Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: January, 2019

རྩོམ་ཡིག་འགྲན་བསྡུར་ཐོག་ནས་བོད་ཀྱི་སྐད་ཡིག་ཉིན་མོ་སྲུང་བརྩི་ཞུས་པ།

ཁ་སང་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་མི་ལོ་ ༣༠ འཁོར་བའི་དགོངས་རྫོགས་ཉིན་མོ་དང་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྩོམ་ཡིག་འགྲན་བསྡུར་ཞིག་གོ་སྒྲིག་གནང་བའི་ཐོག་ནས་བོད་ཀྱི་སྐད་ཡིག་ཉིན་མོ་སྲུང་བརྩི་ཞུས་འདུག སྔ་ལོ་ཕྱི་ལོ་ ༢༠༡༨ ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༩ པའི་ཐོག་བོད་ཀྱི་སྐད་ཡིག་ཉིན་མོ་སྲུང་བརྩི་གནང་རྒྱུའི་གྲོས་ཆོད་གཏན་འབེབས་བྱུང་བ་ལྟར། བོད་ཀྱི་སྐད་ཡིག་ཐོག་སྐུ་ངལ་འཛེམས་མེད་ཀྱིས་ཕྱག་ལས་གནང་མཁན་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་དགོངས་རྫོགས་དུས་ཚིགས་དང་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་སློབ་ཁག་གི་གཞི་རིམ་གོང་འོག་བར་གསུམ་དང་མཐོ་སློབ་ཀྱི་སློབ་ཕྲུག་སོགས་ལ་བོད་ཀྱི་སྐྱེས་ཁམས་ཁོར་ཡུག་གི་གནས་སྟངས་དང་། ༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན། བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་ཀྱི་སྲོག་རྩ། བོད་ཀྱི་མ་འོངས་པའི་མདུན་ལམ་དང་ད་ལྟའི་མི་རབས་ཀྱི་བསམ་སྤྱོད་སོགས་བོད་དོན་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་ཐོག་རྩོམ་ཡིག་འགྲན་སྡུར་གོ་སྒྲིག་གནང་སྟེ་བོད་ཀྱི་སྐད་ཡིག་ཉིན་མོ་སྲུང་བརྩི་ཞུས་འདུག རྩ་བའི་རྩོམ་ཡིག་འགྲན་བསྡུར་དེ་འདིལོའི་ཟླ་ ༣ པའི་ཟླ་མཇུག་ཏུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་ཁུངས་སུ་ཕུལ་ཟིན་དགོས་པ་དང་རྩོམ་ཡིག་རྩེ་ཕུད་གསུམ་ལ་བྱ་དགའ་གནང་གི་ཡོད་པ་རེད།

༸གོང་ས་མཆོག་བོད་ལ་༸ཞབས་སོར་འཁོད་ཐུབ་པ་དེ་དོན་དམ་གྱི་རང་དབང་ཞིག་ལ་ངོས་འཛིན་གནང་གི་འདུག

