Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: April, 2021

རེས་གཟའ་པ་སངས། ༢༠༢༡།༠༤།༣༠

ཉན་པ།: Listen ཕབ་ལེན། Download ཡོ་རོབ་གྲོས་ཚོགས་སུ་རྒྱ་ནག་ཐོག་བགྲོ་གླེང་དང་སྐྱོན་བརྗོད། ལྕམ་ Angela Merkel མཆོག་གིས་རྒྱ་ནག་གི་སྲིད་བློན་ལ་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་བསྐྱར་གསོ་དགོས་པར་ནན་སྐུལ། རྒྱ་ནག་གཞུང་གིས་བོད་ཁུལ་དུ་དམག་དཔོན་གསར་པ་བསྐོ་གཞག གསར་འབྱོར་ཁ་འཐོར་བོད་མིར་ཁང་ཁྱིམ་སྦྱོར་སྤྲོད་ཀྱི་གནས་བབ། བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། ཉི་མ་ཚེ་རིང་ལགས་ཀྱི་རྩམ་པའི་བཟོ་ཚོང་སྐོར། Friday 30/04/2021 EU lawmakers discuss China sanction, vow to block EU-China invesment deal Angela Merkel presses China for human rights dialogue China appoints new army commander to Tibet from elite ‘Tiger in the mountains’ force Situation of housing for Tibetan new arrivals DIASPORA FEATURE: Nyima Tsering and his Tsampa Production

ཡོ་རོབ་གྲོས་ཚོགས་སུ་རྒྱ་ནག་ཐོག་བགྲོ་གླེང་དང་སྐྱོན་བརྗོད།

ཉེ་སྔོན་ཡོ་རོབ་མཐུན་ཚོགས་ནས་འགྲོ་བ་མིིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་རྒྱ་ནག་འགོ་ཁྲིད་ཁག་ཅིག་ཐོག་ཉེས་ཆད་བཏང་བར་རྒྱ་གཞུང་གིས་ཡོ་རོབ་མཐུན་ཚོགས་ལ་འཁོན་ལན་སློག་པའི་གནད་དོན་དང་འབྲེལ་ཟླ་བ་འདིའི་ཕྱི་ཚེས་ ༢༨ ཉིན་ཡོ་རོབ་གྲོས་ཚོགས་ནང་དུ་རྒྱ་ནག་ཐོག་དམིགས་བསལ་གྱི་བགྲོ་གླེང་ལས་རིམ་སྐོང་ཚོགས་བྱས་ཡོད་པ་དང། སྐབས་དེར་ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་སྲིད་དང་བདེ་སྲུང་བློན་ཆེན་ Josep Borrell ལགས་གཙོས་གྲོས་ཚོགས་འཐུས་མི་ ༣༠ ལྷག་ནས་རྒྱ་གཞུང་གི་བྱ་སྤྱོད་དེ་ནི་ཡོ་རོབ་ཀྱི་མང་གཙོ་དང་སྨྲ་བརྗོད་རང་དབང་གི་རིན་ཐང་ལ་མཐོང་ཆུང་ཁྱད་གསོད་བྱས་པ་ཞིག་རེད་ཅེས་སྐྱོན་བརྗོད་ཤུགས་ཆེ་གནང་འདུག་པ་དང་ཆབས་ཅིག