Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: September, 2018

རེས་གཟའ་ཕུར་བ། ༢༠༡༨།༠༩།༢༧

ཉན་པ།: Listen ཕབ་ལེན། Download ཆོལ་ཁ་དང་ཆོས་བརྒྱུད་ཚོགས་པ་སྐྱིད་སྡུག་ཁག་གི་སྲིད་སྤྱིའི་འོས་མི་འདོན་མི་ཆོག་པ་བཟོས་འདུག བོད་ནང་འདྲ་མཉམ་འགྲུལ་བཞུད་ཆོག་པའི་ཁྲིམས་འཆར་གཏན་འབེབས་གནང་བར་སྲིད་སྐྱོང་མཆོག་གིས་དགའ་བསུ་ཞུས་པ། དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་ཅིག་བཞུགས་སྒར་དུ་འཚམས་གཟིགས་སུ་ཕེབས་འདུག བོད་ནང་འགྲོ་བ་མིའི་ཐོབ་ཐང་ཇེ་སྡུག་ཏུ་འགྲོ་བཞིན་པའི་འགྲིམས་འགྲུལ་འགྲེམས་སྟོན་དབུ་འབྱེད་གནང་བ། ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་དུ་བོད་ཀྱི་རིག་གནས་སྐོར་བགྲོ་གླེང་ཚོགས་ཆེན་འགོ་འཛུགས། Thursday 27/09/2018 Tibetan NGOs, institutions barred from endorsing Sikyong and Parliamentary candidates Exile Tibetan leaders welcome Reciprocal Access to Tibet Act UK Parliamentary delegation visits Dharamsala Travelling exhibition to highlight Tibet's situation launched DLIHE hosts Conference on Tibetan sciences with reference to Buddhism

རེས་གཟའ་ལྷག་པ། ༢༠༡༨།༠༩།༢༦

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་ཡོ་རོབ་ཁུལ་གྱི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ། ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་ནང་རང་དབང་ཐོག་འགྲུལ་བསྐྱོད་ཆོག་པའི་ཁྲིམས་འཆར་གཏན་འབེབས་བྱུང་བ། ཧོང་ཀོང་ཆར་གདུགས་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་མཚོན་ཕྱིར་པར་རིས་ཀྱི་ལས་འགུལ་སྤེལ་བ། སེར་སྨད་གྲྭ་ཚང་དུ་བོད་བསྟན་སྲིད་དང་ཆུ་ལོག་གི་གོད་ཆགས་ཕོག་མཁན་་ཆེད་སརྒྱས་སྨན་བླའི་སྒྲུབ་མཆོད་ཚོགས་འདུག དམིགས་བསལ་ལེ་ཚན། ༸གོང་ས་མཆོག་གིས་ཟླ་འདིའི་ཚེས་ ༢༣ ཉིན་སུད་སི་བོད་མིར་བསྩལ་བའི་བཀའ་སློབ། Wednesday 26/09/2018 Dalai Lama arrives to Dharamsala after 4 country Europe tour US House passes Reciprocal Access to Tibet Act Tibetans hold solidarity action to mark Hong Kong’s Umbrella revolution Medicine Buddha prayer for South India flood victims FEATURE: His Holinees the Dalai Lama's talk to Tibetans in Switzerland

ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་ནང་རང་དབང་ཐོག་འགྲུལ་བསྐྱོད་ཆོག་པའི་ཁྲིམས་འཆར་གཏན་འབེབས་བྱུང་འདུག