ཉེ་ལམ་བོད་ལ་ཕེབས་མཁན་བོད་མི་ཞིག་གིས་བཙན་བྱོལ་དུ་དབུ་མའི་ལམ་དང་རང་བཙན་གང་གསུངས་ཀྱང། ཁོང་གི་ཕ་ཡུལ་དུ་ཡོད་པའི་བོད་མི་དམངས་ནས་༸གོང་ས་མཆོག་སླར་ཡང་བོད་ལ་༸ཞབས་སོར་བདེ་བར་འཁོད་ཐུབ་པ་དེ་དོན་དམ་གྱི་རང་དབང་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་གསུངས་སོང་། དེའང་ལོ་ངོ་ཉི་ཤུ་ཙམ་གྱི་གོང་ལ་རྒྱ་གར་བཙན་བྱོལ་དུ་འབྱོར་ནས་བཙན་བྱོལ་ནང་དུ་འཚར་ལོངས་བྱུང་བའི་བོད་མི་ཞིག་ཉེ་ལམ་རང་གི་ཕ་ཡུལ་དུ་གཉན་འཕྲད་ལ་ཕེབས་ནས་ཕྱིར་བཞུགས་སྒར་དུ་འབྱོར་མ་ཐག་གསར་འགོད་པ་ཉི་མ་ལགས་ཀྱིས་དམིགས་བསལ་བཅར་འདྲི་ཞུས་པར་ཁོང་གིས་རང་ཉིད་ལོ་མང་རྗེས་ཕ་ཡུལ་དུ་འབྱོར་སྐབས་དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་བ་ཞིག་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་བ་མ་ཟད། བོད་ནང་གི་བོད་མི་རྣམས་ནས་ད་ལྟའི་འཆར་རང་གི་ཐོུང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་རྩ་མེད་དུ་འགྲོ་བཞིན་པའི་ཐོག་སེམས་འཚབ་ཆེན་པོ་གནང་མུས་ཡིན་པ་འགྲེལ་བརྗོད་གནང་སོང་། ཁོང་གི་ཕ་ཡུལ་དུ་གནས་བཞུགས་བོད་མི་རྣམས་ནས་མངོན་འདོད་འམ་རེ་བ་ཆེ་ཤོས་གང་གནང་གི་ཡོད་སྐོར་བཅར་འདྲི་ཞུས་པར་བོད་མི་རྣམས་ནས་༸གོང་ས་མཆོག་གི་གསེར་ཞལ་མཇལ་རྒྱུ་དང་༸གང་ཉིད་མཆོག་སླར་བོད་ལ་༸ཞབས་སོར་འཁོད་ཐུབ་རྒྱུར་རེ་འགུག་ཆེན་པོ་གནང་བཞིན་པ་ལྟར། གལ་ཏེ་དེ་ལྟར་གནང་ཐུབ་ཚེ་དེ་དོན་དམ་གྱི་རང་དབང་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་གསུངས་སོང་། ཡང་དེའི་བར་ན་དེ་རིང་འབྲེལ་ཡོད་གནས་ཚུལ་ཐོན་པར་རྒྱ་གཞུང་གིས་ཕྱི་རྒྱལ་ནས་བོད་ནང་ཕྱིར་ལོག་གནང་མཁན་བོད་མི་དང་ཁོང་རྣམ་པའི་སྤུན་མཆེད་ཚོར་མི་རིགས་ཆིག་སྒྲིལ་གོང་འཕེལ་གཏང་རྒྱུ་དང་སྦྲགས། ཁ་བྲལ་བའི་ལས་གཞི་དག་ལ་དགག་པ་གནང་བར་ཞུ་སྐུལ་བྱེད་བཞིན་ཡོད་པ་རེད་འདུག ཁ་སང་རྒྱ་ནག་གི་ Global Times གསར་ཁང་གི་དྲྭ་གནས་ཐོག་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་རེས་གཟའ་ལྷག་པའི་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཕྱི་རྒྱལ་ནས་ཕྱིར་ལོག་གནང་མཁན་བོད་མི་དང་། དེ་བཞིན་བཙན་བྱོལ་དུ་སྤུན་མཆེད་ཡོད་པའི་བོད་མི་ཁག་གཅིག་ལ་འཆར་ལ་ཉེ་བའི་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་སྟོན་ལ་དགའ་བསུ་འཚམས་འདྲི་སླད་གསོལ་ཇའི་འདུ་འཛོམས་ཤིག་ཏུ་མགྲོན་འབོད་བྱས་པ་དང་འབྲེལ། ལྷ་སའི་གྲོང་སྡེ་ལས་ཁུངས་ཀྱི་མི་རིགས་དང་ཆོས་ལུགས་ལས་དོན་ཚན་པའི་དྲུང་ཆེ་ལྷག་པ་དོན་གྲུབ་ཟེར་བ་ཞིག་གིས་ཕྱིར་ལོག་གནང་མཁན་བོད་མི་རྣམས་ནས་རྒྱ་ནག་དམར་པོའི་སྲིད་བྱུས་དང་། ལྷ་སར་རྨང་གཞི་འཛུགས་སྐྲུན་གྱི་ཡར་རྒྱས་སོགས་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་། རྒྱལ་ཁབ་ཆིག་སྒྲིལ་གྱི་བློ་བཟུང་དགོས་པ། དེ་བཞིན་ཁ་བྲལ་བར་དགག་པ་བྱེད་དགོས་པ། ཕྱི་རྒྱལ་གནས་བཞུགས་བོད་མི་ཚོས་བོད་ངོ་མ་དེ་ངོས་འཛིན་ཡོང་སླད་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་བྱུས་གོང་འཕེལ་གཏང་བར་རོགས་སྐྱོར་བྱེད་དགོས་པའི་ཞུ་སྐུལ་བྱས་འདུག རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་གྲངས་ཉུང་མི་རིགས་དང་ཆོས་ལུགས་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ཟུར་པ་  Zhu Weiqun ནས་རྒྱ་ནག་གི་གསར་ཤོག་དེའི་བཅར་འདྲིའི་ཐོག་བོད་མི་ཕྱི་རྒྱལ་གནས་བཞུགས་རྣམས་ནས་དངུལ་གསོག་སྒྲུབ་དང་། དེ་བཞིན་༸གོང་ས་མཆོག་ལ་རྨོངས་དད་ཀྱི་ཐོག་ནས་ཕ་ཡུལ་གཡུགས་ཀྱང་། ད་ཆ་བོད་ནང་དཔལ་འབྱོར་དང་བོད་མིའི་འཚོ་ཡར་རྒྱས་ཆེན་པོ་ཕྱིན་ཡོད་རྐྱེན་བོད་མི་མང་དག་ཅིག་ཕྱིར་ལོག་གནང་གི་ཡོད་ཚུལ་བརྗོད་འདུག

རེས་གཟའ་ཟླ་བ། ༢༠༡༩།༠༡།༢༨

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་ཇིའུ་མི་རིགས་ཀྱི་དགེ་སློབ་དྲུག་ཅུ་ལྷག་ལ་བཀའ་སློབ་བསྩལ་བ། རྒྱ་གཞུང་གིས་ཁམས་ནང་ཆེན་ཁུལ་གྱི་དགོན་སྡེ་ཁག་ལ་ཉེན་བརྡ་བཏང་འདུག ༸པཎ་ཆེན་རིན་པོ་ཆེ་མཆོག་སྐུ་གཤེགས་ནས་ལོ་ངོ་ ༣༠ འཁོར་བའི་དུས་དྲན་སྲུང་བརྩི། བཀྲ་ཤིས་དབང་ཕྱུག་ལགས་འཛིན་བཟུང་བྱས་ནས་མི་ལོ་གསུམ་འཁོར་བའི་དྲན་གསོ། རྒྱ་གཞུང་ལ་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་རེ་འདུན་ཤུགས་ཆེ་གནང་བ། ༸གོང་ས་མཆོག་བོད་ལ་༸ཞབས་སོར་འཁོད་ཐུབ་པ་དེ་དོན་དམ་གྱི་རང་དབང་ཞིག་ལ་ངོས་འཛིན་པ། སེར་བྱེས་གྲྭ་ཚང་གིས་ལ་དྭགས་ཀྱི་སློབ་ཕྲུག་ལ་ནང་ཆོས་དང་ཁོར་ཡུག་གི་གོ་རྟོགས་སྤེལ་བ། Monday 28/01/2019 Dalai Lama meets with Jewish students at his residence Tibetan monasteries in Nangchen warned against holding Tibetan language class Exile Tibetans pay tribute to 10th Panchen Lama on his 30th death anniversary Tibetan NGO’s mark 3 years of Tashi Wangchuk’s arrest with Shadow play Sikyong urges China to resume Sino Tibet dialogue Dalai Lama’s return to Tibet is real ‘freedom’: Interview with a Tibet returnee

