Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: October, 2019

ཧི་མཱ་ལ་ཡའི་མི་རིགས་ཚོས་མུ་མཐུད་སངས་རྒྱས་པའི་ཆོས་བདག་གཅེས་གནང་དགོས།

དེ་རིང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྔ་དྲོ་ཚོུད་ ༨ པ་ཙམ་ལ་འབྲས་ལྗོངས་བཻ་རོ་ཙ་ན་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་གི་དགེ་ལས་སློབ་ཕྲུག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་མཇལ་ཁ་དང་ལམ་སྟོན་བཀའ་སློབ་ཞུས་སོང་། དེ་རིང་ཟླ་ ༡༠ ཚེས་ ༢༩ ཉིན་སྔ་དྲོར་རྒྱ་གར་བྱང་ཤར་ཁུལ་དུ་ཆགས་པའི་འབྲས་ལྗོངས་མངའ་སྡེའི་ནང་རྟེན་གཞི་བྱས་པའི་བཻ་རོ་ཙ་ན་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་གི་དགེ་སློབ་གཙོས་པའི་གུ་རུང་དང་། བལ་ཡུལ། ཤར་པ།  ལེབ་ཆ། ཅེཏ་རི། འབྲས་ལྗོངས་སོགས་ཁྱོན་མི་གྲངས་ ༡༨༥ ལྷག་བཞུགས་སྒར་དུ་ཆེད་བཅར་གྱིས་༸གོང་ས་མཆོག་གི་མཇལ་ཁ་ཞུས་པ་དང་འབྲེལ་མགོན་པོ་༸གང་ཉིད་མཆོག་གིས་རིག་གཞུང་གལ་གནད་སྐོར་ངོ་སྤྲོད་བསྩལ་བ་དང་དང་སྦྲགས་ཏེ་ཕྱི་ལོ་ ༡༩༤༩ དང་ ༡༩༥༠ ནས་བཟུང་རྒྱ་གཞུང་གིས་བོད་མིར་དྲག་གནོན་དང་དགོན་པ་གཏོར་བཅོམ་གྱིས་བོད་མི་འབུམ་མང་པོ་དམར་གསོད་བཏང་ཡོད་ཀྱང་། བོད་མི་རིགས་ཀྱི་སེམས་ཤུགས་དང་ཞེན་ཁོག་དེ་བརླག་མེད་པ་དང་སྒོས་ཧི་མཱ་ལ་ཡའི་རི་རྒྱུད་ལ་ཡོད་པའི་མི་རིགས་རྣམས་བོད་ཀྱི་ཆོས་དང་རིག་གཞུང་དང་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ནས་སོ་སོར་ཡོད་པའི་རང་དབང་གི་གོ་སྐབས་སྤྱད་དེ་མུ་མཐུད་སངས་རྒྱས་པའི་ཆོས་བདག་གཅེས་གནང་དགོས་པ་ལམ་སྟོན་བཀྲིན་ཆེ་བ་བསྩལ་ཡོད་པ་རེད། དེ་བཞིན་༸གོང་ས་མཆོག་གིས་ལྟ་གྲུབ་ཐོག་ནས་ནང་པའི་ཆོས་བརྒྱུད་དེ་ཚན་རིག་དང་བསྟུན་ནས་འགྲོ་མཁན་ཞིག་ཡིན་པས་བོད་མིས་གཙོས་པའི་ཧི་མཱ་ལ་ཡ་རི་རྒྱུད་ཀྱི་མི་མང་ནས་དེར་སྤོབས་པ་བྱེད་དགོས་པ་དང་ཆབས་ཅིག་ཏུ་དབང་རྣོན་ཆོས་ཀྱི་རྗེས་འབྲང་པ་ཞིག་བྱེད་དགོས་གལ་ཡིན་པ་བཀའ་བསྩལ་སོང་། ༸གོང་ས་མཆོག་གིས་བོད་མི་ལྟ་བུར་མཚོན་ན་རང་ཉིད་ཀྱི་ལུང་པ་དང་བྲལ་ཡོད་ཀྱང་བོད་ཀྱི་བདེན་མཐའ་ཏན་ཏན་སེལ་ཐུབ་ངེས་ཡིན་སྐོར་བཀའ་བསྩལ་དང་འབྲེལ་ཏེ་ཧི་མཱ་ལ་ཡའི་མི་རིགས་ཚོས་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་དེར་སློབ་སྦྱོང་གནང་ཐོག་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གནང་དགོས་པ་བཀའ་བསྩལ་ཡོད། གཞི་རྩའི་འབྲས་ལྗོངས་བཻ་རོ་ཙ་ན་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་ནི་དེ་སྔར་མགོན་པོ་༸གང་ཉིད་མཆོག་གིས་འབྲས་ལྗོངས་ནང་བོད་པའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་གནང་དགོས་པར་བཀའ་བསྩལ་མཛད་པ་ལྟར་ཕྱི་ལོ་ ༡༩༩༩ ལོར་རྒན་བྱམས་པ་ཆོས་འཕེལ་ལགས་ཀྱིས་གཙོས་པའི་དང་བླངས་བ་ཁག་གཅིག་ནས་འགན་ཁུར་གྱིས་ཆེད་འཛུགས་གནང་བའི་སློབ་གཉེར་ཁང་ཞིག་ཆགས་ཀྱི་ཡོད་པ་རེད། ད་ཆ་སློབ་གཉེར་ཁང་དབུ་བརྙེས་ནས་ལོ་ངོ་ ༢༠ འཁོར་གྱི་ཡོད་པ་རེད། སློབ་གཉེར་ཁང་དེའི་ནང་བོད་སྐད་དང་བོད་ཡིག  དེ་བཞིན་ཀུན་བཟང་བླ་མའི་ཞལ་ལུང་། སྤྱོད་འཇུག་ལས་བྱང་ཆུབ་སེམས་དང་སྟོང་ཉིད། དེ་བཞིན་བར་དོའི་སྐོར་བོད་སྐད་དང་དབྱིན་ཇི། བལ་སྐད་བཅས་ནང་སློབ་ཁྲིད་གནང་གི་ཡོད་པ་དང་། སློབ་གཉེར་ཁང་དེ་ཐོག་མ་ཆེད་འཛུགས་གནང་མཁན་ཁོངས་སུ་ཡོད་པ་དང་ནང་ཆོས་སློབ་ཁྲིད་གནང་མཁན་རྒན་བྱམས་པ་ཆོས་འཕེལ་ལགས་ཡིན་པ་རེད།