ཁ་སང་རེས་གཟའ་མིག་དམར་ཉིན་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ནང་ Reciprocal Access to Tibet Act ཞེས་ཨ་རིའི་མི་སེར་རྣམས་འདྲ་མཉམ་ཐོག་ནས་བོད་ལ་འགྲུལ་བསྐྱོད་ཆོག་པའི་ཁྲིམས་འཆར་དེ་མང་མོས་ཀྱིས་གཏན་འབེབས་བྱུང་འདུག རྩ་བའི་ཁྲིམས་འཆར་དེ་ནི་སྔ་ལོ་ཨ་རིའི་གྲོས་ཚོགས་ཀྱི་ Tom Lantos འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་Jim Mcgovern ལགས་ཀྱིས་སྣེ་ཁྲིད་འོག་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་ཡུལ་དེའི་གྲོས་ཚོགས་གོང་འོག་གཉིས་ནང་འགོད་འབུལ་ཞུས་ཏེ་འདི་ལོའི་ཕྱི་ཟླ་ ༧ པའི་ནང་ཨ་རིའི་གྲོས་ཚོགས་ཀྱི་ཁྲིམས་ལུགས་ཚོགས་ཆུང་གིས་དེར་སྤྱི་མོས་ཐོག་རྒྱབ་སྐྱོར་ཞུས་པ་ཞིག་ཡིན་པ་དང་། དེའི་ནང་དོན་གཙོ་བོ་རྒྱ་ནག་གི་དཔོན་རིགས་དང་གསར་འགོད་པ། དེ་བཞིན་མི་སེར་རྣམས་ཨ་རིའི་ས་ཕྱོགས་གང་སར་རང་དབང་ངང་འགྲུལ་བསྐྱོད་ཀྱི་ཐོབ་ཐང་ཡོད་པ་བཞིན་དེ་མཚུངས་སུ་ Reciprocal Access ཞེས་ཨ་རིའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་མི་སྣ་དང་གསར་འགོད་པ་དང་བོད་པ་ཨ་རི་མི་སེར་ཡིན་པ། དེ་བཞིན་ཨ་རི་བ་བཅས་བོད་དང་རྒྱ་ནག་ནང་རང་དབང་ངང་འགྲུལ་བསྐྱོད་ཆོག་པའི་ཐོབ་ཐང་འདྲ་མཉམ་སྤྲོད་དགོས་སྐོར་བཅས་འཁོད་ཡོད་པ་རེད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲ་གནས་ཐོག་གནས་ཚུལ་བཀོད་པར་གཞིགས་ན། ཁ་སང་ཉིན་རྒྱབ་ཚོུད་ ༥པ་ཡོལ་ཙམ་ཐོག་ཨ་རིའི་གྲོས་ཚོགས་འོག་མ་ནས་ཨ་རིའི་མི་སེར་རྣམས་འདྲ་མཉམ་ཐོག་བོད་ལ་འགྲུལ་བསྐྱོད་ཆོག་པའི་ཁྲིམས་འཆར་དེར་རྒྱབ་སྐྱོར་གྱིས་གཏན་འབེབས་བྱུང་རྗེས། ཡུལ་དེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern ལགས་ཀྱིས་དེ་རིང་གི་ཉིན་མོ་འདི་ནི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ཧ་ཅང་གནད་འགག་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་དང་། ཨ་རིའི་གཞུང་ནས་མུ་མཐུད་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་དྲང་བདེན་གྱི་ལངས་ཕྱོགས་ཤིག་འཛིན་པའི་ཐོག་རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་ཤུགས་ཆེན་གཏོང་བཞིན་པའི་གནད་དོན་ཐད་ཡོངས་བསྒྲགས་ཐོག་སྐྱོན་བརྗོད་བྱ་དགོས་པའི་ནན་སྐུལ་གནང་འདུག དེ་བཞིན་ཨ་རིའི་གྲོས་ཚོགས་འཐུས་མི་ལྕམ་ Ileana Ros-Lehtinen ལགས་ཀྱིས་ཁྲིམས་འཆར་འདི་ནི་བོད་མིར་རྒྱབ་སྐྱོར་མཚོན་ཐབས་བྱས་པ་ཙམ་མ་ཟད། རྒྱ་གཞུང་གིས་ཨ་རིའི་ཐོག་བཅངས་པའི་སྡང་ཟུག་གི་བློར་ཡ་ལན་བྱ་རྒྱུའི་ཐོག་ལའང་གལ་ཆེན་ཞིག་ཆགས་ཀྱི་ཡོད་པ་དང་། ལྷག་དོན་ཁོང་སྐུ་སྒེར་ངོས་ནས་ཨ་རི་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཐད་རྒྱ་གཞུང་གིས་ངན་བྱུས་ཤིག་བཏིང་དང་འདིང་བཞིན་པའི་མཇུག་འབྲས་ཐོག་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་ནའང་། ད་ཆ་ཁྲིམས་འཆར་དེའི་བརྒྱུད་རྒྱ་གཞུང་ནས་བོད་མིའི་ཐོག་སྤེལ་བཞིན་པའི་ཚུལ་མིན་དང་དྲག་གནོན་གྱི་བྱ་སྤྱོད་ཁག་ལ་ཨ་རིའི་གཞུང་གིས་སྣང་མེད་དུ་འཇོག་ཐབས་མེད་པའི་བརྡ་ལན་གསལ་པོ་ཞིག་སྤྲད་ཡོད་པར་ནན་བརྗོད་གནང་འདུག དེ་དང་ཆབས་ཅིག་ལྕམ་སྐུ་མཆོག་གིས་ཨ་རིའི་གཞུང་ནས་རྒྱ་ནག་དང་འབྲེལ་མོལ་ཁྲོད་བོད་ཀྱི་གནད་དོན་དེ་གཙོ་གྲས་སུ་ངོས་འཛིན་དགོས་པའི་ཞུ་སྐུལ་དང་སྦྲགས་ནས་དེ་རིང་གི་ཁྲིམས་འཆར་དེའི་བརྒྱུད་ཨ་རིའི་གཞུང་ནས་དེའི་ཕྱོགས་སུ་མདུན་བསྐྱོད་གནང་བཞིན་པར་ངོས་རང་དགའ་བ་སྐྱེད་ཀྱི་འདུག་ཅེས་གསུངས་འདུག ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིཚོགས་གཙོ་ Matteo Mecacci ལགས་ཀྱིས། ད་ལན་ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ་ཨ་རིའི་མི་སེར་རྣམས་འདྲ་མཉམ་ཐོག་ནས་བོད་ལ་འགྲུལ་བསྐྱོད་ཆོག་པའི་ཁྲིམས་འཆར་ལ་རྒྱབ་སྐྱོར་གཏན་འབེབས་བྱུང་བ་དེས་ཡུལ་དེའི་གྲོས་ཚོགས་འཐུས་མི་ངོས་ནས་མུ་མཐུད་བོད་མིའི་གནད་དོན་ཐད་སེམས་འཁུར་ལེན་བཞིན་པའི་རྣམ་པ་མངོན་གསལ་བྱས་ཡོད་པ་མ་ཟད། ཨ་རིའི་གཞུང་གི་ངོས་ནས་རྒྱ་གཞུང་ལ་བོད་དེ་རྒྱལ་སྤྱིའི་ཁྲོད་སྒོ་མོ་ཕྱེ་དགོས་པའི་གནད་དོན་ཐད་ལ་གནོན་ཤུགས་སྤྲོད་རྒྱུའི་གསལ་བསྒྲགས་ཤུགས་ཆེན་ཞིག་ཀྱང་ཆགས་ཀྱི་ཡོད་པ་གསུངས་འདུག

༸གོང་ས་མཆོག་གིས་ཡོ་རོབ་ཁུལ་གྱི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ།