ཇིའུ་མི་རིགས་ཀྱི་དགེ་སློབ་དྲུག་ཅུ་ལྷག་ལ་བཀའ་སློབ་བསྩལ་བ།

དེ་རིང་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆེད་བཆར་ཞུས་པའི་ཨ་རིའི་ Kivunim ཤེས་ཡོན་ལྟེ་གནས་ཁང་གི་ Jewish མི་རིགས་ཀྱི་དགེ་སློབ་དྲུག་ཅུ་ལྷག་ལ་མཇལ་ཁ་དང་བཀའ་སློབ་བཀའ་དྲིན་བསྩལ་ཡོད་པ་རེད།སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་དགེ་ལས་སློབ་མ་རྣམས་ད་རེས་འདིར་ཆེད་མངགས་༸གང་ཉིད་མཆོག་གི་ལོ་ངོ་དྲུག་ཅུ་ལྷག་གི་རིང་བཞུགས་གནས་དྷ་རྨ་ས་ལར་ཆེད་བཅར་གནང་བར་དགའ་བསུའི་འཚམས་འདྲི་དང་སྦྲགས། འཛམས་གླིང་ཐོག་ཡོད་པའི་འགྲོ་བ་མི་ཐེར་འབུམ་བདུན་ལྷག་ཡོད་པ་རྣམས་ཨ་མའི་ནུ་གསོའི་བྱམས་སྐྱོང་འོག་འཚར་ལོངས་བྱུང་བ་འབའ་ཞིག་ཡིན་སྟབས་ཇིའུ་ཤ་དང་ཡི་ཤུ། ཁ་ཆེ། ནང་པ། དེ་བཞིན་ཧིཾ་དུ་སོགས་ཀྱི་དབྱེ་འབྱེད་དེ་དག་དགོས་མེད་རེད་ཅེས་བཀའ་བསྩལ་ཡོད། ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་ནས་ང་ཚོ་འགྲོ་བ་མིའི་འཚར་ལོངས་ཁྲོད་ལ་གཞན་གྱི་བྱམས་སྐྱོང་དང་བརྩེ་བ་འདོད་མཁན་ཤ་སྟག་ཡིན་པས་རྒྱུན་དུ་རང་ཉིད་ལ་བདེ་བ་འདོད་པ་ལྟར་འགྲོ་བ་གཞན་ལའང་བྱམས་སྐྱོང་དང་བརྩེ་བའི་ཐོག་ནས་སྐྱོང་དགོས་གལ་ཡིན་པ་དང་། རྣམ་ཀུན་ནས་ཁོང་ཁྲོའི་གཞན་དབང་དུ་སོང་ཚེ་གཞན་ལ་ཕན་རྒྱུ་མེད་པ་མ་ཟད། རང་ཉིད་ཀྱི་ལུས་པོའི་བདེ་ཐ་ངལའང་གནོད་ངེས་ཡིན་པ་སོགས་ངོ་སྤྲོད་མཛད་པ་དང་ཆབས་ཅིག ཕྱི་ལུས་པོའི་འཕྲོད་བསྟེན་ཐོག་དོ་སྣང་གནང་བ་བཞིན་ནང་སེམས་ཀྱི་འཕྲོད་བསྟེན་ཐོག་དེ་མཚུངས་དོ་སྣང་གནང་སྟེ་བྱམས་བརྩེའི་བསམ་བློ་གོང་འཕེལ་གཏོང་གནད་ཡིན་པར་ལམ་སྟོན་བསྩལ་ཡོད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་༸སྐུ་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་གསུམ་ལས་འཕྲོས་ནས་འཛམ་གླིང་འདིའི་ཐོག་ཡོད་པའི་ཆོས་ལུགས་སོ་སོར་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་གཞི་རྩའི་བསླབ་བྱ་གཙོ་བོ་བྱམས་བརྩེ་གསུང་མཁན་གཅིག་མཚུངས་ཡིན་སྐོར་བཀའ་བསྩལ་བ་དང་ཆབས་ཅིག དེང་སྐབས་Afganistan དང་ Syria སོགས་ཀྱི་ནང་ཁ་ཆེའི་ཆོས་ལུགས་གཅིག་མཚུངས་ཡིན་པ་དེ་ལྟར་ཡང་ Sunni and Shia ཞེས་པའི་རྣམ་དབྱེ་ཐོག་ནས་དཀའ་རྙོག་དང་། Egypt གཙོ་གྱུར་རྒྱལ་ཁབ་ཁག་གཅིག་ཏུ་ཡི་ཤུ་དང་ཁ་ཆེའི་དབར་འཁྲུག་རྩོད་བྱུང་བ་མ་ཟད། ཆོས་ཀྱི་མིང་ཐོག་ནས་འཁྲུག་རྩོད་དང་མི་བསད་ཁྲད་སྦྱོར་འཚབ་ཆེན་འབྱུང་བཞིན་པ་དེ་ནི་བློ་ཕམ་གྱི་གནས་སྟངས་ཤིག་ཡིན་པར་བཀའ་བསྩལ་ཡོད།མགོན་པོ་༸གང་ཉིད་མཆོག་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་། དེ་བཞིན་ནཱ་ལེནྡཱའི་རིག་གནས་དེ་དག་མི་ཉམས་རྒྱུན་འཛིན་དང་སླར་གསོ་མཛད་བཞིན་ཡོད་པ་དང་། བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཐོག་དམིགས་བསལ་གྱི་མཛད་འཁུར་བཞེས་བཞིན་ཡོད་པ་སོགས་བཀའ་བསྩལ་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་བསྩལ་གྲུབ་མཚམས་སུ་སློབ་མ་ཁག་ཅིག་ནས་མགོན་པོ་མཆོག་ལ་སྐྱབས་བཅོལ་ནང་ཕེབས་པའི་རྗེས་སུ་ཤུགས་རྐྱེན་ཆེ་ཤོས་གང་བྱུང་ཡོད་མེད་པ་དང་། དྲྭ་རྒྱའི་དུས་སྐབས་འདིར་སེམས་པ་རྩེ་གཅིག་ཏུ་གནས་ཐབས་ཇི་ལྟར་བྱེད་དགོས་པ་སོགས་དང་འབྲེལ་བའི་བཀའ་འདྲི་དགོངས་སྐོར་ཞུས་ཡོད་པ་རེད། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་བོད་ཀྱི་རིག་གཞུང་ཐོག་ནས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་དང་བོད་པའི་ནང་ཆོས་ལས་ཚན་རིག་དང་ལྟ་གྲུབ་གཉིས་ཀྱི་ཐོག་ནས་རྒྱལ་སྤྱིའི་ཚན་རིག་མཁས་པ་དུ་མའི་ལྷན་དུ་གྲོས་བསྡུར་གནང་ནས་ཕྱོགས་གཉིས་ཀར་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་མ་ཟད་ཤེས་ཡོན་སྡེ་ཁག་ཏུ་སློབ་ཚན་གྱི་ངོ་བོར་སློབ་ཁྲིད་གནང་ཐུབ་ཚེ་དགེ་མཚན་ཆེན་པོ་ལྡན་ཡོད་པ་སོགས་བཀའ་ལན་མཛད་ཡོད།གཞི་རྩའི་ Kivunim ཤེས་ཡོན་ལྟེ་གནས་ཁང་ནས་འདས་པའི་ལོ་ངོ་ ༣༠ ཙམ་གྱི་གོང་ནས་ཤེས་ཡོན་ལྟེ་གནས་ཁང་དེའི་སློབ་མ་ཁག་གཅིག་སློབ་གྲྭའི་གུང་གསེང་དང་བསྟུན་བཞུགས་སྒར་གཙོས་པའི་རྒྱ་གར་གྱི་ས་གནས་ཁག་ཅིག རིག་གཞུང་དང་འབྲེལ་བ་ཆེ་བའི་རྒྱལ་སྤྱིའི་ཡུལ་གྲུ་འདྲ་མིན་ནང་གི་ས་གནས་ཁག་གཅིག་ལ་ཆེད་བཅར་གནང་གི་ཡོད་པ་རེད། ས་གནས་དེ་དག་གི་ཡུལ་གོམས་གཤིས་ལུགས་དང་སྐད་ཡིག་ཐོག་སློབ་སྦྱོང་གནང་གི་ཡོད་པ་མ་ཟད། ཁོང་རྣམས་ནས་ད་རེས་བཞུགས་སྒར་དུ་ཉིན་གྲངས་ལྔ་ཙམ་རིང་བཞུགས་ཀྱི་ཡོད་པ་ལྟར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་སྒོམ་གྲུབ་ཉམས་ལེན་དང་བོད་ཀྱི་རྒྱལ་རབས་སོགས་ལ་སློབ་གཉེར་གནང་གི་ཡོད་པ་རེད།