ལྦན་བྷག་ཨལ་ལཎ་གྱི་སློབ་ཕྲུག་ཁག་གཅིག་ལ་བོད་ཀྱི་སྐད་ཡིག་ལ་སློབ་སྦྱོང་བྱེད་དགོས་པའི་ལམ་སྟོན་བསྩལ་བ།

ཁ་སང་ཕྱི་ཚེས་ ༢༨ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་གཟིམ་ཆུང་མཇལ་མང་སྐབས་མ་སུ་རིར་རྟེན་གཞི་བྱས་པའི་ལྦན་བྷག་ཨལ་ལཎ་གྱི་སློབ་ཕྲུག་ཁག་གཅིག་ལ་དམིགས་བསལ་མཇལ་ཁ་བསྩལ་བ་དང་སྦྲགས། བོད་ཀྱི་སྐད་ཡིག་ལ་སློབ་སྦྱོང་བྱེད་དགོས་གལ་ཡིན་པའི་སྐོར་ལ་ལམ་སྟོན་མཛད་འདུག སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་སློབ་ཕྱུག་ཁྱེད་རང་ཚོ་རིམ་བཞིན་སློབ་སྦྱོང་བྱས་ནས་སློབ་མཐར་སོན་པའི་རྗེས་སུ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་དང་སྒོས་སུ་གཞིས་བཞུགས་བོད་མི་ཚོའི་ཆེད་དུ་ཞབས་འདེབས་བསྒྲུབ་ཐུབ་པར་སེམས་ཤུགས་བསྐྱེད་དགོས་པར་ལམ་སྟོན་བསྩལ་བ་མ་ཟད། དེ་ལྟར་ཞབས་འདེགས་བསྒྲུབ་པར་བོད་ཡིག་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་དང་། ཁྱད་པར་དུ་འཛམ་གླིང་འདིའི་ཐོག་ལ་ནང་པ་སངས་རྒྱས་པའི་ལྟ་གྲུབ་དང་སེམས་ཁམས་རིག་པ། དེ་བཞིན་གཏན་ཚིགས་རིག་པ་བཅས་འགྲེལ་བརྗོད་བྱེད་པར་བོད་ཀྱི་སྐད་ཡིག་འདི་ལེགས་ཤོས་ཡིན་སྟབས་ཁྱེད་རང་ཚོའི་ངོས་ནས་བོད་ཡིག་ལ་སློབ་སྦྱོང་བྱེད་དགོས་ཞེས་ལམ་སྟོན་བསྩལ་འདུག དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ནང་པའི་ལྟ་གྲུབ་དེ་དག་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པས་དེ་རྣམས་སློབ་ཁྲིད་གནང་དགོས་གལ་ཡིན་པ་དང་། ལྷག་པར་དུ་དེང་སྐབས་ཚན་རིག་པ་ཆོས་ལ་དོ་སྣང་མེད་མཁན་ཚོས་ཀྱང་ནང་པའི་ལྟ་གྲུབ་རྣམ་གཞག་བཤད་སྐབས་དོ་སྣང་ཆེན་པོ་གནང་གི་ཡོད་སྐོར་བཀའ་བསྩལ་དང་ཆབས་ཅིག རིམ་བཞིན་འཛམ་གླིང་སྤྱི་ཡོངས་ལ་ཆོས་ཀྱི་བཀའ་མོལ་གང་ཡང་མེད་པར་ང་ཚོ་བོད་མི་ཚོས་རྒྱ་གར་འཕགས་པའི་ཡུལ་གྱི་དཔལ་ནཱ་ལེནྡཱའི་དྲི་མ་མེད་པའི་ཆོས་བརྒྱུད་སྔར་ནས་དུས་ད་ལྟ་བར་ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་འཐུས་ཚང་བདག་གཅེས་གནང་བའི་ནང་པའི་ལྟ་གྲུབ་དེ་དག་ཤེས་ཡོན་གྱི་ལམ་ལུགས་ཐོག་ནས་ཞབས་འདེགས་ཤིག་བསྒྲུབ་ཐུབ་རྒྱུ་ཡོད་སྟབས་གཞོན་སྐྱེས་ཁྱེད་ཅག་གིས་ཤུགས་སྣོན་རྒྱག་དགོས་ཞེས་བཀའ་བསྩལ་འདུག ༸གོང་ས་མཆོག་གིས་ད་དུང་དེ་ལྟར་གནང་ཐུབ་ཚེ་གཞན་ཕན་གྱི་བྱ་བ་དང་བོད་སྤྱིའི་མཚན་མཐོང་ལའང་དགེ་མཚན་ལྡན་ཡོད་པ་བཀའ་བསྩལ་འདུག