དེ་རིང་ཟླ་ ༩ ཚེས་ ༢༦ ཉིན་གྱི་ཕྱག་ཚོད་ ༡༢།༣༠ ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་ནང་གི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་རྒྱ་གར་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་གྷ་གྷལ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་སོང་། གཞི་རྩའི་༸གོང་ས་མཆོག་ཕྱི་ཟླ་ ༩ ཚེས་ ༡༠ ཉིན་བཞུགས་སྒར་ནས་ཆིབས་བསྒྱུར་གྱིས་སུད་ཌེན་དང་། ནི་ཐར་ལན་ཌི། འཇར་མ་ནི། དེ་བཞིན་ སུ་ཛ་ལན་ཌི་བཅས་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་བཞིའི་ནང་ཆིབས་བསྒྱུར་དང་འབྲེལ་མང་ཚོགས་ལ་བཀའ་ཆོས་དང་བཀའ་སློབ་སོགས་ཀྱི་མཛད་འཕྲིན་དུ་མ་བསྐྱངས་གནང་མཛད་ཡོད་པ་རེད། དེ་ཡང་མགོན་པོ་༸གང་ཉིད་མཆོག་ཕྱི་ཟླ་ ༩ ཚེས་ ༡༡ གི་ཉིན་རྒྱབ་ཡོ་རོབ་རྒྱལ་ཁབ་ Sweden གྱི་ Malmo གྲོང་ཁྱེར་ནང་ཞབས་སོར་བདེ་བར་འཁོད་དེ་ཁུལ་དེའི་ནང་གི་ IM རོགས་སྐྱོར་ཚོགས་པ་ཆེད་འཛུགས་གནང་ནས་མི་ལོ་  ༨༠ འཁོར་བའི་དུས་དྲན་ཐོག་དབུ་ཞུགས་དང་འབྲེལ། ཞི་བདེ་དང་བདེ་སྐྱིད་བསྐྲུན་ཐབས་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་བཀྲིན་བསྩལ་ཡོད་པ་དང་། མལ་མོ་གཙུག་ལག་སློབ་གཉེར་ཁང་དུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཐོག་བཀའ་སློབ་བསྩལ་ཡོད་པ་རེད། ༸གོང་ས་མཆོག་ནས་སྐབས་དེར་འཛམ་གླིང་ནང་ཆོས་ལུགས་དང་ཆབ་སྲིད་ཀྱི་ཐོག་ནས་རྩོད་རྙོག་བྱུང་བ་རྣམས་ཉུང་དུ་གཏོང་རྒྱུའི་ཐབས་ལམ་གཙོ་བོ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དམ་ཚུལ་སྤྱོད་ཤེས་ཡོན་སློབ་གསོ་དེ་ཡིན་པ་བཀའ་བསྩལ་ཡོད་པ་མ་ཟད། སུད་ཌེན་གཙོ་བོར་འགྱུར་བའི་ཉེ་འཁོར་ Denmark དང་ Norway བཅས་ནས་ཆེད་དུ་བཅར་བའི་བོད་མི་བརྒྱ་སྐོར་ཞིག་དང་བོད་དོན་རྒྱབ་སྐྱོར་བ་ ༦༠ བཅས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བཀྲིན་ཡང་བསྩལ་ཡོད་པ་རེད། མགོན་པོ༸གང་ཉིད་མཆོག་ཡོ་རོབ་རྒྱལ་ཁབ་སུད་ཌེན་ནང་ཉིན་གཉིས་ཀྱི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་ཕྱི་ཟླ་༩ ཚེས་ ༡༤ ཡི་ཉིན་རྒྱབ་ Netherlands ཡི་ Rotterdam ནང་༸ཞབས་སོར་བདེ་བར་འཁོད་དེ་ཚེས་ ༡༥ ཉིན་རྒྱལ་ས་ Amsterdam ནང་དུ་སྟོན་པའི་མཛད་རྣམ་དང་འབྲེལ་བའི་འགྲེམས་སྟོན་དབུ་འབྱེད་དང་དེང་དུས་ཀྱི་འཕྲུལ་ཆས་དང་བྱམས་བརྩེ། དེ་བཞིན་སྐྱེ་རྒ་ན་འཆི་ཞེས་པའི་གླེང་མོལ་གྱི་མཛད་རིམ་ཐོག་དབུ་བཞུགས་གནང་ཡོད་པ་དང་། ཕྱི་ཚེས་ ༡༦ ཉིན་ Netherlands གཙོ་བོར་གྱུར་པའི་ Belgium དང་ཕ་རན་སི། འཇར་མ་ནི། དབྱིན་ཡུལ་སོགས་ཡོ་རོབ་རྒྱལ་ཁབ་འདྲ་མིན་ནས་བཅར་བའི་བོད་མི་རྣམས་ལ་བཀའ་སློབ་བཀའ་དྲིན་བསྩལ་ཡོད་པ་དང་། སྐབས་དེར་མགོན་པོ་མཆོག་གིས་བོད་མིར་མཚན་ཤས་མི་ཡོང་བར་མི་བཟང་པོ་ཞིག་གནང་དགོས་གལ་ཡིན་པའི་ལམ་སྟོན་བཀའ་སློབ་བསྩལ་ཡོད་པ་རེད། ཕྱི་ཚེས་༡༧ ཉིན་ Ahoy ཚོགས་ཁང་ཆེན་མོའི་ནང་མང་ཚོགས་ཁྲི་ཕྲག་བརྒལ་བ་འདུ་འཛོམས་ཐོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་ Richard Gere ལགས་དང་༸གོང་ས་མཆོག་གི་དབར་བོད་དོན་གླེང་མོལ་གནང་ཡོད་པ་དང་། སྐབས་དེར་༸གོང་ས་མཆོག་གིས་བོད་ཀྱི་གནད་དོན་འདི་ཆབ་སྲིད་ཁོ་ན་མིན་པར་གོ་ལ་སྤྱི་ལ་ཕན་པ་བསྒྲུབ་རྒྱུ་དང་འབྲེལ་བའི་གནད་དོན་ཞིག་ཡིན་པ་བཀའ་བསྩལ་ཡོད་པ་དང་། Rotterdam གྲོང་ཁྱེར་ནང་ཉིན་མཐའ་མའི་མཛད་འཆར་དང་འབྲེལ། ཡུལ་དེའི་མང་ཚོགས་སྟོང་ཕྲག་ ༦ ལྷག་ལ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་བཀའ་དྲིན་མཛད་ཡོད་པ་དང་། སྐབས་དེར་༸གང་ཉིད་མཆོག་ནས་ནང་པ་སངས་རྒྱས་པའི་ཆོས་ཉམས་ལེན་གནང་སྐབས་དབང་རྣོན་ཆོས་ཀྱི་རྗེས་འབྲང་བ་ཞིག་བྱ་དགོས་པ་བཀའ་གནང་ཡོད་པ་རེད། Rotterdam ནང་གི་མཛད་འཆར་ཁག་ལེགས་གྲུབ་རྗེས་༸གོང་ས་མཆོག་ཕྱི་ཟླ་ ༩ ཚེས་༡༨ཉིན་འཇར་མ་ནི་ Darmstadt གྲོང་ཁྱེར་དུ་༸ཞབས་སོར་བདེ་བར་འཁོད་དེ་ཕྱི་ཚེས་༡༩ ཉིན་ནོ་སྦེལ་ཞི་བདེའི་དེད་དཔོན་གཉིས་དང་འཇར་མ་ནིའི་གྲོས་ཚོགས་ཀྱི་ཚོགས་གཞོན་བཅས་དང་ལྷན་དུ་འཚེ་མེད་ཞི་བའི་བགྲོ་གླེང་ཐོག་དབུ་བཞུགས་མཛད་ཡོད་པ་དང་། ཕྱི་ཚེས་ ༢༠ འི་ཉིན་འཇར་མན་དང་ཨ་མི་རི་ཀའི་གཙུག་ལག་སློབ་གཉེར་ཁང་གི་རྒྱལ་སྤྱིའི་ཚན་རིག་དུས་སྟོན་འགོ་འཛུགས་དང་བསྟུན། ༸གོང་ས་མཆོག་གིས་བདེ་སྐྱིད་དང་འགན་འཁུར་ཞེས་པའི་བགྲོ་གླེང་ཐོག་དབུ་བཞུགས་མཛད་ཡོད་པ་རེད། ༸གོང་ས་མཆོག་དེའི་རྗེས་ཕྱི་ཟླ་ ༩ ཚེས་ ༢༡ ཉིན་སུད་སི་གྲོང་ཁྱེར་ཛུ་རིག་ནང་དུ་ཞབས་སོར་བདེ་བར་འཁོད་དེ་ རི་ཀོན་ཆོས་འཁོར་དགོན་གསར་འཛུགས་གནང་ནས་ལོ་ངོ་ ༥༠ འཁོར་བའི་ཆོས་ཕྱོགས་ཀྱི་དུས་དྲན་མཛད་སྒོར་དབུ་བཞུགས་མཛད་པ་དང་འབྲེལ། རི་ཀོན་ཆོས་འཁོར་དགོན་འདི་བཞིན་ནང་པའི་ལྟ་གྲུབ་ཀྱི་ཤེས་ཡོན་བསྟི་གནས་ཁང་ཞིག་ཏུ་འགྱུར་དགོས་པའི་ལམ་སྟོན་མཛད་ཡོད་པ་མ་ཟད། ཉིན་གཉིས་པའི་ཐོག་སླར་ཡང་རི་ཀོན་ཆོས་འཁོར་དགོན་གསར་འཛུགས་གནང་ནས་ལོ་ངོ་ ༥༠ འཁོར་བའི་གཞུང་འབྲེལ་མཛད་སྒོའི་ཐོག་དབུ་བཞུགས་མཛད་ཡོད་པ་དང་། སྐབས་དེར་བོད་པའི་སྟོབས་ཤུགས་ངོ་མ་དེ་བོད་ཀྱི་རིག་གཞུང་ཡིན་པ་ལྟར། ངེས་པར་དུ་མི་ཉམས་རྒྱུན་འཛིན་གནང་དགོས་པའི་ལམ་སྟོན་གནང་ཡོད་པ་རེད། ཕྱི་ཚེས་ ༢༣ ཉིན་Swiss དང་ Lechtenstien བོད་རིགས་ཚོགས་པ་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་༸གོང་ས་མཆོག་ནས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་དང་།  སློབ་དཔོན་ཀ་མ་ལ་ཤཱི་ལ་མཆོག་གིས་མཛད་པའི་སྒོམ་རིམ་བར་པ། དེ་བཞིན་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་བཅས་ཀྱི་བཀའ་ཆོས་བསྩལ་གནང་མཛད་ཡོད་པ་དང་ཉིན་རྒྱབ་བོད་མི་རྣམས་ལ་བཀའ་སློབ་བསྩལ་ཡོད་པ་མ་ཟད། ཕྱི་ཚེས་ ༢༥ ཉིན་ Zurich མཐོ་སློབ་ཀྱི་ཚན་རིག་སྡེ་ཚན་གྱི་དགེ་ལས་སློབ་མ་རྣམས་ལ་འགྲོ་བ་མིའི་རིན་ཐང་སྐོར་བཀའ་སློབ་བསྩལ་ཡོད་པ་དང་སྐབས་དེར་ཤེས་ཡོན་སྡེ་ཚན་གྱི་ངོས་ནས་ནང་སེམས་ཀྱི་ཞི་བདེ་གོང་འཕེལ་གཏོང་ཕྱོགས་ཐད་དམིགས་བསལ་འགན་འཁུར་དགོས་པ་བཀའ་བསྩལ་ཡོད་པ་རེད།

