ཆུང་གི་དབུ་སྐྱོང་སོགས་ཕེབས་སྐྱེལ་དུ་བཅར་ཡོད་པ་དང་། ཁྱད་པར་དུ་གཞུང་ལམ་གྱི་གཡས་གཡོན་དུ་ལ་དྭགས་པ་དང་བོད་པ་སྟོང་ཕྲག་ལྷག་གིས་དད་གུས་ཆེན་པོས་གྱོན་ཆས་ལེགས་པར་སྤྲད་དེ་ཕྱག་ཏུ་གདུག་སྤོས་དང་མཇལ་དར། ཞུགས་ཏོག་སོགས་བསྣམས་ཏེ་ཕེབས་སྐྱེལ་གཟབ་རྒྱས་ཞུས་ཡོད་པ་རེད། གཞི་རྩའི་མགོན་པོ་༸གང་ཉིད་མཆོག་ད་རེས་ལ་དྭགས་ཁུལ་དུ་ཟླ་བ་སྔོན་མའི་ཚེས་ ༢༥ ཉིན་དབུ་འཛུགས་ཀྱིས་དེ་རིང་ཟླ་ ༨ ཚེས་ ༢༥ བར་ཁྱོན་ཟླ་བ་གཅིག་རིང་བཞུགས་ཞག་མཛད་འཕྲིན་བསྐྱངས་པའི་ཁྲོད། གཙོ་བོ་ཕྱི་ཚེས་ ༩ ནས་ ༡༡ བར་ལ་དྭགས་ཁྲིག་རྩེ་ཚུལ་ཁྲིམས་རྣམ་དག་གླིང་དགོན་ནས་༸གང་ཉིད་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། ཕར་ཕྱིན་དབྱར་ཆོས་ཆེན་མོ་ཐེངས་ ༤ པའི་ཚོགས་མགོན་དུ་དབུ་བཞུགས་མཛད་པ་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་སྒྲོན་དང་། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་བསྩལ་བ་མ་ཟད། ཕྱི་ཚེས་ ༡༨ ནས་ ༢༡ བར་༸གང་ཉིད་མཆོག་གིས་དད་ལྡན་མང་ཚོགས་སྟིང་ཚོ་བརྒལ་བར་ཐུགས་རྗེ་ཆེན་པོའི་བཀའ་དབང་བཀྲིན་བསྩལ་ཡོད་པ་རེད། རྩ་བའི་༸གོང་ས་མཆོག་བཞུགས་སྒར་དུ་ཆིབས་སྒྱུར་བསྐྱངས་ཡོད་པ་ལྟར། ལ་དྭགས་སུ་གནས་མཇལ་དང་གསུང་ཆོས་ཆེད་དུ་བཅར་བའི་ཆོས་ཞུ་བ་རྣམས་ཀྱང་བླ་མའི་དྲུང་ནས་བྱིན་རླབས་ཆེན་པོ་བྱུང་སོང་ཞེས་གསུང་བཞིན་རང་རང་སོ་སོའི་ཡུལ་ལ་ཐོན་བཞིན་འདུག ཁོང་རྣམས་ཀྱིས་སླར་ཡང་དྲིན་ཅན་གྱི་བླ་མ་མཇལ་བར་ཤོག་ཅེས་སོགས་སྨོན་ལམ་འདེབས་བཞིན་འདུག ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་ལ་གཞིགས་ན། རིན་མིན་ཟླ་ ༨ ཚེས་ ༢༩ ནས་དབུ་འཛུགས་ཀྱིས་ཟླ་ ༩ ཚེས་ ༡ བར་ཉིན་གྲངས་བཞིའརིང་ཨིན་ཌོ་ནེ་ཤཱིཡ་དང་ཀོ་རི་ཡ། མ་ལེ་ཤཱི་ཡ་དང་སིངྒ་པུར། ཐའེ་ལན་ཌི། ཝེ་ཏི་ནམ་བཅས་ཀྱི་དད་ལྡན་ཆོས་ཞུ་བས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། མགོན་པོ་༸གང་ཉིད་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་ལེའུ་གཉིས་པའི་གསུང་ཆོས་འཕྲོ་སྐྱོང་བཀའ་དྲིན་སྩལ་རྒྱུ་ཡིན་པ་རེད།

རེས་གཟའ་ཕུར་བུ། ༢༠༡༦།༠༨།༢༥