རྒྱ་གཞུང་གིས་ཁམས་ནང་ཆེན་ཁུལ་གྱི་དགོན་སྡེ་ལ་ཉེན་བརྡ་བཏང་བ།

ནང་ཆེན་རྫོང་འཐབ་ཕྱོགས་གཅིག་གྱུར་ཁང་དང་ནང་ཆེན་རྫོང་མི་རིགས་ཆོས་ལུགས་ཁང་ཟེར་བས་གྲོང་རྡལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། དགོན་པ་དོ་དམ་ཁང་སོ་སོར་བཀའ་རྒྱ་ཞིག་བཀྲམས་ཏེ་དགུན་ཁའི་གུང་སེང་སྐབས་དགོན་པས་བོད་ཡིག་ཟབ་སྦྱོང་འཛིན་གྲྭ་འཚོག་མི་ཆོག་པའི་བཙན་བཀའ་བཏང་འདུག ཁ་སང་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་རྒྱ་ནག་གིས་ཁམས་ནང་ཆེན་ཁུལ་གྱི་དགོན་སྡེ་ཁག་ལ་བཙན་བཀའ་བཏང་བའི་བརྡ་ཁྱབ་ཅིག་ཕྱིར་ཐོན་པའི་ནང་འདས་ལོའི་ཟླ་ ༡༢ ཚེས་ ༢༥ ཉིན་རྒྱ་ནག་གཞུང་གིས་སློབ་གྲྭ་ཁག་གི་དགུན་ཁའི་གུང་སེང་དང་སྟབས་བསྟུན། བོད་ཁུལ་གྱི་དགོན་པ་དང་གྲོང་ཚོ། དེ་བཞིན་མི་སྒེར་བཅས་ནས་བོད་ཡིག་ཟབ་སྦྱོང་འཛིན་གྲྭ་འཛུགས་མི་ཆོག་པའི་བཀའ་རྒྱ་བསྒྲགས་ནས་གལ་སྲིད་དེ་ལྟ་བུའི་ཟབ་སྦྱོང་འཛིན་གྲྭ་བཙུགས་པ་ཤེས་རྟོགས་བྱུང་ཚེ་མི་སྒེར་ལ་ཉེས་ཆད་བཅད་ནས་དགོན་པ་ནས་ཕྱིར་ཕུད་གཏོང་རྒྱུ་ཡིན་པར་བསྒྲགས་ཡོད་པ་རེད།བཀའ་རྒྱའི་ནང་ཞིབ་ཚགས་ཀྱིས་བཀོད་ཡོད་པར་གཞིགས་ན། སློབ་གྲྭའི་དགུན་གསེང་དུས་སྐབས་སུ་ཞང་གྲོང་རྡལ་སོ་སོའི་ཉེ་ཆར་དགོན་པ་དོ་དམ་ཁང་དང་མངགས་གཏོང་ཁང་སོགས་རྩ་འཛུགས་བྱས་ནས་དགོན་པས་སློབ་མར་ཟབ་སྦྱོང་སྤེལ་བའི་གནས་ཚུལ་ལ་ཕྱོགས་ཡོངས་དང་ཆ་ཚང་བའི་སྒོ་ནས་ཞིབ་བཤེར་ཐོ་འགོད་ལས་དོན་ཐེངས་ཤིག་བྱེད་དགོས་པ་དང་། དགོན་པའི་ངོས་ནས་ཟབ་སྦྱོང་འཛིན་གྲྭ་དང་བོད་ཡིག་འཛིན་གྲྭའི་མིང་ཐོག་ནས་སློབ་གྲྭ་ཆུང་འབྲིང་གི་སློབ་མ་བསྡུས་ཏེ་སློབ་གྲྭ་འཚོགས་པའི་བྱ་སྤྱོད་ལ་ཞིབ་བཤེར་དང་ཐག་གཅོད་ནན་མོ་དགོས་ཤིང་། ཁེ་ཕན་འབྲེལ་བ་ཞིབ་ཅིང་གསལ་བར་བཤད་དགོས། རང་འདོད་ཁེར་སྒྲུབ་དང་ཁ་ཏ་སློབ་སྟོན་ལ་མི་ཉན་པའི་སློབ་གྲྭ་འཚོགས་པའི་དགོན་པ་དང་གྲྭ་བཙུན་གྱི་འགན་འཁྲི་ནན་མོ་རྩད་གཅོད་དགོས་ལ། གཅིག་གསལ་རྟོགས་བྱུང་ན་གཅིག་བཀག་སྡོམ་དགོས་པ་སོགས་བཀོད་འདུག རྩ་བའི་ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༥ ནང་རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཀྱི་ཁུལ་དང་དེ་བཞིན་ཁམས་ལི་ཐང་གི་ཁུལ་དུ་ཡང་ས་གནས་མང་ཚོགས་ལ་ཉེན་བརྡ་བཏང་ནས་གུང་གསེང་གི་སྐབས་སུ་སློབ་ཕྲུག་ཚོ་ས་ག་ཟླ་བའི་ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་མ་ཟད། ཕ་མ་སུ་ཞིག་གིས་རང་གི་ཕྲུ་གུ་དགོན་པར་མཇལ་སྐོར་དུ་ཁྲིད་པ་ཡིན་ན་སྲིད་གཞུང་གིས་དུས་ལྟར་ཉེས་ཆད་གཅོད་རྒྱུ་ཡིན་པའི་བཙན་བཀའ་བཏང་ཡོད་པ་མ་ཟད། ས་གནས་ཁག་ཏུ་བོད་རིགས་ཀྱི་སློབ་ཕྲུག་ཚོར་ཆེད་དུ་དམག་སྦྱོང་གི་འཛིན་གྲྭར་ཞུགས་དགོས་པའི་ལས་གཞི་སྤེལ་བ་སོགས་ཀྱི་གནས་ཚུལ་ཡང་བྱུང་ཡོད་པ་རེད།  ཟླ་བ་འདིའི་ནང་རྒྱ་གཞུང་གིས་ཉེ་ལམ་ལྷ་ས་གྲོང་ཁྱེར་ཁྱབ་ཁོངས་ཀྱི་བོད་རིགས་རྒྱ་གཞུང་ལས་བྱེད་རྣམས་ལ་ཆོས་ལུགས་བྱེད་སྒོ་ཁག་ལ་ཞུགས་མི་ཆོག་པ་མ་ཟད་གལ་སྲིད་ཆོས་ལུགས་བྱེད་སྒོ་ཁག་ལ་ཞུགས་པ་ཤེས་རྟོགས་བྱུང་ཚེ་མི་ཚེ་གཅིག་གི་ཐོབ་ཐང་ཡོངས་རྫོགས་འཕྲོག་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད།

༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སྐུ་གཤེགས་ནས་ལོ་ངོ་ ༣༠ འཁོར་བའི་དུས་དྲན་སྲུང་བརྩི།