རིང་མིན་ཡོ་རོབ་དང་རྒྱ་ནག་དབར་གྱི་ཚོང་འབྲེལ་གྲོས་མཐུན་ངོ་རྒོལ་གནང་འདུགཡོ་རོབ་མཐུན་ཚོགས་ཀྱི་ཕྱི་སྲིད་དང་བདེ་སྲུང་བློན་ཆེན་སྐུ་ཞབས་ Josep Borrell ལགས་ཀྱིས་ཐེངས་འདིའི་ཡོ་རོབ་གྲོས་ཚོགས་ནང་རྒྱ་ནག་ཐོག་གི་བགྲོ་གླེང་ལས་རིམ་གྱི་དབུ་འབྱེད་གསུང་བཤད་གནང་བར་ཉེ་སྔོན་རྒྱ་ནག་གཞུང་གིས་ཡོ་རོབ་མཐུན་ཚོགས་ལ་འཁོན་ལན་གྱི་ཚུལ་དུ་ཁྲིམས་མཐུན་གྱི་མང་ཚོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་གོང་འཕེལ་བྱེད་མཁན་ཡོ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་ ༡༠ དང་འབྲེལ་ཡོད་ཉམས་ཞིབ་པ་ ༤ ལ་ཉེས་ཆད་བཏང་བ་དེ་ནི་རྒྱ་གཞུང་ལ་མང་གཙོ་ལྡན་པའི་ཡོ་རོབ་མཐུན་ཚོགས་ཀྱི་སྒྲིག་འཛུགས་འདི་ལྟ་བུའི་ནང་དུ་གྲོས་ཚོགས་འཐུས་མི་ཚོར་སྨྲ་བརྗོད་རང་དབང་ཙམ་མ་ཟད་གང་ཟག་སུ་རུང་ཞིག་ལ་སྐྱོན་བརྗོད་བྱ་རྒྱུའི་རང་དབང་ཡོད་པའི་འགྲོ་ལུགས་པ་དེ་རྒྱ་ནག་གཞུང་ནས་ཤེས་ཀྱི་མེད་པ་རེད་ཅེས་ཟུར་ཟ་གནང་བ་དང་། ལྷག་པར་དུ་ད་ཆ་རྒྱ་ནག་དེ་རྒྱལ་སྤྱིའི་དཔལ་འབྱོར་དང་ཆབ་སྲིད། དེ་བཞིན་གོ་ལའི་གནམ་གཤིས་སོགས་ཀྱི་གནས་སྟངས་ཆ་ནས་ཡོ་རོབ་མཐུན་ཚོགས་ནས་རྒྱ་ནག་དང་འབྲེལ་བ་མ་གནང་དཀའ་མེད་ཡིན་ཀྱང་། ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་རང་ཉིད་ཀྱི་གཞི་རྩའི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་སྲུང་སྐྱོབ་ཐོག་ཆོད་སེམས་བརྟན་པོ་གནང་རྒྱུ་ཡིན་པར་གསུངས་ཡོད་པ་རེད།སྐབས་དེར་གྲོས་ཚོགས་འཐུས་མི་ལྕམ་ Isabel Santos ལགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་མཚོན་ཆེད་དུ་བོད་ཀྱི་རྒྱལ་དར་འཁོད་པའི་ཁ་རས་དང་མགུལ་ལ་མཇལ་དར་བཞེས་ཏེ་རྒྱ་ནག་ཐོག་གི་བགྲོ་གླེང་ལས་རིམ་ཐོག་དོན་དངོས་ཐོག་པེ་ཅིང་གཞུང་གིས་ང་ཚོའི་ཁ་བཀག་ཐུབ་ཀྱི་མ་རེད། ང་ཚོས་ཁུ་སིམ་པོར་མ་བསྡད་པར་རྒྱ་གཞུང་གིས་བོད་དང་ཤར་ཏུར་སི་ཐན་ནང་གི་མང་ཚོགས་ཐོག་བཙན་ཁྲིད་བཀག་ཉར་དང། སྲོག་ཁྲིམས་ཉེས་ཆད་བཏང་བ། སྨྲ་བརྗོད་རང་དབང་རྡོག་རོལ་སོགས་ཀྱི་བྱ་སྤྱོད་སྤེལ་བཞིན་པར་སྐྱོན་བརྗོད་ཤུགས་ཆེ་གནང་བ་མ་ཟད། ལྷག་པར་དུ་རྒྱ་གཞུང་གིས་ཡོ་རོབ་མཐུན་ཚོགས་ལ་འཁོོན་ལན་སློག་པའི་བྱ་སྤྱོད་འདི་ནི་ཡོ་རོབ་མཐུན་ཚོགས་ཀྱི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་ལ་བཙན་གནོན་བྱས་་པ་ཞིག་རེད་ཅེས་ངོ་རྒོལ་ཡོད་སྐོར་གསུངས་སོང། ཁོང་གིས་ཇི་སྲིད་རྒྱ་གཞུང་གིས་ཡོ་རོབ་གྲོས་ཚོགས་འཐུས་མི་དང་འབྲེལ་ཡོད་མི་སྣའི་ཐོག་ཉེས་ཆད་བཏང་བ་དེ་ཕྱིར་འཐེན་མ་བྱས་པ་དེ་སྲིད་དུ་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་ཚོང་འབྲེལ་གྲོས་མོལ་ལ་ངོ་རྒོལ་ཡོད་ཅེས་གསུངས་འདུག སྤྱིར་སྔ་ལོའི་ཕྱི་ཟླ་ ༡༢ ནང་དུ་རྒྱ་ནག་དང་ཡོ་རོབ་མཐུན་ཚོགས་དབར་ཚད་མཐོའི་ཚོང་འབྲེལ་གྲོས་མཐུན་ལ་ཚན་རྟགས་འཁོད་ཡོད་ཅིང། གྲོས་མཐུན་དེ་ཡོ་རོབ་གྲོས་ཚོགས་ནང་བགྲོ་གླེང་བརྒྱུད་གཏན་འབེབས་གནང་སྟེ་དེ་རིང་མིན་ཕྱི་ལོ་༢༠༢༢ ནང་དངོས་སུ་ལག་བསྟར་གནང་རྒྱུའི་འཆར་གཞི་ཡོད་པ་རེད། འོན་ཀྱང་ཉེ་སྔོན་ཕྱི་ཟླ་གསུམ་པར་ཡོ་རོབ་མཐུན་ཚོགས་ལ་འཁོན་ལན་གྱི་ཚུལ་དུ་རྒྱ་ནག་གཞུང་གིས་ཡོ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་དང་འབྲེལ་ཡོད་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆུང་གི་མི་སྣ་ཁག་གི་ཐོག་ཉེས་ཆད་བཏང་བ་དེས་ད་ཆ་ཕྱོགས་གཉིས་དབར་གྱི་ཚོང་འབྲེལ་གྲོས་མཐུན་དེ་བཞིན་ལག་བསྟར་བྱ་རྒྱུར་ཡོ་རོབ་གྲོས་ཚོགས་འཐུས་མིའི་ངོས་ནས་རྒྱབ་སྐྱོར་ཐོབ་རྒྱུ་ཁག་པོ་ཆགས་ཡོད་པ་རེད།ཁ་ཉིན་ཡོ་རོབ་གྲོས་ཚོགས་ནང་གི་རྒྱ་ནག་ཐོག་བགྲོ་གླེང་ཐོག་ཡོ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ ཚོགས་གཞོན་ལྕམ་ Hannah Neumann