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་ལ་དྭགས་ནང་གི་མཛད་འཕྲིན་ལེགས་གྲུབ་ཀྱིས་དེ་རིང་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་པ། དུས་འཁོར་དབང་ཆེན་སྐབས་༸གོང་ས་མཆོག་གི་༸སྐུའི་སྲུང་ཆ་དེ་སྔར་ལས་ལྷག་པ་གོ་སྒྲིག་ཞུ་རྒྱུ་ཡིན་ཅེས་གསུངས་འདུག Australia ནང་དུ་ Mao Zedong ལ་ཆེ་བསྟོད་ཀྱི་མཚན་ཚོགས་ལས་རིམ་ལ་ས་གནས་རྒྱ་རིགས་ཀྱིས་ངོ་རྒོལ། བོད་ཀྱི་གསོ་རིག་ངོས་འཛིན་ཐུབ་ཕྱིར་བོད་མི་སྤྱི་སྒེར་ཡོངས་ནས་དོ་འཁུར་བཞེས་དགོས་པའི་སྐུལ་མ། Dengue ནད་གཞི་དང་འབྲེལ་བའི་གོ་རྟོག་ལས་རིམ། Thursday 25/08/2016 Dalai Lama concludes Ladakh trip, returns to Dharamsala CTA gears up for 34th Kalachakra, assures more security for the Dalai Lama Concert series glorifying Mao in Australia sparks outrage among Chinese-Australians We must put effort to get legal recognition for ‘Tibetan Sowa Rigpa’: TMAI Director HEALTH FEATURE: Dengue awareness program in Delhi

བོད་ཀྱི་གསོ་རིག་ངོས་འཛིན་ཐུབ་ཕྱིར་བོད་མི་སྤྱི་སྒེར་ཚང་མས་དོ་འཁུར་གཟབ་བཞེས་གནང་དགོས་པའི་སྐུལ་མ་གནང་པ།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་བཞིན་རྒྱུན་ལས་གསར་རྙིང་འཕོ་འགྱུར་གྱི་མཛད་སྒོའི་དབུས་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲིས་ལགས་ཀྱིས་བོད་ཀྱི་གསོ་རིག་ངོས་འཛིན་ཐུབ་ཕྱིར་བོད་མི་སྤྱི་སྒེར་ཚང་མས་དོ་འཁུར་གཟབ་བཞེས་གནང་དགོས་པའི་སྐུལ་མ་གནང་སོང་། དེ་རིང་ཟླ་ ༨ ཚེས་ ༢༥ ཉིན་གྱི་སྔ་དྲོ་ཚོུད་ ༡༡།༠༠ ཐོག་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་གཙོས། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་དང་སྨན་རྩིས་ཁང་གི་འགན་འཛིན། སྐུ་བཅར་སྨན་པ་རྟ་མགྲིན་ལགས། སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་སྨན་རབས་པ་ངག་དབང་བཟོད་པ་ལགས། ཚོགས་མི་ལས་ཟུར་སོགས་ཚང་འཛོམས་ཀྱིས་སྨན་པའི་ལྷན་ཚོགས་ཀྱི་རྒྱུན་ལས་གསར་རྙིང་འཕོ་འགྱུར་གྱི་མཛད་སྒོ་ཚོགས་ཡོད་པ་རེད། སྐབས་དེར་དམིགས་བསལ་སྐུ་མགྲོན་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲིས་ལགས་ཀྱིས་བོད