རྒྱ་ནག་གི་ཁུང་རྩི་སློབ་གླིང་སྒོ་འབྱེད་གཉེར་བར་བོད་མིས་ངོ་རྒོལ།

ཕ་རན་སི་ལྷོ་ཕྱོགས་གྲོང་ཁྱེར་ Pau ནང་རྒྱ་གཞུང་གི་ཁུང་རྩི་སློབ་གླིང་སྒོ་འབྱེད་གཉེར་བའི་ཉིན་མོར་ཕ་རན་སི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་བས་ཁུལ་དེའི་གྲོང་ཁྱེར་སྤྱི་ཁྱབ་དང་ཆེས་སྡུག་རྩུབ་ཆེ་བའི་དབང་ཆ་གཅིག་བསྡུས་རིང་ལུགས་རྒྱ་ནག་གཉིས་དབར་གྱི་ལག་འབྲེལ་གྱིས་བྱ་སྤྱོད་སྤེལ་བར་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་གནང་འདུག ཁ་སང་ཕྱི་ཚེས་ ༢༨ ཉིན་གྱི་ཕྱི་དྲོ་ཕ་རན་སི་ལྷོ་ཕྱོགས་གྲོང་ཁྱེར་ Pau ནང་རྒྱ་ནག་གཞུང་ཚབ་པ་ Lu Shaye དང་ Pau གྲོང་ཁྱེར་སྤྱི་ཁྱབ་པ་ Francois Bayrou ལྷན་འཛོམས་ཐོག་གྲོང་ཁྱེར་དེར་རྟེན་གཞི་བྱས་པའི་ Pau གཙུག་ལག་སློབ་གཉེར་ཁང་དུ་ཁུང་རྩི་སློབ་གཉེར་སྒོ་འབྱེད་གཉེར་འདུག་པ་དང། སྐབས་དེར་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང། France Tibet ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་ཚོགས་པ་བཅས་ཀྱིས་བོད་ཀྱི་རྒྱལ་དར་དང། རྒྱ་གཞུང་གི་བྱ་སྤྱོད་ལ་སྐྱོན་བརྗོད་ཀྱི་ཕྲེད་དར་སོགས་བསྣམས་ཏེ་ཁུང་རྩི་སློབ་གླིང་ནི་རྒྱ་ནག་བཙན་རྒྱལ་རིང་ལུགས་ཀྱི་ལག་ཆ་གཙོ་བོ་རེད་ཅེས་ངོ་རྒོལ་གནང་འདུག སྐབས་དེར་འདི་ག་རླུང་འཕྲིན་ཁང་ནས་ཕ་རན་སི་བོད་རང་ཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་བསྟན་རྣམ་ལགས་ལ་གནས་འདྲི་ཞུས་པར་ཉེ་བའི་ལོ་ཤས་ནང་དུ་ཨ་མི་རི་ཀ་གཙོས་མང་གཙོའི་རྒྱལ་ཁབ་ཆེས་གྲས་ཁག་ཏུ་ཁུང་རྩི་སློབ་གླིང་དོག་ཟོན་གྱི་སྒོ་རྒྱག་བཞིན་པའི་གནས་སྟངས་འབྱུང་བཞིན་ཡོད་པ་དེ་ལྟར་ཡང། ཕ་རན་སི་ནང་དུ་ཆ་མཚོན་ན་ཉེ་བའི་ལོ་ཤས་ནང་ཁུང་རྩི་སློབ་གླིང་ལྟེ་གནས་ཁང་མང་དུ་འགྲོ་བཞིན་འདུག་ཅེས་ངོ་སྤྲོད་གནང་སོང་། རྩ་བའི་རྒྱ་ནག་གཞུང་འབྲེལ་གྱི་ཁུང་རྩི་སློབ་གླིང་ཞེས་པ་དེ་ནི་ཕྱིའི་རྒྱལ་ཁབ་ཁག་གི་མཐོ་སློབ་ཁག་ཏུ་རྒྱ་སྐད་དང་རྒྱ་ཡིག་སློབ་ཁྲིད་བྱེད་ཚུལ་གྱི་མིང་ཐོག་ནས་མཐོ་སློབ་ཁག་གི་ཤེས་ཡོན་སློབ་གསོའི་རང་དབང་ལ་ཐེ་གཏོགས་དང་འབྲེལ་རྒྱ་ནག་དམར་ཤོག་གི་ལྟ་སྤྱོད་དར་སྤེལ་དང་རྒྱལ་སྤྱིའི་ཁྲོད་རྒྱ་ནག་ལ་ལྟ་ཕྱོགས་འགྱུར་བ་གཏོང་ཐབས་བྱེད་བཞིན་པའི་རྒྱ་ནག་གི་འཇམ་པོའི་སྟོབས་ཤུགས་ལག་ཆ་གཙོ་བོ་ཞིག་ཆགས་ཀྱི་ཡོད་པ་རེད། བརྒྱུད་ལམ་ཁག་ཏུ་ཐོན་པར་གཞིགས་ན་ཁ་སང་སྒོ་འབྱེད་བྱས་པའི་ཁུང་རྩི་སློབ་གླིང་ཁང་དེ་ཕ་རན་ནང་དུ་ཁུང་རྩི་སློབ་གླིང་ ༢༠ པ་དེ་ཆགས་ཀྱི་ཡོད་པ་རེད་འདུག ད་རེས་གྲོང་ཁྱེར་ Pau ནང་དུ་ཁུང་རྩི་སློབ་གླིང་སྒོ་འབྱེད་ཀྱི་ཉིིན་གཉིས་ཀྱི་སྔ་རོལ་དུ་ལས་འགུལ་སྤེལ་མཁན་འབྲེལ་ཡོད་ཚོགས་པ་ཁག་ནས་མཉམ་འབྲེལ་གྱིས་ཐེངས་དེའི་ཤེས་ཡོན་མཉམ་འབྲེལ་གྱི་ལས་དོན་ལ་ངོ་རྒོལ་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་ཀྱང་སྤེལ་འདུག གྲོང་ཁྱེར་ Pau ནང་དུ་ཁུང་རྩི་སློབ་གླིང་སྒོ་འབྱེད་བྱས་པའི་ཉིན་མོ་དེ་ནས་ཁུལ་དེའི་ནང་གི་ཤེས་ཡོན་གྱི་རང་དབང་ལ་དོ་ཕོག་འགྲོ་ཉེན་ཡོད་པ་དང། ལྷག་པར་དུ་ལན་ཁུང་རྩི་སློབ་ཁང་དང་ལག་འབྲེལ་བྱས་པ་འདིས་རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་བོད་དང་ཡུ་གུར་སོགས་ཀྱི་མང་ཚོགས་ཀྱི་རང་དབང་དང་ཐོབ་ཐང་ལ་ཁྱད་གསོད་བྱས་པ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་འདུག གཞི་རྩའི་ཁུང་རྩི་སློབ་གླིང་ཞེས་པའི་ལས་འཆར་འདི་ནི་རྒྱ་ནག་གཞུང་འབྲེལ་ཤེས་ཡོན་ལྷན་ཁང་འོག་ཕྱི་ལོ་༢༠༠༤ ལོར་དངོས་སུ་ཆེད་བཙུགས་བྱས་ནས་ད་ལྟའི་ཆར་ལྷོ་བྱང་ཨ་མི་རི་ཀ་དང་ཡོ་རོབ། ཨ་ཕི་རི་ཀ། དེ་བཞིན་ཨོ་སི་ཊོ་ལི་ཡ་བཅས་འཛམ་གླིང་གི་གླིང་ཆེན་དྲུག་ནང་དུ་ =ཁུང་རྩི་སློབ་གླིང་ལྟེ་གནས་ཁང་ ༥༣༠ ལྷག་ཆེད་བཙུགས་བྱས་ཟིན་འདུག་པ་དང། རྒྱ་ནག་གཞུང་གི་འཆར་གཞི་ལྷར་ཕྱི་ལོ་ ༢༠༢༠ ནང་ཚུད་ལ་འཛམ་གླིང་ནང་དུ་ཁུང་རྩི་སློབ་གླིང་ལྟེ་གནས་ཁང་ ༡༠༠༠ ཆེད་འཛུགས་བྱ་འཆར་ཡོད་པ་རེད་འདུག འོན་ཀྱང་འདས་པའི་ལོ་ཤས་ནང་དུ་ཨ་རི་དང་ཁེ་ན་ཌ་སོགས་ཀྱི་མཐོ་སློབ་ཁག་ནས་རྒྱ་ནག་གི་ཁུང་རྩི་སློབ་གླིང་ལས་དོན་ལ་དོག་ཟོན་གྱིས་སྒོ་བརྒྱབ་པའི་གནས་ཚུལ་བྱུང་ཡོད་པ་རེད། དེ་བཞིན་ཨ་རིའི་ནང་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་འདི་ལོའི་ཕྱི་ཟླ་གསུམ་པའི་ནང་རྒྱ་ནག་གིས་ཐབས་བརྒྱ་བྱུས་སྟོང་གིས་ཁུང་རྩི་ཤེས་ཡོན་ལྟེ་གནས་ཆེད་འཛུགས་ཀྱིས་ཕྱི་ཕྱོགས་སུ་རྒྱ་ནག་གི་གནོད་ཤུགས་ཁྱབ་སྤེལ་དང་ཤེས་ཡོན་གྱི་རང་དབང་ཉམ་དམས་སུ་གཏོང་བཞིན་ཡོད་པ་གསལ་འདོན་དང་སྦྲགས། ཕྱི་ཕྱོགས་ཀྱི་མཐོ་སློབ་དང་གཙུག་ལག་སློབ་ཆེན་སོགས་ཀྱིས་ལག་བསྟར་བྱེད་དགོས་པའི་སྒྲིག་ཡིག་དོན་ཚན་བཅུ་གཉིས་ཅན་ཞིག་ཁྱབ་བསྒྲགས་ཀྱིས་རྒྱ་ནག་གི་གནོད་ཤུགས་ལ་བཀག་འགོག་བྱེད་དགོས་པ་ཡང་གསུངས་ཡོད་པ་རེད།

རེས་གཟའ་ཟླ་བ། ༢༠༡༩།༡༠།༢༨

ཉན་པ།: Listen ཕབ་ལེན། Download རྒྱལ་སྤྱིའི་བོད་ཀྱི་ཟློས་གར་སྒྱུ་རྩལ་ཞིབ་འཇུག་བགྲོ་གླེང་ཚོགས་ཆེན་ཐོག་མ་དབུ་འཛུགས། ༸རྒྱལ་བའི་ཡང་སྲིད་ཐག་གཅོད་གནང་རྒྱུའི་བདག་དབང་༸གོང་ས་མཆོག་ལ་ཡོད། ༸གོང་ས་མཆོག་གི་རྒྱ་གར་མང་ཚོགས་ལ་དྷི་ཝ་ལིར་འཚམས་འདྲི་མཛད་པ། གླིང་རིན་པོ་ཆེ་མཆོག་གིས་བོད་ཀྱི་ཆོས་རིག་ཐོག་ལམ་སྟོན་བསྩལ་བ། རྒྱལ་སྤྱིའི་ཁྲོད་དྲྭ་རྒྱའི་སོ་མྱུལ་གྱི་ལས་འགུལ་ཤུགས་ཆེར་འགྲོ་བཞིན་པ་མངོན་གསལ། དབྱིན་ཡུལ་དུ་ཡོད་པའི་རྒྱ་རིགས་སློབ་མའི་ཁྲོད་སོ་མྱུལ་བ་ཡོད་པའི་ཉེན་བརྡ། སུད་སི་ནས་རྒྱ་ནག་ཕྱི་སྲིད་བློན་ཆེན་ཐུག་འཕྲད་ཀྱིས་བོད་དོན་གླེང་བ། Monday 28/10/2019 TIPA hosts first ever International Conference on Tibetan Performing Arts US Ambassador at large for Religious Freedom arrives in Dharamshala Dalai Lama greets Indian brothers and sisters on the occasion of Diwali Ling Choktrul Rinpoche speaks to Tibetan youth in Delhi UK Security services fear the march of Beijing’s spies on universities Switzerland raises Human Rights in Tibet during visit of Chinese Foreign Minister

རྒྱལ་སྤྱིའི་བོད་ཀྱི་ཟློས་གར་སྒྱུ་རྩལ་ཞིབ་འཇུག་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོ་དབུ་འཛུགས།

བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༦༠ འཁོར་བ་དང་བསྟུན་དུས་ཆེན་སྲུང་བརྩིའི་ཆ་ཤས་སུ་དེ་རིང་ཕྱི་ཟླ་ ༡༠ ཚེས་ ༢༨ ཉིན་གྱི་སྔ་དྲོ་ཚོུད་ ༡༠ པ་ཡོལ་ཙམ་ལ་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་གསར་པར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་ ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་ལོ་རྒྱུས་སྨྲ་བ་མཁས་དབང་བཀྲིས་ཚེ་རིང་ལགས་ཀྱིས་གོ་སྒྲིག་གནང་ཐོག་རྒྱལ་སྤྱིའི་བོད་ཀྱི་ཟློས་གར་སྒྱུ་རྩལ་ཞིབ་འཇུག་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོའི་དབུ་འབྱེ་མཛད་སྒོ་ཞིག་བསྐོང་ཚོགས་གནང་སོང་བ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་སྐུ་ཞབས་ Sam Brownback མཆོག་གིས་གཙོས་པའི་སྲིད་སྐྱོང་མཆོག་དང་ཕྱག་སྦྲེལ་བཀའ་བློན་རྣམ་པ། བོད་ཀྱི་ཟློས་གར་ཚོགས་པའི་སློབ་ཟུར་བཅས་ཁྱོན་མི་གྲངས་བརྒྱ་ཕྲག་ཁ་ཤས་ཤིག་འདུ་འཛོམས་གནང་སོང་། སྐབས་དེར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་སྐུ་ཞབས་ Sam Brownback མཆོག་གིས་ཐེངས་འདིའི་མཛད་སྒོའི་སྐུ་མགྲོན་གཙོ་བོ་དང་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུ་སྐལ་བཟང་གོ་སྐབས་བྱུང་ཞེས་གསུངས་ཏེ་སྐབས་དེར་༸གོང་ས་མཆོག་གིས་བྱམས་པ་དང་བརྩེ་བ། དྲང་བདེན་གྱི་ཐོག་ནས་སྤྱི་ཚོགས་ནང་གི་སེམས་ཅན་རྣམས་ཕན་ཚུན་གཅིག་ལ་གཅིག་བརྟེན་ཐོག་ནས་གནས་དགོས་གལ་གྱི་བཀའ་བསྩལ་སྐོར་གསུངས་པ་དང་འབྲེལ། མགོན་པོ་མཆོག་ནི་འཛམ་གླིང་སྤྱིར་མིག་ལྟོས་བཟང་ཤོས་ཤིག་དང་འཛམ་གླིང་འདིའི་ནང་༸གོང་ས་མཆོག་ལས་སྙིང་སྟོབས་ཆེ་བ་སུ་གང་ཡང་མེད་པ་མ་ཟད་བོད་ཀྱི་གནད་དོན་དང་འབྲེལ་བའི་མ་འོངས་བོད་ཀྱི་མདུན་ལམ་ཐད་ལའང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལས་ལྷག་པའི་དབུ་ཁྲིད་གཞན་མེད་པ་གསུངས་སོང་། ཁོང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ནི་དམིགས་བསལ་ཞིག་ཡིན་པ་དང་བོད་ཀྱི་རིག་གཞུང་ལ་རྒྱ་ནག་གཞུང་ནས་དོ་ཕོག་ཤུགས་ཆེར་གཏོང་བཞིན་པར་ཨ་རིའི་གཞུང་ནས་གདུང་སེམས་མཉམ་བསྐྱེད་དང་འབྲེལ་ཏེ་རྒྱ་ནག་གཞུང་ནས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩིས་རང་ཉིད་ཀྱི་ཁྲིམས་ལ་བརྩི་སྲུང་བྱས་ནས་ཆོས་དད་རང་དབང་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། ༸ཀུན་གཟིགས་པཎ་ཆེན་དགེན་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་དགོས་པ། རིན་པོ་ཆེ་མཆོག་གི་ད་ལྟའི་གནས་བབས་རྣམས་ཇི་ལྟར་ཡིན་པ་ཁ་གསལ་འགྲེལ་བརྗོད་དགོས་པ་གསུངས་སོང་བ་མ་ཟད་རྒྱལ་སྤྱིའི་ཁྲོད་ཀྱི་ནང་པའི་ཡུལ་ལུང་སྟེ་ཐེ་ཝན་དང་ཝི་ཏི་ནམ། ཤྲི་ལངྒ་དང་སོག་པོ་བཅས་ནས་བོད་ནང་གི་ཆོས་དད་རང་དབང་ལ་དམ་དྲག་ཤུགས་ཆེར་བྱེད་བཞིན་པ་དང་དེའི་རྐྱེན་པས་གཞིས་བཞུགས་བོད་རིགས་ཚོར་དཀའ་ངལ་ཤུགས་ཆེར་འཕྲད་བཞིན་པ་ལ་གཟིགས་རྟོག་གནང་དགོས་པའི་སྐུལ་མ་གནང་སོང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་སྐུ་ཞབས་ Sam Brownback མཆོག་གིས་གཙོས་པའི་ཕྱག་སྦྲེལ་རྣམས་བོད་ཀྱི་ཟློས་སྒར་ཚོགས་པར་ཕེབས་མཁན་གྱི་སྐུ་མགྲོན་ཆེས་ཐོག་མ་ཙམ་མ་ཟད་དྷ་རྨ་ས་ལར་ཨ་རིའི་གཞུང་འབྲེལ་གྱི་ཆེས་མཐོ་མི་སྣ་དང་པོ་གྲས་སུ་ཕེབས་མཁན་ཞིག་ཡིན་པར་དགའ་བསུའི་འཚམས་འདྲི་ཞུས་པ་དང་འབྲེལ། ༸གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་འོག་བོད་ཀྱི་ཟློས་གར་ཚོགས་པ་ཐོག་མར་དབུ་བརྙེས་སྟངས་དང་རིམ་བཞིན་རྒྱལ་སྤྱིའི་ཁྲོད་ཁྱབ་སྤེལ་ཆེན་པོ་ཕྱིན་ཚུལ་སོགས་རྒྱབ་ལྗོངས་ཀྱི་ལོ་རྒྱུས་ཁག་ངོ་སྤྲོད་གནང་ཡོད། སྲིད་སྐྱོང་མཆོག་གིས་ཐེངས་འདིའི་དབུ་འབྱེད་མཛད་སྒོའི་ཐོག་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་ཆེད་དུ་ཕེབ་ས་པ་ནི་ཆོས་དད་རང་དབང་ཞེས་པ་ནི་རྒྱལ་སྤྱིའི་རང་བཞིན་ཞིག་མཚོན་གྱི་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་ལ་ཨ་རིའི་གཞུང་དེ་བོད་དང་མཉམ་དུ་ཡོད་པའི་བརྡ་ལན་ཞིག་སྤྲོད་ཀྱི་ཡོད་པ་རེད། བོད་ནང་གི་བོད་མི་ཚོས་དུས་རྟག་ཏུ་གཏམ་བཟང་ལ་ངང་སྒུག་གནང་དང་གནང་བཞིན་པར་རེ་བ་སྐྲུན་མཁན་ཞིག་དང་། བོད་མིར་གདུང་སེམས་མཉམ་བསྐྱེད་ཀྱི་མཚོན་དོན་ནམ་བརྡ་ལན་རླབས་པོ་ཆེ་ཞིག་ཡིན་སྐོར་གསུངས་སོང་། རྩ་བའི་རྒྱལ་སྤྱིའི་བོད་ཀྱི་ཟློས་གར་སྒྱུ་རྩལ་ཞིབ་འཇུག་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོ་དེ་ཉིན་གསུམ་གྱི་རིང་ གནང་གི་ཡོད་པ་དང་། སྐབས་དེར་བརྗོད་གཞི་མི་འདྲ་བ་དགུའི་ཐོག་དུ་མཁས་དབང་མི་སྣ་ ༢༣ ཙམ་ནས་གཏམ་བཤད་གནང་རྒྱུ་ཡིན་པ་དང་། སང་ཉིན་༸གོང་ས་སྐྱབསམགོན་ཆེན་པོ་མཆོག་ཆིབས་བསྒྱུར་གྱིས་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་གསར་པ་དབུ་འབྱེད་རབ་གནས་མཛད་ཀྱི་ཡོད་པ་རེད།