རྒྱ་གཞུང་གིས་ཁེ་ན་ཌའི་གཞུང་འབྲེལ་མི་སྣ་བོད་ནང་བསྐྱོད་རྒྱུར་མུ་མཐུད་བཀག་སྡོམ་བྱས་འདུག

ཟླ་བ་འདིའི་ཚེས་ ༡༧ ཉིན་ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་ལྕམ་ Chrystia Freeland ལགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་བའི་བརྒྱུད། རྒྱ་གཞུང་གིས་ཁེ་ན་ཌའི་གཞུང་འབྲེལ་མི་སྣ་བོད་ནང་བསྐྱོད་རྒྱུར་དམ་དྲག་མུ་མཐུད་བྱེད་བཞིན་ཡོད་པར་སྐྱོན་བརྗོད་བྱས་འདུག དེ་ཡང་ཁ་སང་ Canada Tibet Committee ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲ་གནས་ཐོག་གནས་ཚུལ་བཀོད་པར་གཞིགས་ན། ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་མཆོག་གིས་ཉེ་ཆར་བསྒྲགས་གཏམ་ཞིག་སྤེལ་བའི་བརྒྱུད་རྒྱ་གཞུང་གིས་ཁེ་ན་ཌའི་གཞུང་འབྲེལ་མི་སྣ་བོད་ནང་བསྐྱོད་རྒྱུར་དམ་དྲག་མུ་མཐུད་བྱེད་བཞིན་པ་གསལ་བཏོན་གནང་བ་དང་། བསྒྲགས་གཏམ་དེ་ནི་ཕྱི་སྲིད་བློན་ཆེན་མཆོག་གིས་གཙོ་བོ་ཡུལ་དེའི་གྲོས་ཚོགས་འཐུས་མི་དང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གཞོན་པ་སྐུ་ཞབས་ Randall Garrison ལགས་ཀྱིས་དེ་སྔོན་ཕྱི་ཟླ་ ༦ པའི་ནང་ཁེ་ན་ཌའི་གཞུང་ལ་ཡིག་ཐོག་ནས་བོད་ནང་གི་ཆབ་སྲིད་བཙོན་པའི་གནས་སྟངས་དང་རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ཐོག་དྲི་བ་ཁག་ཅིག་ཕུལ་ཡོད་པ་དེ་ལ་ཡ་ལན་གྱི་ཚུལ་དུ་སྤེལ་བ་ཞིག་རེད་འདུག དེ་ཡང་ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་ལྕམ་ Chrystia Freeland ལགས་ཀྱིས་སྤེལ་བའི་བསྒྲགས་གཏམ་དེའི་ནང་ཕྱི་ལོ་ ༢༠༡༦ ནས་བཟུང་རྒྱ་ནག་ནང་ཡོད་པའི་ཁེ་ན་ཌའི་གཞུང་ཚབ་པ་སྐུ་ཞབས་ John McCallum ལགས་ཀྱིས་ཡུལ་དེའི་མི་སེར་ཁག་ཅིག་བོད་ནང་འགྲོ་བསྐྱོད་ཆོག་པའི་མཐོང་མཆན་ཞུས་ཀྱང་རྒྱ་གཞུང་གིས་མཐོང་མཆན་སྤྲད་མེད་པ་དང་། དུས་ཡུན་དེའི་རིང་ཁེ་ན་ཌའི་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་གཞུང་འབྲེལ་མི་སྣ་ཁག་གསུམ་ལ་མཐོང་མཆན་སྤྲད་ཡོད་པ་མ་ཟད། སྔོན་ཆད་མ་བྱུང་བའི་བོད་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་འཐུས་མི་ཁག་ཅིག་ལ་ཁེ་ན་ཌའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་དང་རྒྱལ་སྤྱིའི་ཡར་རྒྱས་ཚན་པའི་ནང་ཉན་ཞིབ་བྱ་རྒྱུའི་གོ་སྐབས་ཀྱང་སྤྲད་ཡོད་པ་གསལ་བཏོན་གནང་འདུག གནད་དོན་དེའི་ཐད་ཁེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཛིན་སྐྱོང་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་ཀྱིས་ཁེ་ན་ཌའི་གཞུང་ནས་ད་བར་རྒྱ་གཞུང་ལ་གོ་སྐབས་གནང་བ་གཅིག་མཚུངས་རྒྱ་གཞུང་ནས་ཀྱང་ཁེ་ན་ཌའི་གཞུང་འབྲེལ་མི་སྣ་བོད་ནང་འགྲོ་བསྐྱོད་ཆོག་པའི་མཐོང་མཆན་གནང་རྒྱུ་འདི་ནི་གཞི་རྩའི་གཞུང་འབྲེལ་སྲིད་བྱུས་ཞིག་ཆགས་ཀྱི་ཡོད་པ་དེ་ལྟར་ཡང་རྒྱ་གཞུང་གིས་མུ་མཐུད་ཆོག་མཆན་སྤྲད་རྒྱུར་དགག་བྱ་གནང་བཞིན་ཡོད་པ་དེས། རྒྱ་གཞུང་ནས་བོད་ནང་གསང་བ་བྱེད་དགོས་པའི་གནད་དོན་གང་ཡིན་མིན་དེ་དྲི་བ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་བརྗོད་འདུག མ་ཟད་དེ་སྔོན་ཁེ་ན་ཌའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་ཚོགས་པའི་ཉན་ཞིབ་ཀྱི་ཚོགས་འདུ་ཞིག་གི་ཐོག་ཡུལ་དེའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་ Helene ལགས་ཀྱིས་ཁེ་ན་ཌར་སླེབས་པའི་བོད་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་ཚོགས་པའི་འགོ་ཁྲིད་པདྨ་དབང་འདུས་ལ་དྲི་བ་ཁག་ཅིག་གནང་བར། ཁོ་པས་རང་གཞུང་གི་སྲིད་བྱུས་ཇི་ཡིན་ཁ་གསལ་ཤེས་ཀྱི་མེད་པའི་རྣམ་པ་མངོན་གསལ་ཆགས་པ་མ་ཟད། ཁོ་པས་ལན་འདེབས་བསྐྱོན་པའི་ནང་ལ་གལ་ཏེ་ཁྱེད་ཚོས་ས་གནས་རང་སྐྱོང་གི་ཁྲིམས་སྒྲིག་ལ་བརྩི་བཀུར་ཞུས་པ་ཡིན་ན་བོད་ནང་ཕེབས་ནས་གཟིགས་སྐོར་གནང་རྒྱུའི་གོ་སྐབས་འབུལ་བཞིན་ཡོད་ཅེས་བརྗོད་ཡོད་པ་རེད།