ལགས་ཀྱིས་པེ་ཅིང་གཞུང་གིས་ཡོ་རོབ་གྲོས་ཚོགས་འཐུས་མི་དང་འབྲེལ་ཡོད་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་ཚང་མ་རྒྱ་ནག་ཏུ་བཀག་སྡོམ་བྱས་པ་དེ་ནི་རྒྱ་ནག་གཞུང་གིས་ཡོ་རོབ་གྲོས་ཚོགས་འཐུས་མི་ཚོའི་སྨྲ་བརྗོད་རང་དབང་དང་ལྷན་ཚོགས་ཀྱི་ཉམས་ཞིབ་ལས་དོན་ཐོག་ཁྲིམས་འགལ་གྱི་ཐེ་བྱུས་བྱས་པའི་བྱ་སྤྱོད་ཞིག་རེད་ཅེས་སྐྱོན་བརྗོད་གནང་འདུག གྲོས་ཚོགས་འཐུས་མི་སྐུ་ཞབས་ Carles Puigdemont ང་ཚོའི་ངོས་ནས་རྒྱ་ནག་གཞུང་གིས་བོད་དང་ཁུལ་དེའི་ནང་གི་གྲངས་ཉུང་མི་རིགས་ཚོའི་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་སྒོས་རིག་གཞུང་དང་སྐད་ཡིག་རང་དབང་རྡོག་རོལ་གྱི་སྲིད་བྱུས་ལ་སྐྱོན་བརྗོད་བྱས་པ་ནི་དོན་དངོས་ཞིག་ཡིན་པ་དང། ཡོ་རོབ་མཐུན་ཚོགས་ནི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཐོག་ཚད་མཐོའི་སྲུང་སྐྱོབ་གོང་སྤེལ་དང་རྒྱུན་སྐྱོང་བྱེད་མཁན་ཞིག་ཡིན་པའི་ཆ་ནས་རྒྱ་ནག་གཞུང་ལ་བརྡ་ལན་ཞིག་ངེས་པར་དུ་སྤྲད་དགོས་ཞེས་གསུངས་པ་དང།  གྲོས་ཚོགས་འཐུས་མི་ Emmanuel Maure ལགས་ཀྱིས་མཚོན་པའི་ཁྱོན་ཡོ་རོབ་གྲོས་ཚོགས་འཐུས་མི་ ༣༠ ལྷག་ནས་ཐེངས་འདིའི་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་ཤུགས་ཆེ་གནང་འདུག་པ་མ་ཟད། རྒྱ་ནག་གཞུང་གིས་ཐག་གཅོད་བྱས་ཡོད་པ་དེ་ཕྱིར་འཐེན་ཡོང་བར་ཡོ་རོབ་མཐུན་ཚོགས་དབར་གྱི་ཚོང་འབྲེལ་གྲོས་མཐུན་བརྩི་མེད་གཏང་རྒྱུ་ཡིན་ཞེས་རྒྱ་གཞུང་ལ་ཉེན་བརྡ་བཏང་ཡོད་པ་རེད། གནད་དོན་དབྱེ་ཞིབ་པ་ཚོས་ད་ལན་ཡོ་རོབ་གྲོས་ཚོགས་ནང་དུ་ཚ་ཚ་འུར་འུར་བྱུང་བའི་བགྲོ་གླེང་ལས་རིམ་དེས་རིང་མིན་རྒྱ་ནག་དང་ཡོ་རོབ་མཐུན་ཚོགས་དབར་རྩོད་རྙོག་ཆེ་རུ་འགྲོ་ཉེན་ཡོད་པ་དང། ལྷག་པར་རིང་མིན་ཕྱི་ཟླ་བདུན་པའི་ནང་དུ་ཨི་རིའི་སྲིད་འཛིན་ Joe Biden མཆོག་ཡོ་རོབ་དུ་གཞུང་འབྲེལ་འཚམས་གཟིགས་གནང་གཏན་འཁེལ་ཡོད་པ་དང།  ཡོ་རོབ་དང་ཨ་རི་དབར་གྱི་འབྲེལ་ལམ་བསྐྱར་བཟོ་བརྒྱུད་མ་འོངས་པར་རྒྱ་ནག་ལ་གདོང་ལེན་གྱི་ཐབས་བྱུས་གསར་པ་འཛིན་རྒྱུ་ཡིན་པར་ངོས་འཛིན་གནང་ཡོད་པ་རེད།

རྒྱ་ནག་གཞུང་གིས་བོད་ཁུལ་དུ་དམག་དཔོན་གསར་པ་བསྐོ་གཞག

བརྒྱུད་ལམ་ཁག་ཏུ་གནས་ཚུལ་འཐོན་པར་གཞིགས་ན། རྒྱ་ནག་གཞུང་གིས་བོད་ཁུལ་གྱི་དྲག་པོའི་དམག་གི་ཁོངས་སུ་ལོ་ངོ་བཅུ་ཕྲག་འགའ་དམག་གི་ཉམས་མྱོང་ཡོད་པ་དང་ལྷག་པར་དུ་ལོ་ངོ་བརྒྱད་ཀྱི་རིང་རྒྱ་ནག་དམག་དཔུང་གི་འབུམ་ཤོག་ཆེ་མོ་བཅུ་གསུམ་པ་བདག་ཏུ་བཟུང་མྱོང་ཡོད་མཁན་ལོ་ངོ་ ༥༨ ཡིན་པ་དམག་དཔོན་ Wang Kai ཟེར་བ་ཞིག་གསར་དུ་བསྐོ་གཞག་བྱས་འདུགWang Kai དམག་དཔོན་གསར་པར་བསྐོ་བཞག་མ་བྱེད་གོང་གོ་གནས་དེ་ Wang Haijiang གིས་བཟུང་བ་དང་ད་ཆ་ཁོ་པ་ནི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་སྲིད་གཞུང་གི་དཔོན་རིགས་ཤིག་ཡིན་པ་རེད་འདུག རྒྱ་ནག་དམག་དཔུང་གི་འབུམ་ཤོག་ཆེ་མོ་བཅུ་གསུམ་པའམ་ཡོངས་གྲགས་སུ་རི་ཁུལ་གྱི་སྟག་ཅེས་བརྗོད་ཀྱི་ཡོད་པ་དེ་ནི་རྒྱ་གཞུང་གི་སྐད་གྲགས་ཆེ་ཤོས་ཀྱི་སྐམ་དམག་དཔུང་སྡེའི་གྲས་ཤིག་ཡིན་པ་མ་ཟད། རི་ཁུལ་དང་ས་བབ་མཐོ་ས། དེ་བཞིན་ཚ་ཁུལ་གྱི་ནགས་ཚལ་སོགས་དཀའ་ཚེགས་ཆེ་བའི་ས་ཁུལ་དུ་དམག་འཐབ་བྱེད་མཁན་ཞིག་རེད་འདུག འབུམ་ཤོག་ཆེ་མོ་བཅུ་གསུམ་པ་དེ་ ༢༠༡༧ ལོར་རྒྱ་གཞུང་གི་དཔུང་དམག་འབུམ་ཤོག་ཆེ་མོ་ ༧༧ པའི་ཆ་ཤས་ཤིག་ཏུ་གྱུར་ཡོད་པ་དང་དམག་དཔུང་དེས་བོད་ཀྱི་བརྟན་ལྷིང་འགན་ལེན་དང་དེ་བཞིན་རྒྱ་གཞུང་དང་རྒྱ་གར། ཝེ་ཏི་ནམ་བཅས་ཀྱི་མཐའ་མཚམས་སྲུང་སྐྱོབ་བྱ་སླད་ཡུན་ནན་ཞིང་ཆེན་དུ་བཅའ་སྡོད་བྱས་ཀྱི་འདུག་པ་མ་ཟད་རྒྱ་གར་གྱི་མཐའ་མཚམས་གདོང་ཐུག་ལ་དྲག་གནོན་གྱི་བྱ་སྤྱོད་སྤེལ་ཡོད་པ་རེད་འདུག གཞན་ཡང་བརྒྱུད་ལམ་ཁག་ལ་དེ་སྔ་རྒྱ་མི་དམངས་བཅིངས་བཀྲོལ་དམག་གི་སློབ་སྟོན་པའི་འགན་འཁུར་བ་ Song Zhongping  ཡིས་བརྗོད་དོན་ལྟར་ན་ Wang Kai