ཁ་ཉིན་ཚེས་ ༢༦ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་༸སྐུ་ཚེའི་མཛད་རྗེས་ལ་ཆེ་བསྟོད་ཀྱི་བགྲོ་གླེང་དང་རིག་གཞུང་མཚན་ཚོགས་བཅས་གོ་སྒྲིག་གནང་བའི་ཐོག་ནས་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་གཤེགས་ནས་མི་ལོ་ ༣༠ འཁོར་བའི་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་རེད།ཁ་ཉིན་༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་རྫོགས་ནས་མི་ལོ་ ༣༠ འཁོར་བའི་དུས་དྲན་དང་བསྟུན། བྱང་ཨ་རིའི་༸པཎ་ཆེན་རྗེས་དྲན་ཚོགས་ཆུང་གིས་གོ་སྒྲིག་འོག་སྔ་དྲོ་ཚོུད་ ༡༠ པ་ནས་ཉིན་རྒྱབ་བར་མཁས་དབང་དང་གནད་ཡོད་མི་སྣ་ཁག་ཅིག་གདན་ཞུས་ཀྱིས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་མཆོག་གི་མཛད་རྗེས་སྐོར་བགྲོ་གླེང་གནང་བ་འདུག་པ་དང་། དེའི་ཐོག་སྐུ་འབུམ་དགོན་པའི་དགོན་བདག་༸སྐྱབས་རྗེ་ཨ་རྒྱ་རིན་པོ་ཆེ་མཆོག་གིས་གཙོ་བོར་གྱུར་པའི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས། རྒྱ་རིགས་འབྲེལ་མཐུད་པ་ཟུར་པ་ཀུན་དགའ་བཀྲིས་ལགས། དེ་བཞིན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་དང་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཟུར་པ་བཅས་ནས་ལྷན་ཞུགས་གནང་འདུག ལྷག་དོན་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་དང་རྩོམ་པ་པོ་རྒྱ་རིགས་མཁས་པ་དང་ཕྱི་རྒྱལ་བ་བཅས་ནས་ཀྱང་བགྲོ་གླེང་ཐོག་ཆ་ཤས་བླངས་ཡོད་པ་རེད། སྐུ་མགྲོན་རྣམ་པས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་ནས་བོད་ནང་བསྐྱངས་པའི་ཆོས་སྲིད་ཀྱི་མཛད་འཕྲིན་གཙོ་བོར་གྱུར་པའི་རྒྱ་རིགས་མི་མང་དང་༸པཎ་ཆེན་རིན་པོ་ཆེ་མཆོག་གི་འབྲེལ་བ། གཞིས་བྱེས་བོད་མིའི་སེམས་ནང་རིན་པོ་ཆེའི་རིན་ཐང་སྐོར། བོད་རྒྱ་ཞི་མོལ་གྱི་སྐུ་ཚབ་རུ་ཁག་ནས་༸ཀུན་གཟིགས་མཆོག་དང་མཇལ་མོལ་གནང་བ། ལྷག་དོན་རིན་པོ་ཆེས་མཛད་པའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུའི་གལ་གནད། དེ་བཞིན་རྒྱལ་སྤྱིའི་སྟེང་རིན་པོ་ཆེ་མཆོག་ལ་ངོས་འཛིན་ཞུ་ཕྱོགས་དང་༸ཀུན་གཟིགས་༸པཎ་ཆེན་མཆོག་གི་ཡང་སྲིད་རྩད་གཅོད་ཀྱི་བརྒྱུད་རིམ་བཅས་ཀྱི་བརྗོད་གཞི་འདྲ་མིན་ཐོག་གསུང་བཤད་གནང་ཡོད་པ་རེད།བགྲོ་གླེང་གི་ལས་རིམ་གྲུབ་རྗེས་༸པཎ་ཆེནརིན་པོ་ཆེ་མཆོག་ལ་རྗེས་དྲན་གྱི་མཛད་སྒོ་དངོས་གཞི་གོ་སྒྲིག་གནང་བའི་ཐོག་ནས་རིན་པོ་ཆེའི་༸སྐུ་ཚེའི་མཛད་རྣམ་གྱི་ཕྱག་དེབ་དབུ་འབྱེད་གནང་བ་དང་། མཁས་པའི་གཏམ་བཤད་ཀྱི་ལས་རིམ་ཞིག་ཀྱང་གནང་ཡོད་པ་ཟད། ཕྱི་དྲོ་བོད་པའི་གཞས་པ་དང་གཞས་མ་ཁག་གཅིག་གིས་རིག་གཞུང་མཚན་ཚོགས་ཐོག་རིན་པོ་ཆེའི་མཛད་རྗེས་ལ་ཆེ་བསྟོད་ཀྱི་བསྟོད་གླུ་འདྲ་མིན་ཕུལ་ཡོད་པ་རེད། ༸པཎ་ཆེན་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་གཤེགས་ནས་མི་ལོ་ ༣༠ འཁོར་བའི་དུས་དྲན་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་༸དཔལ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་དང་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་བཅས་ནས་རིན་པོ་ཆེ་མཆོག་ལ་རྗེས་དྲན་གྱི་གསུང་འཕྲིན་བསྩལ་ཡོད་པ་རེད། རྩ་བའི་ཁ་ཉིན་ཨ་རིའི་ནིའུ་ཡོག་ཙམ་མ་ཟད་བོད་མི་གནས་ཡུལ་ས་གནས་མང་ཆེ་བའི་ནང་༸པཎ་ཆེན་རིན་པོ་ཆེ་མཆོག་དགོངས་པ་རྫོགས་ནས་མི་ལོ་ ༣༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད་པ་ལྟར། རྒྱ་གར་བྱང་ཕྱོགས་སྡེ་ར་སྡུན་ས་གནས་སུ་༸དཔལ་ས་སྐྱ་ཁྲི་འཛིན་ ༤༢ པ་རཏྣ་བཛྲ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་མཆོག་རྣམ་གཉིས། དེ་བཞིན་མཁས་དབང་དང་མང་ཚོགས་བཅས་ཁྱོན་མི་གྲངས་ ༡༠༠༠ ལྷག་འདུ་འཛོམས་ཐོག་རིན་པོ་ཆེ་མཆོག་གི་མཛད་རྗེས་ལ་དྲན་གསོ་ཞུས་འདུག