རེས་གཟའ་མིག་དམར། ༢༠༡༨།༠༩།༢༥

ཉན་པ།: Listen ཕབ་ལེན། Download ཤེས་ཡོན་སྡེ་ཚན་གྱི་ངོས་ནས་སེམས་ཀྱི་ཞི་བདེ་གོང་འཕེལ་སླད་དམིགས་བསལ་འགན་འཁུར་དགོས། འོས་བསྡུའི་སྒྲིག་གཞི་དང་འབྲེལ་བའི་བཀའ་ཤག་གི་བཅའ་ཁྲིམས་བསྐྱར་བཅོས་ཟགས་སོང་། རྒྱ་གཞུང་གིས་ཁེ་ན་ཌའི་གཞུང་འབྲེལ་མི་སྣ་བོད་ནང་བསྐྱོད་རྒྱུར་མུ་མཐུད་བཀག་སྡོམ་བྱས་བཞིན་པར་སྐྱོན་བརྗོད། རྒྱལ་ཚོགས་ཀྱི་ཚོགས་ཆེན་དང་བསྟུན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གཏམ་གླེང། ཀུ་ལུའི་ཁུལ་གྱི་བོད་མི་རྣམས་རང་ཁྱིམ་དུ་ལོག་ཐུབ་པ་བྱུང་འདུག ཀུ་ལུའི་ཁུལ་གྱི་བོད་མི་རྣམས་རང་ཁྱིམ་དུ་ལོག་ཐུབ་པ་བྱུང་འདུག རྒྱལ་གཅེས་དཔའ་བོ་དཔའ་མོ་རྗེས་དྲན་གྱི་སིལ་སྤོལ་རྩེད་འགྲན་ཐེངས་ ༡༨ དབུ་འཛུགས། Tuesday 25/09/2018 Dalai Lama speaks on ‘Human Values and Education’ in ZHAW University Kashag’s call for one time election fails to garner support Canadian diplomats still denied access to Tibet despite requests: Minister Freeland Discussion on crisis in Tibet & East Turkestan held ahead UN General Assembly Debate Interview with Tibetan Settlement Officer, Kullu Dharamsala RTYC hosts 17th Martyrs Basket Tournament

འོས་བསྡུ་དང་འབྲེལ་བའི་བཀའ་ཤག་གི་བཅའ་ཁྲིམས་བསྐྱར་བཅོས་ཟགས་སོང་།

སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་ལྔ་པའི་ཐོག་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་བའི་འཆར་ཟིན་ཚོགས་ཚུང་གི་སྙན་ཐོར་བཀའ་ཤག་གི་ངོས་ནས་གཞུང་འབྲེལ་བཟོ་བཅོས་ཁྲིམས་འཆར་ཕེབས་པའི་ཐོག་བགྲོ་གླེང་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བཀའ་ཤག་ལ་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཐད་ལ་བཅའ་ཁྲིམས་བསྐྱར་བཅོས་བསྣམ་ཕེབས་དགོས་པའི་ལམ་སྟོན་གནང་ཡོད་པ་ལྟར། དེ་རིང་ལས་ཉིན་བདུན་པའི་ཐོག་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་གོ་བདུན་པའི་ནང་གསེས་༢ པའི་ཀ་པའི་ཐོག་བསྐྱར་བཅོས་ཁྲིམས་འཆར་གྲོས་ཚོགས་སུ་སྙན་སྒྲོན་ཞུས་ཡོད། སྐབས་དེར་འོས་གྲངས་ ༡༦ དང་ ༢༡ བྱས་ནས་ངོ་ཡོད་སྤྱི་འཐུས་ཀྱི་མང་མོས་རྒྱབ་སྐྱོར་ཐོག་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་དེ་ཚུད་པའི་ཐོག་བཀའ་བློན་རྣམ་པ་དང་གྲོས་ཚོགས་འཐུས་མི་རྣམས་ནས་བསྐྱར་བཅོས་ཁྲིམས་འཆར་དེ་དང་དེའི་ནང་གསལ་བཙན་བྱོལ་བོད་མིའི་འོས་བསྡུའི་རྒྱུད་རིམ་ཁྲོད་སྔོན་འགྲོ་དང་དངོས་གཞི་ཞེས་འོས་བསྡུ་ཐེངས་གཅིག་དང་གཉིས་དགོས་མིན་ཐོག་བགྲོ་གླེང་ལྷུག་པོ་གནང་ཡོད། སྐབས་དེར་སྲིད་སྐྱོང་མཆོག་གིས་འདས་པའི་བཙན་བྱོལ་བོད་མིའི་འོས་བསྡུའི་རྒྱུད་རིམ་སྐབས་སྔོན་འགྲོའི་ནང་འོས་རྩེད་ཕུད་སོན་མཁན་མང་ཆེ་བ་དངོས་གཞིའི་ནང་རང་འཇགས་འོས་ཐོབ་ཀྱི་ཡོད་པ་དང་། སྔོན་འགྲོ་དང་དངོས་གཞི་ཞེས་འོས་བསྡུ་ཐེངས་གཉིས་ཡོད་པ་དེ་དུས་ཚོད་ཀྱི་ཆ་ནས་རིང་པོ་ཡིན་སྟབས། རྒྱ་ནག་གི་ཐེ་བྱུས་ཡོང་གི་ཡོད་པ་སོགས་གསལ་བཤད་གནང་ཡོད།འོན་ཀྱང་སྤྱི་འཐུས་ཁག་ཅིག་ནས་འོས་བསྡུ་ཐེངས་གཅིག་གནང་བ་ཡིན་ན་མ་འོངས་པར་རྩོད་རྙོག་མང་དུ་འགྲོ་རྒྱུའི་ཚོར་བ་ཆེན་པོ་ཡོད་པ་དང་། ལྷག་པར་དུ་བཀའ་ཤག་གི་བསྣམས་པའི་བཅའ་ཁྲིམས་བསྐྱར་བཅོས་ཚིག་བརྗོད་ནང་དུ་མི་མང་གི་མངོན་འདོད་ཚུད་མེད་པ་སོགས་འགྲེལ་བརྗོད་དང་སྦྲགས་ཁྲིམས་འཆར་དེར་རྒྱབ་སྐྱོར་གནང་ཐུབ་ས་མ་རེད་ཅེས་གསུངས་མཁན་མང་པོ་བྱུང་སྟེ། མཐར་བརྗོད་པ་གཉིས་པའི་སྐབས་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་དེར་རྒྱབ་སྐྱོར་གནང་མཁན་གཅིག་ལས་མེད་པའི་ཐོག་ཟགས་ཡོད་པ་རེད།