རྒྱ་གར་མང་ཚོགས་ལ་དྷི་ཝ་ལི་ཉིན་མོར་འཚམས་འདྲི་མཛད་པ།

ཁ་སང་རྒྱ་གར་གྱི་ཧིན་དུའི་མི་རིགས་ཀྱིས་དྷི་ཝ་ལི་འམ་མཆོད་མེའི་ཕྲེང་བ་འབུལ་བའི་དུས་ཆེན་ཉིན་མོར་ཆོས་ཕྱོགས་ཀྱི་དུས་ཆེན་སྲུང་བརྩི་ཞུས་པ་དང་འབྲེལ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་མང་ཚོགས་ཀུན་ལ་ दिवाली དགའ་སྟོན་ཉིན་མོར་བཀྲ་ཤིས་པའི་འཚམས་འདྲིའི་བརྙན་ཐུང་ཞིག་བསྩལ་འདུག ༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲྭ་རྒྱའི་ཐོག་གནས་ཚུལ་ཐོན་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཕྱི་ཟླ་ ༡༠ ཚེས་ ༢༧ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་རྒྱ་གར་གྱི་ Diwali དུས་ཆེན་ཉིན་མོར་རྒྱ་གར་བ་ས་ཡ་མང་པོས་དགའ་ཞིང་སྤྲོ་བའི་ངང་ནས་དུས་ཆེན་དེ་སྲུང་བརྩི་ཞུ་བཞིན་ཡོད་སྟབས། མགོན་པོ་༸གང་ཉིད་མཆོག་གིས་ངོས་རང་རྒྱ་གར་གཞུང་གི་མགྲོན་པོ་ཡུན་རིང་ཤོས་ཤིག་ཡིན་པའི་ཆ་ནས་ངོས་ཀྱང་རྣམ་པ་ཚོ་དང་ལྷན་དུས་ཆེན་ནང་མཉམ་ཞུགས་ཀྱིས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞེས་བཀའ་བསྩལ་བ་དང་ཆབས་ཅིག་ཏུ་དུས་ཁྱད་ཉིན་མོར་སྤྲོད་པོ་ཡོང་བའི་སྨོན་འདུན་མཛད་འདུག རྩ་བའི་དྷི་ཝ་ལི་འམ་མཆོད་མེའི་ཕྲེང་བ་འབུལ་བའི་ཆོས་ཕྱོགས་ཀྱི་དུས་ཆེན་དེ་ནི་གཙོ་བོ་རྒྱ་གར་གྱི་ रामायण གཏམ་བརྒྱུད་ལས་སྐྱེས་བུ་དམ་པ་རཱམ་ལོ་ ༡༤ རིང་ནགས་ཚལ་དུ་བཞུགས་རྗེས་ अयोध्या ཕོ་བྲང་དུ་ཚུར་ཕེབས་སྐབས་ཆབ་འབངས་ཚོས་རཱམ་ལ་ཕེབས་བསུ་ཞུ་བའི་དགའ་སྟོན་ཉིན་མོ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་དང་ཉིན་དེར་རྒྱ་གར་བ་མང་ཆེ་བས་ཚོང་ལོ་གསར་པ་དབུ་འཛུགས་དང་འབྲེལ་ लक्ष्मी འམ་ལྷ་མོ་དཔལ་མོར་གསོལ་འདེབས་སྨོན་ལམ་དང་མཆོད་པ་ཕུལ་ཏེ་དུས་ཆེན་སྲུང་བརྩི་ཞུ་ཡི་ཡོད་པ་རེད།    