་ཀྱི་སྨན་རྩིས་ཁང་ནས་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་སྒྲིག་གཞི་དངས་ལེན་ཞུས་ཐོག་སྨན་པའི་ལྷན་ཚོགས་ཀྱི་ལས་དོན་གང་སྤྱིར་མི་རྒྱུའི་མཐུན་སྦྱོར་གང་ཐུབ་ཞུས་དང་ཞུ་མུས་ཡིན་ཀྱང་། རྒྱ་གར་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་ཨ་ཡུཤ་ཡིས་གསོ་བ་རིག་པ་ཟེར་བ་དེ་བོད་ཀྱི་གསོ་བ་རིག་པར་གོ་མི་ཐུབ་ཅིང་། ལྷག་པར་དུ་བོད་ཀྱི་སྨན་རྩིས་ཁང་གི་ལས་དོན་ལ་གོ་མི་ཐུབ་ཅེས་དང་། དམིགས་བསལ་ཨ་ཡུཤ་སྡེ་ཚན་གྱི་ངོས་འཛིན་གནང་པའི་གསོ་རིག་སྨན་ལུགས་སྡེ་ཚན་ནང་བོད་པའི་སྨན་པའི་སྐུ་ཚབ་གཅིག་ཀྱང་མེད་པར་འགྲེལ་བརྗོད་དང་སྦྲགས། གནད་དོོན་དེ་འབྲེལ་མ་འོངས་པར་གནས་སྟངས་ཇི་ཆགས་ཀྱི་ཁ་ཕྱོགས་གང་འདྲ་ཞིག་ལ་འགྱུར་མིན་ཐད་ཆེད་ལས་སྨན་པ་ཚོས་དབུས་པའི་བོད་མི་སྤྱི་སྒེར་ཚང་མས་དོ་འཁུར་གཟབ་བཞེས་གནང་དགོས་པའི་ནན་སྐུལ་གནང་སོང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་མཆོག་གིས་སྨན་པའི་ལྷན་ཚོགས་ངོས་ནས་གསོ་རིག་དེ་རྒྱ་གར་གཞུང་གི་ཁྲིམས་ཀྱི་བརྒྱུད་ནས་ངོས་འཛིན་ཐུབ་ཆེད་དུ་སྐུ་ལས་གང་ཙམ་བསྐྱོན་ཏེ་ད་ཆ་གསོ་རིག་སྨན་ལུགས་དེ་རྒྱ་གར་གཞུང་གིས་སྨན་གྱི་སྡེ་ཁག་ནང་གཏན་འབེབས་ཟིན་ཐུབ་པ་དེས་གསོ་བ་རིག་པའི་བསྟན་པ་སྤྱི་ལ་ཕན་རླབས་ཆེན་པོ་བྱུང་ཡོད་པ་དང་། དེ་མི་ཉམས་རྒྱུན་འཛིན་ཡོང་བའི་གཞི་རྩ་ཞིག་ཆགས་ཡོད་སྟབས། ལྷན་ཚོགས་དེའི་ནང་གནད་དོན་དེའི་ཐོག་གོ་རྟོགས་དང་ཤེས་བྱ་ཡག་པོ་ཡོད་མཁན་གྱི་སྨན་པ་རྣམས་རྒྱུན་ལས་གནང་དགོས་གལ་ཡིན་སྐོར་གསུངས་པ་དང་འབྲེལ། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་མཐུན་འགྱུར་གང་ཡོང་གནང་རྒྱུཡིན་ཅེས་གསུངས་སོང་། རྩ་བའི་དེ་རིང་གི་མཛད་སྒོའི་ཐོག་བོད་ཀྱི་གསོ་བ་རིག་པའི་བསྟན་པར་མཛད་རྗེས་གཟེངས་སུ་ཐོན་པའི་གཡུ་ཐོག་གཟེངས་རྟགས་འབུལ་བཞེས་གནང་པ་མ་ཟད། ༸རྒྱལ་བའི་བླ་སྨན་ཟུར་པ་རྔོག་རིགས་དགེ་སློང་ཡེ་ཤེས་དོན་ལྡན་མཆོག་གིས་སྨན་སྦྱོར་ཁང་དེབ་སྐྱེལ་ལག་འཁྱེར་དང་། དེ་བཞིན་སྨན་རི་གླིང་གསོ་རིག་འབུམ་བཞིའི་མཐོ་སློབ་དེབ་སྐྱེལ་ལག་འཁྱེར་སོགས་བསྩལ་ཡོད་པ་རེད། སྐབས་ལྔ་པའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོར་ར་རྡོ་བློ་བཟང་བསྟན་འཛིན་ལགས་དང་ཚོག་གཞོན་དུ་སྨན་རབས་པ་བསོད་ནམས་སྒྲོལ་དཀར་ཨ་ཡུཤ་ལགས། སྨན་རབས་པ་ཚེ་རིང་མཚམས་གཅོད་ལགས་དྲུང་ཆེར་བསྐོ་གཞག་དང་རྒྱུན་ལས་ ༩ བཅས་ལྷན་ཚོགས་ཀྱི་ཚོགས་མི་ཁྱོན་ ༡༢ གསར་འདེམས་གནང་ཡོད་པ་རེད།