ཤེས་ཡོན་སྡེ་ཚན་གྱི་ངོས་ནས་ནང་སེམས་ཀྱི་ཞི་བདེ་གོང་འཕེལ་གཏོང་ཕྱོགས་ཐད་དམིགས་གསལ་འགན་འཁུར་དགོས་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ Zurich མཐོ་སློབ་ཀྱི་ཚན་རིག་སྡེ་ཚན་གྱི་དགེ་ལས་སློབ་མ་རྣམས་ལ་འགྲོ་བ་མིའི་རིན་ཐང་སྐོར་བཀའ་སློབ་བསྩལ་བའི་ཁྲོད། ནང་སེམས་ཀྱི་ཞི་བདེ་གོང་འཕེལ་བཏང་རྒྱུ་དེ་ཤེས་ཡོན་གྱི་ལམ་ནས་གནང་ཐུབ་རྒྱུ་ཡིན་སྟབས། ཤེས་ཡོན་སྡེ་ཚན་རྣམས་ལ་ནང་སེམས་ཀྱི་ཞི་བདེ་གོང་འཕེལ་གཏོང་ཐབས་ཐོག་དམིགས་བསལ་འགན་ཡོད་པ་བཀའ་བསྩལ་འདུག དེ་ཡང་ Zurich གཙུག་ལག་སློབ་གཉེར་ཁང་གི་ཚན་རིག་སྡེ་ཚན་དང་དགའ་ལྡན་ཕོ་བྲང་ཐེབས་རྩ་ཁང། དེ་བཞིན་རི་ཀོན་ཆོས་འཁོར་དགོན་གསུམ་གྱི་གོ་སྒྲིག་མཉམ་རུབ་ཐོག་དེ་རིང་་ཚེས་ ༢༤ སྔ་འདྲོ་༸གོང་ས་མཆོག་ནས་ Winterthur གྲོང་ཁྱེར་གྱི་ Kongresshaus Liebestrasse ཚོགས་ཁང་ནང་དུ་ཟུ་རིག་མཐོ་སློབ་ཀྱི་དགེ་ལས་སློབ་མ་ ༡༠༠༠ ཙམ་དང་ལྷན་དུ་གོ་ལ་སྤྱི་ལ་ཁྱབ་པའི་འགྲོ་བ་མིའི་རིན་ཐང་དང་ཤེས་ཡོན་ཐོག་ལ་ཆེད་དོན་བགྲོ་གླེང་གི་ལས་རིམ་ཐོག་དབུ་བཞུགས་མཛད་འདུག སྐབས་དེར་༸གོང་ས་མཆོག་གིས་འཛམ་གླིང་འདིའི་ཐོག་གི་དཀའ་ངལ་རྣམས་མིས་བཟོས་པ་ཤ་སྟག་ཡིན་སྟབས། དཀའ་ངལ་དེ་དག་འགོག་ཐབས་སུ་འགྲོ་བ་མི་གཅིག་གྱུར་གྱི་བསམ་བློ་གོང་འཕེལ་གཏང་ཐུབ་དགོས་པ་དང་དེའང་ཨིན་ཡུལ་ལྟ་བུ་རང་ཞེན་དང་སེམ་བུག་དོག་པོའི་བྱེད་སྟངས་ཐོག་ནས་མ་ཡིན་པར། ཡུ་རོབ་མཐུན་ཚོགས་ལྟ་བུ་ཕན་ཚུན་མཉམ་མཐུན་གྱི་ཁེ་ཕན་གཞི་ལ་བཞག་པའི་ཐོག་གནང་དགོས་སྐོར་བཀའབསྩལ་བ་མ་ཟད། ད་ཆ་ཕྱིའི་དངོས་པོའི་འཕྲོད་བསྟེན་དང་འབྲེལ་ཏེ་ནང་སེམས་ཀྱི་འཕྲོད་བསྟེན་ཡང་གལ་འགངས་ཆེན་པོ་ཡིན་པས་ཤེས་ཡོན་སྡེ་ཚན་རྣམས་ལ་དམིགས་བསལ་འགན་ཡོད་པ་བཀའ་བསྩལ་འདུག དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ཚན་རིག་པ་ཁག་ཅིག་གིས་ཞིབ་འཇུག་གནང་བ་ལས་མིའི་རང་བཞིན་དེ་བྱམས་བརྩེ་ཡིན་པ་གྲུབ་དོན་རྙེད་པ་ལྟར། ང་ཚོ་ཚང་མ་སྤྱི་ཚོགས་ཀྱི་སེམས་ཅན་ཡིན་པའི་ཆ་ནས་གྲོགས་པོ་སོགས་དགོས་ཀྱི་ཡོད་པ་དང། དེའང་གཙོ་བོ་ཡིད་ཆེས་ཀྱི་ཐོག་ནས་ཡོང་རྒྱུ་ཡིན་སྟབས། དོན་དམ་གྱི་ཡིད་ཆེས་ཞེས་པ་དེ་དངུལ་དང་དབང་ཆའི་ཐོག་ནས་མ་ཡིན་པར་བྱམས་དང་བརྩེ་བའི་ཐོག་ནས་བསྐྲུན་དགོས་སྐོར་བཀའ་གནང་བ་དང་འབྲེལ། དེའི་ཆེད་དུ་གཙོ་བོ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་ཏེ་གཅིག་ཕན་གཅིག་གྲོགས་གནང་དགོས་པའི་ལམ་སྟོན་བཀྲིན་བསྩལ་ཡོད་པ་རེད། ༸གོང་ས་མཆོག་གིས་འགྲོ་བ་མིའི་རིན་ཐང་སྐོར་བཀའ་སློབ་གྲུབ་མཚམས་བགྲོ་གླེང་དེའི་ནང་མཉམ་བཞུགས་གནང་མཁན་ཛུ་རིག་མཐོ་སློབ་ཀྱི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་མི་དང་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་ Andreas Gerber Grote ལགས་དང། མཐོ་སློབ་ཀྱི་སྐད་རིག་སྡེ་ཚན་གྱི་སློབ་དཔོན་ Christiane Hohenstein ལགས། དེ་བཞིན་མཐོ་སློབ་ཀྱི་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་Leandro Huber དེ་བཞིན་རི་ཀོན་ཆོས་འཁོར་དགོན་གྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཞོན་ Reudi Hogger ལགས་དང། ལས་རིམ་གཙོ་སྐྱོང་བ་ Susanne Wille ལགས་བཅས་དང་ལྷན་དུ་གྲོས་བསྡུར་གྱི་ལས་རིམ་བསྐྱངས་ཡོད་པ་རེད། ད་རེས་༸གང་ཉིད་མཆོག་མཐོ་སློབ་ཏུ་ཆིབས་བསྒྱུར་མཛད་དེ་བཀའ་སློབ་བསྩལ་བ་དེས་སློབ་ཕྲུག་དང་མཐོ་སློབ་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་བསམ་བློ་གཏོང་ཕྱོགས་ལ་ལམ་སེང་འགྱུར་བ་ཐེབས་རྒྱུ་ཡིན་པ་བཤད་ཐུབ་ཀྱི་མེད་ཀྱང། ཁོང་ཚོའི་ངོས་ནས་རང་ཉིད་ཀྱི་བསམ་བློ་གཏོང་ཕྱོགས་ལ་དཔྱད་པ་བྱེད་པར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པ་སོགས་བཀའ་བསྩལ་བ་དང་འབྲེལ་ནས་གྲོས་བསྡུར་ལྷུག་པོ་གནང་རྗེས། མགོན་པ་མཆོག་ནས་མཐོ་སློབ་ཀྱི་དགེ་ལས་སློབ་མ་རྣམས་དང་ལྷན་དུ་སྤྱི་ཚོགས་བརྟན་ལྷིང་དང། འགྲོ་བ་མིའི་ཤེས་ཡོན་དང་སེམས་ཁམས་བདེ་ཐང་ཆེད་ཚན་རིག་གི་ཕན་ཐོགས་གང་འདྲ་བསྒྲུབ་ཐུབ་མིན་སྐོར་གྱི་འདྲི་བ་དྲི་ལན་གྱི་མཛད་རིམ་བསྐྱངས་གནང་འདུག རྩ་བའི་ཛུ་རིག་ཚན་རིག་མཐོ་སློབ་ཀྱི་ངོས་ནས་སྤྱི་ཚོགས་ས་བརྟན་དང་ཡུན་གནས་ཡོང་རྒྱུ་དེ་གལ་འགངས་ཆེན་པོར་ངོས་འཛིན་གནང་གི་ཡོད་པ་བཞིན། དེ་གའི་སློབ་ཕྲུག་ཁྲོད་ཆེད་ལས་སློབ་སྦྱོང་གཅིག་པོ་མ་ཡིན་པར། གང་ཟག་སྒེར་དང་སྤྱི་ཚོགས་དེ་བཞིན་ཕན་ཚུན་མཉམ་ལས་དང་འབྲེལ་ལམ་གོང་འཕེལ་བཏང་རྒྱུའི་ཐོག་སློབ་སྦྱོང་གང་ཐུབ་སྤྲོད་ཐབས་གནང་གི་ཡོད་པ་དང། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་འགྲོ་བ་མིའི་རིན་ཐང་གོང་འཕེལ་གཏོང་ཐབས་ཐོག་ཚན་རིག་པ་རྣམ་དང་ལྷན་དུ་གྲོས་མོལ་གནང་རྒྱུ་གལ་ཆེན་པོར་བརྩི་གནང་གི་ཡོད་པ་ལྟར། ད་ལན་འགྲོ་བ་མིའི་རིན་ཐང་དང་ཤེས་ཡོན་ཐོག་༸གོང་ས་མཆོག་གིས་ལྷན་དུ་བགྲོ་གླེང་གི་ལས་རིམ་དེ་གོ་སྒྲིག་ཞུས་པ་ཞིག་རེད་འདུག དེ་རིང་༸གོང་ས་མཆོག་ནས་ཛུ་རིག་མཐོ་སློབ་ཏུ་གླེང་མོལ་གྱི་མཛད་རིམ་བསྐྱངས་པ་དང་སྦྲགས། སུད་སི་ནང་དང། ཡང་སྒོས་ཐེངས་འདིའི་ཡུ་རོབ་རྒྱལ་ཁབ་བཞིའི་ནང་གི་མཛད་རིམ་ཁག་ལེགས་པར་གྲུབ་སྟེ། དེ་རིང་ཉིན་རྒྱབ་སུད་སིའི་རྒྱལ་ས་སྦེན་ཕྱོགས་སུ་ཆིབས་ཁ་བསྒྱུར་གནང་སྟེ། སང་ཉིན་སྔ་འདྲོ་རྒྱ་གར་ལ་ཕེབས་ཐོན་གནང་རྒྱུ་རེད་འདུག  