ལྡི་ལིའི་བོད་རིགས་ན་གཞོན་ལ་བོད་ཀྱི་ཆོས་རིག་ཐོག་ལམ་སྟོན་བསྩལ་བ།

ཁ་སང་རེས་གཟའ་ཉིན་མའི་ཉིན་འདི་ག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ས་གནས་འགོ་འཛིན་དང་རོ་ཧི་ནི་བོད་ཕྲུག་ཁྱིམ་སྡེའི་སྡོད་ཁང་གཉིས་ནས་གསོལ་འདེབས་ཞུས་ཏེ་༸སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་ལྡི་ལིའི་ཁུལ་གྱི་བོད་རིགས་ན་གཞོན་རྣམས་ལ་བོད་ཀྱི་ནང་པའི་ཆོས་དང་སྐད་ཡིག ལེགས་བྱང་། དེ་བཞིན་རིག་གཞུང་བཅས་ཀྱི་ཐོག་ལམ་སྟོན་བཀའ་སློབ་བཀྲིན་བསྩལ་ཡོད་པ་རེད། རོ་ཧི་བོད་ཁྱིམ་སྡོད་ཁང་གྱི་ཚོགས་ཁང་དུ་གོ་སྒྲིག་ཞུས་པའི་ནང་ཆོས་ངོ་སྤྲོད་ཀྱི་ཚོགས་མགོན་དུ་༸སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་ཐོག་མར་ན་གཞོན་དེ་དག་ལ་ང་ཚོ་ཚང་མ་བོད་རྒྱལ་ཁབ་ཆེན་པོའི་ཆབ་འབངས་སུ་གཏོགས་པའི་སྤུན་ཟླ་ཡིན་པར་ངོ་སྤྲོད་གནང་བ་མ་ཟད་ལོ་ངོ་སྟོང་ཕྲག་ནས་བརྒལ་བའི་བོད་ཀྱི་ལོ་རྒྱུས་དེ་དག་ཁུངས་ལྡན་ཡིན་པ་སོགས་ཀྱི་བོད་ཀྱི་ཆོས་དང་འཇིག་རྟེན་སྤྱིའི་གནས་སྟངས་ངོ་སྤྲོད་གནང་ཡོད། འོན་ཀྱང་བོད་ཀྱི་ས་ཆའི་གནས་བབས་བཅས་ཀྱི་ཐོག་ནས་འཛམ་གླིང་གཞན་དང་འབྲེལ་བ་དེ་ཙམ་བྱུང་མེད་སྟབས་དེང་དུས་ཀྱི་ཤེས་ཡོན་ཐད་ལ་འཐུས་ཤོར་བཅས་ཀྱིས་ཆབ་སྲིད་ཐོག་ཕྲན་བུའི་རྗེས་ལུས་ཐེབས་ཏེ་བོད་ཡོངས་རྫོགས་རྒྱའི་ལག་ཏུ་ཤོར་བ་དང་། ལྷག་པར་དུ་བོད་ཀྱི་ཆོས་དང་རིག་གཞུང་མི་རིགས་བཅས་པ་ཆག་འཇིག་གི་ཡིད་སྐྱོའི་གནས་ཚུལ་ཐབས་སྡུག་ཞིག་བྱུང་ཡོད། དཔལ་ནཱ་ལེནྡཱའི་ནང་ཆོས་དང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་དང་མི་རབས་རྒན་པ་ཚོའི་ལྷག་བསམ་བཅས་ལ་བརྟེན་ནས་ད་ལྟའི་ཆར་བོད་མི་བརྗོད་སྐབས་མི་རིགས་ཡིད་ཆེས་དང་དགའ་སྤོབས་ལྡན་པ་ཞིག་ཡིན་སྐོར་སོགས་བཀའ་བསྩལ་སོང་། དེ་རྗེས་༸སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་ནང་ཆོས་ཀྱི་སྙིང་པོ་ངོ་སྤྲོད་གནང་སྟེ་རྒྱུན་དུ་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་དེ་ཆགས་སྡང་གི་དབང་དུ་མི་འགྲོ་བ་ཞིག་བྱེད་དགོས་པ་དང་། དེ་ལྟར་མི་འགྲོ་བའི་ཐབས་ཤེས་དེ་རང་གིས་རང་ཉིད་ཀྱི་བཅུན་ཐུབ་པ་ཞིག་བྱེད་དགོས་པ། སེམས་ལ་རྣམ་ཀུན་ནས་སྦྱོང་བརྡར་གནང་ཚེ་དེར་བཏང་འཛིན་ཐུབ་རྒྱུ་ཡོད་པ་སོགས་ཀྱི་ལམ་སྟོན་རྒྱ་ཆེ་བསྩལ་བ་དང་སྦྲགས་ཏེ་ཕྱག་འཚལ་སྐོར་སྦྱོང་གནང་བ་ལས་རྒྱུན་དུ་ནང་ཆོས་ལ་ཕྲན་བུའི་དོ་སྣང་བྱེད་དགོས་པ་དང་ལྷག་དོན་སློབ་སྦྱོང་གནང་བའི་དགོས་དམིགས་དེ་རང་ཉིད་ལ་བདེ་སྐྱིད་ཡོང་ཕྱིར་ཡིན་སྟབས་ཡ་རབས་བཟང་སྤྱོད་དང་དྲང་བདེན་ལྡན་གྱི་སྒོ་ནས་མི་ཚེ་བསྐྱེལ་ན་རང་གཞན་ཀུན་ལ་བདེ་སྐྱིད་ཐོབ་རྒྱུ་ཡིན་པ་སོགས་ཀྱི་ལམ་སྟོན་བསྩལ་བ་དང་ཆབས་ཅིག སློབ་ཕྲུག་ཚོས་རྒྱུན་དུ་དེང་དུས་ཀྱི་ཤེས་ཡོན་དང་ཟུང་འབྲེལ་ཐོག་ནས་སོ་སོའི་རིག་གཞུང་དང་འབྲེལ་བའི་ནང་ཆོས་ལ་དོ་སྣང་དང་བོད་མི་ཚོར་ཆ་མཚོན་ན་ཆོས་དང་འཇིག་རྟེན་གཉིས་ཀའི་ཐོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལས་ལྷག་པ་གཞན་སུ་གང་ཡང་མེད་སྟབས་མགོན་པོ་༸གང་ཉིད་མཆོག་ལ་ཡིད་ཆེས་དང་དད་པ་བཅས་ཀྱི་ཐོག་ནས་བཀའ་སློབ་ལམ་སྟོན་བསྩལ་ཁག་༸རྒྱལ་བའི་དགོངས་བཞེད་དང་མཐུན་པར་བསྒྲུབ་ཐབས་གནང་དགོས་གནད་ཡིན་པར་ལམ་སྟོན་བཀྲིན་ཆེ་བ་མཛད་ཡོད།

རེས་གཟའ་ཉི་མ། ༢༠༡༩།༡༠།༢༧

ཉན་པ།: Listen ཕབ་ལེན། Download འཇམ་དབྱངས་ཕུན་ཚོགས་ལགས་དང་ལྷན་དུ་ཁོང་གི་འཁྱལ་གཏམ་སྒྲ་སྒམ་ལས་འཕྲོས་ཏེ་གླེང་མོལ། Sunday 27/10/2019 In conversation with Jamyang Phuntsok, founder of ‘Khyeltam’ Tibetan podcast

རེས་གཟའ་སྤེན་པ། ༢༠༡༩།༡༠།༢༦

ཉན་པ།: Listen ཕབ་ལེན། Download ཞབས་ལོ་ ༢༠ དང་ ༢༥ འཁོར་མཁན་སློབ་གྲྭའི་དགེ་ལས་ཁག་གཅིག་དང་གླེང་མོལ། Saturday 26/10/2019 Discussion with staff and faculties with more than 20 years of service in TCV and Sambhota

Latest news