༸གོང་ས་མཆོག་གིས་ལ་དྭགས་མང་ཚོགས་ལ་སང་ཕོད་སླར་མཇལ་འཛོམས་ཡོང་བའི་བཀའ་བཞེས་བཟང་པོ་བསྩལ་བ།

དེ་རིང་ཟླ་ ༨ ཚེས་ ༢༤ ཉིན་གྱི་སྔ་དྲོ་ཚོུད་ ༡༡།༠༠ སྟེང་ལ་དྭགས་ཞི་བའི་ཚལ་གྱི་གསུང་ཆོས་རྭ་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་བཞུགས་གཙོས། དགའ་ལྡན་ཁྲི་རིན་པོ་མཆོག མཁན་བླ་སྤྲུལ་རྣམ་པ།  ས་གནས་ཀྱི་གཞུང་དང་སྒེར་ཚོགས་ཀྱི་གནད་ཡོད་མི་སྣ། ཆིབས་སྒྱུར་སྐབས་ཕྱག་ལས་གནང་མཁན་འབྲེལ་ཡོད་ལས་བྱེད་བཅས་ལྷན་འཛོམས་ཐོག་༸གང་ཉིད་མཆོག་ལ་ཐུགས་རྗེ་ཆེ་ཞུའི་གསོལ་སྟོན་གྱི་མཛད་སྒོ་ཚོགས་ཡོད་པ་རེད། སྐབས་དེར་མགོན་པོ་མཆོག་གིས་༸གང་ཉིད་ནང་པའི་གཞུང་སྡེ་སྣོད་གསུམ་དང་བསླབ་པ་གསུམ་ལ་ཐོས་བསམ་གནང་མཁན་གྱི་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགེ་སློང་ཞིག་དང་། རྒྱ་གར་དཔལ་ནཱ་ལེནྡྲའི་མཁས་པའི་དགེ་ཕྲུག་གཅིག་ཡིན་པར་དགོངས་གནང་གི་ཡོད་པ་བཀའ་བསྩལ་དང་ཆབས་ཅིག བཀྲིན་རྗེས་དྲན་དགའ་སྟོན་གྱི་མཆོད་པ་གཙོ་བོ་དེ་སྒྲུབ་པའི་མཆོད་པ་རེད་ཅེས་བཀའ་བསྩལ་འདུག  ད་དུང་༸གང་ཉིད་མཆོག་གིས་དུས་སང་སླར་ལ་དྭགས་སུ་ཆིབས་བསྒྱུར་མཛད་རྒྱུའི་ཞལ་བཞེས་བཟང་པོ་སྨིན་བསྩལ་ཐོབ་པ་དང་དུས་མཚུངས་མགོན་པོ་མཆོག་གིས་ཀྱང་གནས་འདིར་ཕེབས་ཡག་གི་ཡིད་དབང་འཕྲོག་པ་གཅིག་དེ་ས་གནས་ཀྱི་ཆོས་ལུགས་མཐུན་སྒྲིལ་བཟང་པོ་ཡོད་པ་དེ་ཡིན་ཅེས་བསྔགས་བརྗོད་འདུག ཁྱད་པར་དུ་སྐབས་དེར་༸གོང་ས་མཆོག་གིས་ལ་དྭགས་ནང་གི་རོལ་མོ་བ་དང་རྒྱ་གར་གྱི་ས་གནས་ཁག་ཅིག་ཏུ་རིགས་རུས་ཀྱི་དབྱེ་འབྱེད་འོག་མཐོང་ཆུང་བྱེད་བཞིན་ཡོད་པའི་གནས་ཚུལ་དང་འབྲེལ།  ༸གང་ཉིད་མཆོག་གིས་རིགས་རུས་དབྱེ་འབྱེད་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསུངས་ཏེ་དེ་ལྟར་ནམ་ཡང་གནང་རྒྱུ་མེད་པའི་སྐུལ་མ་ཡང་གནང་ཡོད་པ་རེད། སྐབས་དེར་ལ་དྭགས་ནང་པའི་ཚོགས་འདུའི་ཚོགས་གཙོ་སྐུ་ཞབས་ཚེ་དབང་འཕྲིན་ལས་ལགས་ཀྱིས་དེ་རིང་ཐེངས་འདིའི་མཛད་སྒོ་མཐའ་མ་འདིའི་ཐོག་ནས་མགོན་པོ་མཆོག་ད་རེས་ལ་དྭགས་སུ་ཟླ་བ་གཅིག་རིང་བཞུགས་བཞག་མཛད་ནས་ལ་དྭགས་མི་མང་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། བླང་དོར་གྱི་ལམ་སྟོན་བཀའ་སློབ་རྒྱ་ཆེ་མཛད་པར་སྙིང་ཐག་པ་ནས་བཀྲིན་ཆེ་ཞུ་རྒྱུ་མ་ཟད། ལྷག་དོན་ས་གནས་ཀྱི་ཆོས་ལུགས་གཞན་གྱི་དབུ་ཁྲིད་མི་མང་དང་མཇལ་མོལ་གནང་པར་ཐུགས་རྗེ་བླ་མེད་དུ་ཆེ་ཞེས་གསུངས་སོང་། མཐའ་དོན་ཁོང་གིས་ལ་དྭགས་སྐད་ཀྱི་ཐོག་གསོལ་འདེབས་ཞུས་པར། བླ་མ་མཁྱེན་ངས་རེ་བ་བཅོལ། བླ་མ་ཉིད་ཡང་བསྐྱར་ལ་དྭགས་སུ་ཕེབས་ནས་ཟླ་བ་གཅིག་གཉིས་རིང་བཞུགས་སུ་གསོལ། ང་ཚོས་སྐུ་ཉིད་ལ་སྐུ་ངལ་བཟོ་གི་མིན། མང་ཚོགས་ལ་གསུང་ཆོས་མ་བསྩལ་ན་འགྲིག ༸སྐུ་ཉིད་མཆོག་འདི་གར་བཞུགས་པ་ཙམ་གྱིས་ང་ཚོར་བྱིན་རླབས་ཧ་ཅང་ཆེན་པོ་ཞིག་ཐོབ་ཀྱི་འདུག་ཅེས་༸གོང་ས་མཆོག་ལ་གདུང་ཤུགས་དྲག་པོས་གསོལ་འདེབས་ཞུས་ཡོད། མཛད་འཆར་ལྟར་ན། སང་ཉིན་ཟླ་ ༨ ཚེས་ ༢༥ ཉིན་༸གོང་ས་མཆོག་ད་རེས་ལ་དྭགས་ནང་ཟླ་བ་གཅིག་རིང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་ཐོག་མཁའ་ལམ་བརྒྱུད་བཞུགས་སྒར་དུ་ཕེབས་ཐོན་མཛད་ཀྱི་ཡོད་པ་རེད།

རེས་གཟའ་ལྷག་པ། ༢༠༡༦།༠༨།༢༤

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་ལ་དྭགས་མང་ཚོགས་ལ་སང་ཕོད་སླར་ཡང་མཇལ་འཛོམས་ཡོང་བའི་བཀའ་བཞེས་བཟང་པོ་བསྩལ་འདུག རྒྱ་གཞུང་གིས་རྒྱལ་ཚོགས་ཀྱི་སྐུ་ཚབ་ལས་དོན་ལ་ཐེ་བྱུས་བྱེད་པར་སྐྱོན་བརྗོད། ཀུན་མཁྱེན་ལགས་ཞབས་ཐང་པོ་མེད་པའི་འོག་གློད་གྲོལ་བཏང་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་ཨོ་རྩེད་རྩེད་འགྲན་པར་འཚམས་འདྲི་ཞུས་འདུག བོད་མི་ཚོས་རྒྱ་གར་གྱི་མི་སེར་གནང་ཚེ་སྐྱབས་བཅོལ་བོད་མིའི་ཐོབ་ཐང་ཡོད་མ་རེད། Wednesday 24/08/2016 Dalai Lama thanks Ladakh, promises to visit again U.N. rights envoy says Chinese authorities interfered with his work Tibetan political prisoner released with maimed leg TPiE congratulates Indian Sports Ministry and Indian Olympic Contingent Refugee benefits not applicable once you are citizen: Former Kalon Tripa

Latest news