རྩ་དོན་དང་སྒྲིག་འཛུགས་ལ་གནོད་པའི་དྲ་ཐོག་གི་ཚོགས་སྒེར་ཁག་རིམ་པས་སྤྱི་ཚོགས་ནང་སྟོན་གྱི་ཡིན་ཞེས་གསུངས་སོང་།

དེ་རིང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་དྲུག་པའི་ཐོག་བདེ་སྲུང་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༧ ནས་ ༢༠༡༨ ལོའི་ལོ་འཁོར་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་དང་བཀའ་ཤག་གི་ལན་འདེབས་གསལ་བཤད་གནང་ཡོད་པ་རེད། དེ་ཡང་བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག་གིས་གྲོས་ཚོགས་སུ་བདེ་སྲུང་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༧ ནས་ ༢༠༡༨ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས་ཟིན་མ་ཐག་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱིས་བདེ་སྲུང་ལས་ཁུངས་ཀྱི་སྙན་ཐོ་རྒྱས་པར་བལྟ་ཞིབ་བརྒྱུད། འདས་ལོའི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་བསྒྱུར་དང་འབྲེལ་བའི་ཚེས་གྲངས་ཁག་ཅིག་དང་། འདི་ལོ་བོད་ནང་གཉེན་འཕྲད་དུ་ཕེབས་ཏེ་ཕྱིར་མ་ལོག་པའི་ཁ་གྲངས། དེ་བཞིན་ད་བར་ཨོ་སི་ཀྲི་ལི་ཡར་གཞིས་སྤོས་རྒྱན་ཁོངས་སུ་བོད་མི་ག་ཚོད་བཏང་ཡོད་མེད་སོགས་ཀྱི་བཀའ་འདྲི་ཁག་ཅིག་ཕུལ་སོང་བ་དང་། སྐབས་དེར་བདེ་སྲུང་བཀའ་བློན་མཆོག་ནས་བོད་ནང་གཉེན་འཕྲད་དུ་ཕེབས་ཏེ་ཕྱིར་མ་ལོག་མཁན་མེད་པ་དང་། ཨོ་སི་ཀྲི་ལི་ཡར་གཞིས་སྤོས་ཀྱི་ལས་གཞི་སྤྱི་ལོ་༡༩༩༦ ལོར་འགོ་བཙུགས་པ་ནས་བཟུང་ད་བར་བོད་མི་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཆགས་འབྲེལ་ཡོད་ཀྱི་མི་སྣ་ ༡༣༣༨ གནས་སྤོས་ཟིན་ཡོད་པ་གསུངས་སོང་། ལྷག་པར་དུ་སྤྱི་ཡོངས་བགྲོ་གླེང་དང་བཀའ་ཤག་གི་ལན་འདེབས་གསལ་བཤད་སྐབས་སུ་སྤྱི་འཐུས་ཁག་ཅིག་གིས་བར་སྐབས་ནས་བོད་པའི་སྤྱི་ཚོགས་ཁྲོད་སྤྱི་ཚོགས་འབྲེལ་མཐུད་ཀྱི་བརྒྱུད་ལམ་ཐོག་ཚོགས་པ་དང་སྒེར་གྱི་ཁ་བྱང་འདྲ་མིན་བརྒྱུད་སྤྱི་ཚོགས་ལ་ཕན་ཐོག་མེད་པའི་གནས་ཚུལ་འདྲ་མིན་སྤེལ་བཞིན་པ་སོགས་འགྲེལ་བརྗོད་དང་སྦྲགས། བདེ་སྲུང་ལས་ཁུངས་ནས་ཚོགས་པ་གསར་བཟོ་བྱེད་མཁན་དང་། དེ་དག་གི་དམིགས་ཡུལ་གང་ཡིན་སོགས་ཀྱི་ཐད་ལ་རྩད་ཞིབ་ནན་པོ་གནང་དགོས་པ་མ་ཟད། བྱུང་ན་བདེ་སྲུང་ལས་ཁུངས་ནང་ལ་དེའི་ཐད་དཔྱད་ཞིབ་གནང་མཁན་གྱི་སྡེ་ཚན་ཞིག་དགོས་གལ་ཡིན་པ་སོགས་གསུངས་ཡོད། སྐབས་དེར་བདེ་སྲུང་བཀའ་བློན་མཆོག་གིས་ད་ལྟའི་ཆར་བདེ་སྲུང་ལས་ཁུངས་ནས་དྲ་ཐོག་གི་གནས་ཚུལ་དེ་དག་ཐོག་དཔྱད་ཞིབ་གནང་མུས་ཡིན་པ་འགྲེལ་བརྗོད་དང་སྦྲགས། རྩ་དོན་དང་སྒྲིག་འཛུགས། སྒེར་བཅས་ལ་གནོད་པའི་དྲ་ཐོག་གི་ཚོགས་སྒེར་ཁག་རིམ་པས་སྤྱི་ཚོགས་ནང་སྟོན་གྱི་ཡིན་ཞེས་གསུངས་སོང་། ད་དུང་སྤྱི་འཐུས་ཁག་ཅིག་ནས་བདེ་སྲུང་ལས་ཁུངས་ཀྱི་ལས་དོན་སྤྱི་ཡོངས་ཐོག་ལ་བསྔགས་བརྗོད་དང་འབྲེལ། ༸གོང་ས་མཆོག་གི་དགོང་ལོའི་བབས་ལ་གཞིགས་ཏེ་མཛད་འཕྲིན་ཉུང་འཕྲི་གནང་རྒྱུའི་ཐད་དགོངས་བཞེས་གནང་དགོས་པའི་འབོད་སྐུལ་ཞུ་མཁན་བྱུང་སོང་བ་དང་། སྐབས་དེར་བཀའ་བློན་མཆོག་ནས་འབོད་སྐུལ་དེ་དག་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་སྙན་གསེང་ཞུ་རྒྱུ་ཡིན་ཞེས་གསུངས་པ་དང་ཆབས་ཅིག ཚོགས་པ་སྐྱིད་སྡུག་དང་མི་སྒེར་ཚོའི་ངོས་ནས་ཀྱང་༸གོང་ས་མཆོག་སྐུ་ངལ་གསོ་ཆེད་མཇལ་ཁ་ཞུ་རྒྱུ་ཉུང་ཙམ་གནང་རོགས་ཞེས་འབོད་སྐུལ་སྐུལ་གནང་སོང་། གཞི་རྩའི་དེ་རིང་བདེ་སྲུང་བཀའ་བློན་མཆོག་གིས་གྲོས་ཚོགས་སུ་སྙན་སྒྲོན་གནང་བའི་བདེ་སྲུང་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༧ ནས་ ༢༠༡༨ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་ནང་ལ། བདེ་སྲུང་ལས་ཁུངས་ཀྱི་ལས་འགན་གཙོ་བོ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཉེན་སྲུང་ཞབས་ཞུའི་ཐོག་རང་ནུས་གང་ལྕོགས་ཀྱིས་འབད་བརྩོན་ལྷོད་མེད་ཞུས་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། འདས་ལོའི་ནང་༸གོང་མཆོག་གིས་རྒྱལ་སྤྱིའི་རྒྱལ་ཁབ་མི་འདྲ་བ་ལྔ་དང་། རྒྱ་གར་གྱི་ས་གནས་མི་འདྲ་བ་ ༡༦ ནང་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཡོད་པ་འཁོད་འདུག མ་ཟད་འདས་ལོའི་ནང་བོད་ནས་གཏན་སྡོད་དང་གནས་སྐོར་ཕེབས་མཁན་བོད་མི་ ༢༨༦༡ བྱུང་བའི་ནང་ནས་རྒྱ་གར་ནང་དམིགས་བསལ་འཛུལ་ཞུགས་ཆོག་པའི་ལག་འཁྱེར་ཐོབ་པ་ ༤༨ བྱུང་ཡོད་པ་དང་། གནས་མཇལ་རྗེས་བོད་དུ་ཕྱིར་ལོག་ཕེབས་མཁན་ ༢༨༡༣ བྱུང་ཡོད་པ་མ་ཟད། ཕྱི་ཕྱོགས་ནས་བོད་ནང་གཉེན་འཕྲད་དུ་ཕེབས་མཁན་ ༡༨༧ བྱུང་ཡོད་པ་སོགས་ཀྱང་འཁོད་འདུག དེ་བཞིན་ལོ་འཁོར་འདིའི་ནང་ཕྱི་རྒྱལ་ནས་ཕྱིར་ལོག་མཐོང་ཆེན་ནམ་ Return Visa ཞུ་མཁན་གྲངས་ ༥༣༢ དང་། རྒྱ་གར་ནས་ཕྱིར་ཐོན་ལག་འཁྱེར་ Exit Permit ཞུ་མཁན་༨༣༣ བྱུང་ཡོད་པ་སོགས་ཀྱང་བཀོད་འདུག དེ་རིང་ཉིན་རྒྱབ་བདེ་སྲུང་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༧ ནས་ ༢༠༡༨ ལོའི་ལོ་འཁོར་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་དང་བཀའ་ཤག་གི་ལན་འདེབས་གསལ་བཤད་ཀྱི་ལས་རིམ་གྲུབ་མཚམས་སུ་ཕྱི་དྲིལ་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༧ ནས་ ༢༠༡༨ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་དང་སྦྲགས། སྤྱི་འཐུས་རྣམ་པའི་བགྲོ་གླེང་དང་བཀའ་ཤག་གི་ལན་འདེབས་གསལ་བཤད་ཀྱི་ལས་རིམ་འགོ་འཛུགས་གནང་སོང་།

Latest news