རྒྱ་ནག་གཞུང་ལ་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་རེ་འདུན་ཤུགས་ཆེ་གནང་བ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་བདུན་ཕྲག་གཅིག་ཙམ་གྱི་རིང་ཉི་ཧོང་དུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བ་དང་བསྟུན། ཟླ་ ༡ ཚེས་ ༢༤ ཉིན་ཉི་ཧོང་གི་རྒྱལ་ཡོངས་གསར་འགྱུར་བརྒྱུད་ལམ་གྲགས་ཅན་NHK ཡི་བཅར་འདྲིར་དང་ལེན་གནང་བ་དང་འབྲེལ། སྲིད་སྐྱོང་མཆོག་ནས་ཕྱི་ལོ་ ༢༠༡༠ ནས་ད་བར་བོད་རྒྱ་འབྲེལ་མོལ་གནང་མ་ཐུབ་པར་དེ་མུར་ལྷག་ཡོད་ནའང་རྒྱ་རིགས་ནང་པ་གཙོ་གྱུར་མཁས་དབང་དང་། རྒྱ་རིགས་ཚོང་པ། སློབ་ཕྲུག་སོགས་མང་པོ་ཞིག་གིས་སྒེར་གྱི་ཐོག་ནས་༸གོང་ས་མཆོག་དང་མཇལ་བཅར་ཞུ་གནང་གི་ཡོད་པའི་ཁར་བོད་ཀྱི་རིག་གཞུང་ལ་དགའ་ཞེན་དང་། ལྷག་པར་དུ་བོད་བརྒྱུད་ནང་བསྟན་ལ་དད་གུས་ཆེན་པོ་ཡོད་པའི་རྣམ་པ་གསལ་པོ་ཆགས་བཞིན་ཡོད་སྐོར་གསུངས་པ་དང་འབྲེལ། རྒྱ་གཞུང་གིས་བོད་ནང་གི་བོད་མིའི་མངོན་འདོད་ལ་ངེས་པར་དུ་བརྩི་བཀུར་ཞུས་པའི་ཐོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་མགྱོགས་མྱུར་འབྲེལ་མོལ་བསྐྱར་གསོ་གནང་བའི་བརྒྱུད་བོད་ཀྱི་གནད་དོན་གསལ་ཐབས་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུགབོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་སྲིད་སྐྱོང་མཆོག་ནས་བཅར་འདྲིའི་སྐབས་རྒྱ་ནག་གཞུང་གི་དམ་དྲག་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་ད་བར་བོད་ནང་བོད་མི་ ༡༥༣ ནས་རང་ལུས་མེར་སྲེག་གནང་བའི་བརྒྱུད་བོད་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དགོས་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་མགྱོགས་མྱུར་གདན་ཞུ་གནང་དགོས་པའི་དགོས་འདུན་བཏོན་པ་རྣམས་ངོ་སྤྲོད་གནང་བ་དང་སྦྲགས། རྒྱ་ནག་གཞུང་གིས་བོད་མིས་འབོད་སྒྲ་དང་ངུ་འབོད་ལ་ངེས་པར་དུ་གསན་འཇོག་གནང་བའི་ཐོག་ནས་བོད་རྒྱ་གཉིས་ལ་སྨིན་པའི་ཐབས་ལམ་བརྒྱུད་བོད་ཀྱི་གནད་དོན་གསལ་དགོས་པ་དང་། དེ་ལྟར་གནང་ཚེ་རྒྱ་གཞུང་གིས་གཙོས་པའི་རྒྱ་ནག་མི་མང་ལ་ཁེ་ཕན་ཡོད་པ་ཞིག་རེད་ཅེས་འགྲེལ་བརྗོད་གནང་འདུག དེ་བཞིན་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་མཐར་བོད་མི་ཚོས་ཐག་གཅོད་གནང་དགོས་པ་ཞིག་ཡིན་སྐོར་༸གང་ཉིད་མཆོག་ནས་བཀའ་སློབ་བསྩལ་མྱོང་ཡོད་པ་སོགས་ལུང་འདྲེན་གནང་བ་དང་ཆབས་ཅིག བོད་མི་རྣམས་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུན་མིན་གདུལ་བྱར་སྐྱེས་པ་ཞིག་ཡིན་སྟབས་༸གོང་ས་མཆོག་དང་ཁ་བྲལ་ཐབས་མེད་པར་བརྟེན། རྒྱ་གཞུང་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ཐེ་བྱུས་དང་ཐག་གཅོད་བྱ་རྒྱུར་ཁྲིམས་མཐུན་གྱི་དབང་ཚད་དང་རྒྱུ་མཚན་གང་ཡང་མེད་པ་ཞིག་ཡིན་པ་མ་ཟད། བོད་ནང་རྒྱའི་དབང་སྒྱུར་འོག་བོད་ཀྱི་དགོན་སྡེ་བརྒྱ་ཆ་ ༩༨ རྩ་གཏོར་བཏང་ཡོད་པ་དང་དགེ་བཙུན་གྱི་བརྒྱ་ཆ་ ༩༩.༩ བཙན་དབང་ཐོག་སྐྱ་སར་ཕབ་ཏུ་བཅུག་ཡོད་པ་མ་ཟད། དེ་བཞིན་དགོན་པའི་ནང་༸གོང་ས་མཆོག་གི་༸སྐུ་པར་ཙམ་ཡང་སྒྲིག་ཤོམ་གནང་མི་ཆོག་པའི་བཙན་བཀའ་བཏང་དང་གཏོང་མུས་ཡིན་པ་གསུངས་ཡོད།སྲིད་སྐྱོང་མཆོག་གིས་ཉེ་ལམ་ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་ནས་བོད་ནང་འདྲ་མཉམ་ཐོག་འགྲུལ་བསྐྱོད་ཆོག་པའི་ཁྲིམས་འཆར་ལ་མཚན་རྟགས་བཀོད་ནས་ཁྲིམས་གཞིར་གཏན་འབེབས་བྱུང་བ་ནི་དྲང་བདེན་དང་འགྲོ་བ་མིའི་ཐོབ་ཐང་། མང་གཙོའི་རིང་ལུགས་ལ་རྒྱལ་སྤྱིས་རྒྱབ་སྐྱོར་དང་སྲུང་སྐྱོབ་གནང་བའི་རྣམ་འགྱུར་ཞིག་ཡིན་པ་མ་ཟད། རྒྱ་ནག་གཞུང་ལ་ཆབ་སྲིད་ཀྱི་བརྡ་ལན་ཤུགས་ཆེན་པོ་གནང་ཡོད་པ་གསུངས་འདུག དེ་བཞིན་ཁ་ཉིན་ཚེས་ ༢༦ ཉིན་ཉི་ཧོང་གི་རྒྱལ་ས་ Tokyo ནང་ཉི་ཧོང་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ། ས་གནས་བོད་མི་དང་ཉི་ཧོང་མང་ཚོགས་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་ནས་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་དེ་ཉི་ཧོང་ནང་ཆེད་འཛུགས་གནང་ཐུབ་ཡོད་པ་དང་འབྲེལ། ཉི་ཧོང་གིས་བོད་ཐོག་གླེང་སློང་གནང་རྒྱུ་ཁྱབ་ཆེ་བ་ཡོང་རྒྱུའི་རེ་བ་དང་། ལྷག་པར་དུ་ཉི་ཧོང་གཞུང་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་དང་བོད་རྒྱ་ཞི་མོལ་གང་མགྱོགས་སླར་གསོ་ཡོང་བའི་སླད་དུ་མུ་མཐུད་ཤུགས་སྣོན་གནང་རོགས་ཞེས་འབོད་སྐུལ་ཞུས་འདུག་པ་དང་ཆབས་ཅིག ཉི་ཧོང་ནང་གནས་སྡོད་བོད་རིགས་དང་ཉི་ཧོང་བ་ཚོས་སྤྱི་ཚོགས་དྲྭ་ལམ་བརྒྱུད་བོད་དོན་གོ་རྟོགས་སྤེལ་རྒྱུ་དང་མཐོ་སློབ་ཁག་གི་རྒྱ་རིགས་དགེ་རྒན་དང་སློབ་མ་ཚོའི་ལྷན་དུ་བོད་དོན་གླེང་རྒྱུ། དེ་བཞིན་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་ཐོག་མཉམ་ཞུགས་གནང་དགོས་པར་སྐུལ་མ་གནང་འདུག

བཀྲ་ཤིས་དབང་ཕྱུག་ལགས་འཛིན་བཟུང་བྱས་ནས་མི་ལོ་གསུམ་འཁོར་བའི་དྲན་གསོ།

ཁ་སང་ཚེས་ ༢༧ ཉིན་བོད་ཀྱི་སྐད་ཡིག་རང་དབང་འཐབ་རྩོད་པ་བཀྲ་ཤིས་དབང་ཕྱུག་ལགས་རྒྱ་ནག་གིས་འཛིན་བཟུང་བྱས་ཏེ་མི་ལོ་གསུམ་འཁོར་བའི་ཉིན་མོ་དང་སྟབས་བསྟུན་བཞུགས་སྒར་དུ་ཁོང་གང་མགྱོགས་གློད་བཀྲོལ་དགོས་པའི་ཞུ་སྐུལ་དུ་གྲིབ་གཟུགས་ཀྱི་གཏམ་བརྗོད་ཅེས་པའི་ལས་འགུལ་ཞིག་སྤེལ་སོང་། ཁ་སང་སྔ་དྲོ་ཆུ་ཚོད་ ༡༡ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཁྱིམ་ཉིན་མོ་སློབ་གྲྭའི་ཚོགས་ཁང་དུ་བོད་རང་ད་བཙན་སློབ་ཕྲུག་ཚོགས་པ་དང་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་གཉིས་ཟུང་འབྲེལ་ཐོག་ནས་བོད་ཀྱི་ཆབ་སྲིད་བཙོན་པ་བཀྲ་ཤིས་དབང་ཕྱུག་ལགས་དྲན་གསོ་ཞུས་ནས་ཕྱི་རྒྱལ་མང་ཚོགས་ཀྱི་ཁྲོད་དུ་ཁོང་གི་སྐོར་ལ་གོ་རྟོགས་ཡོང་ཐབས་དང་། དེ་བཞིན་ཁོང་གང་མགྱོགས་གློད་བཀྲོལ་དགོས་བའི་འབོད་སྐུལ་དུ་དབྱིན་སྐད་ཐོག་ནས་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བོད་ཀྱི་སྐད་ཡིག་གི་རང་དབང་ཆེད་དུ་ས་གནས་ཁྲིམས་ཞིབ་ཁང་ལ་ཞི་གཏུག་གནང་བ་དང་། དེ་བཞིན་ས་ཁོངས་མི་རིགས་རང་སྐྱོང་གི་ཁེ་དབང་དང་མཉམ་དུ་ཁྲིམས་རྩོད་པ་གླ་ཐབས་གནང་ནས་བོད་ཀྱི་སྐད་ཡིག་རང་དབང་མཐོར་འདེགས་གཏོང་ཐབས་གནང་རྐྱེན་མཐར་རྒྱ་ནག་གིས་མ་ཉེས་ཁ་གཡོག་འོག་ཁོང་བཙན་ཁྲིད་བྱས་ཏེ་ཁྲིམས་ཐག་བཅད་པ་སོགས་ཀྱིས་མཚོན་པའི་ལེའུ་དྲུག་ཅན་གྱི་གཏམ་བརྗོད་ལས་འགུལ་ཞིག་སྤེལ་ཡོད། འདི་གའི་གསར་འགོད་པས་དགུ་བཅུ་གསུལ་ལས་འགུལ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཟླ་བ་བཀྲ་ཤིས་ལགས་སུ་  ཆབ་སྲིད་བཙོན་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་སྐད་ཡིག་འཐབ་རྩོད་ཀྱི་གནད་དོན་དང་འབྲེལ་བོད་ནང་གི་སྐད་ཡིག་གི་གནས་བབས་དེ་མ་འོངས་པར་ཉེན་འཚབ་གང་འདྲ་ཞིག་འཕྲད་སྲིད་སྐོར་བཀའ་འདྲི་ཞུས་པར་རྒྱ་ནག་གི་ནང་དུ་གྲངས་ཉུང་མི་རིགས་ཀྱི་སྐད་དང་རིག་གཞུང་སྲུང་སྐྱོབ་བྱེད་དགོས་པའི་དོན་ཚན་ཡོད་ཚད་ས་གནས་མི་རིགས་རང་སྐྱོང་གིི་བཅའ་ཁྲིམས་ནང་དུ་འཁོད་ཡོད་ནའང་། དོན་དངོས་ཐོག་སྐད་ཡིག་སྲུང་སྐྱོབ་གནང་ན་ཁྲིམས་འགལ་ལ་ངོས་འཛིན་བཞིན་པར་བརྟེན་མ་འོངས་པར་བོད་ཀྱི་སྐད་ཡིག་གི་གནས་བབས་དེ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་ངེས་ཡིན་པར་འགྲེལ་བརྗོད་གནང་སོང་།

རེས་གཟའ་ཉི་མ། ༢༠༡༩།༠༡།༢༧

ཉན་པ།: Listen ཕབ་ལེན། Download བློ་གསར་གཞོན་ནུ། སྤྱི་ཚོགས་དྲྭ་རྒྱའི་དགེ་སྐྱོན་དང་ཤུགས་རྐྱེན་གླེང་བ། Sunday 27/01/2019 Young Minds: Impact of Social Media

Latest news