ལ་དམག་དཔོན་གྱི་གོ་གནས་སྤྲད་པ་དེ་རང་ཉིད་ཀྱི་ཉམས་མྱོང་ལ་གཞིགས་ནས་སྤྲད་པ་ཞིག་དང་། ལྷག་པར་དུ་བོད་དེ་རྒྱ་ནག་གཞུང་གི་དོ་སྣང་ཆེན་པོ་བྱ་ཡུལ་ཞིག་ཡིན་སྟབས། ཁོ་པ་ད་རེས་དེ་ལྟར་བསྐོ་གཞག་བྱས་པ་མ་ཟད་རྒྱ་གཞུང་གིས་མཐའ་མཚམས་སྲུང་སྐྱོབ་ཀྱི་གནད་དོན་དང་འབྲེལ་ནས་མི་སྣ་ཉམས་མྱོང་ལྡན་པ་ཞིག་བསྐོ་བཞག་བྱས་པ་དེ་ནི་གནད་འགག་ཆེན་པོ་ཡིན་སྐོར་བརྗོད་འདུག

ལྕམ་ Angela Merkel མཆོག་གིས་རྒྱ་ནག་གི་སྲིད་བློན་ལ་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་བསྐྱར་གསོ་དགོས་པར་ནན་སྐུལ།

འཇར་མ་ནི་རྒྱལ་ཁབ་ཀྱི་སྲིད་བློན་ལྕམ་ Angela Merkel མཆོག་གིས་རྒྱ་ནག་གི་སྲིད་བློན་ Li Keqiang ལ་རྒྱལ་ཁབ་ཕྱོགས་གཉིས་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་ལས་རིམ་བསྐྱར་གསོ་བྱེད་དགོས་པར་ནན་སྐུལ་གནང་འདུགཟླ་གོང་མའི་ཚེས་ ༢༨ སྟེ་རེས་གཟའ་ལྷག་པའི་ཉིན་སྲིད་བློན་ལྕམ་ Angela Merkel མཆོག་དང་རྒྱ་ནག་གི་སྲིད་བློན་ Li Keqiang གཉིས་དབར་དྲྭ་ལམ་བརྒྱུད་ཆེས་མཐོའི་ལྷན་ཚོགས་ཐེངས་ ༦ པ་དེ་གནང་ཡོད་པ་དང་། སྐབས་དེར་ལྕམ་ Angela Merkel མཆོག་གིས་རྒྱ་ནག་གི་སྲིད་བློན་ལ་ཕྱོགས་གཉིས་ཀྱི་འབྲེལ་ལམ་དང་འབྲེལ་བའི་གནད་དོན་ཁག་གི་ཐོག་གྲོས་བསྡུར་གནང་འདུག་པ་དང་སྦྲགས། རྒྱལ་ཁབ་ཕྱོགས་གཉིས་དབར་འགྲོ་བ་མིའི་ཐོབ་ཐང་དང་ཧོང་ཀོང་བཅས་ཀྱི་གནད་དོན་གྱིས་གཙོས་པའི་ཕན་ཚུན་མོས་མཐུན་མེད་པའི་གནད་དོན་སོགས་ཀྱི་ཐད་གྲོས་མོལ་ལྷུག་པོ་གནང་འདོད་ཡོད་སྐོར་གསུངས་འདུག རྒྱ་ནག་གི་སྲིད་བློན་ Li Keqiang ཡིས་རྒྱ་ནག་དང་འཇར་མ་ནིའི་དབར་མི་མཐུན་པའི་གནད་དོན་ཁག་ཅིག་ཡོད་ཀྱང་། དོན་དམ་ཐོག་ཕྱོགས་གཉིས་ནས་མུ་མཐུད་མདུན་སྐྱོད་ཀྱིས་མཉམ་ལས་བྱེད་དགོས་པ་མ་ཟད། དེའང་མ་འོངས་མི་ལོ་ ༥༠ ཡི་འབྲེལ་ལམ་དེ་བདེ་ཐང་དང་སྲ་བརྟན་གྱི་གོང་འཕེལ་ཡོང་བར་འབད་བརྩོད་བྱེད་དགོས་གལ་ཡིན་པར་བཤད་འདུགཁོ་པས་ད་དུང་འཇར་མ་ནིའི་ངོས་ནས་ཕྱོགས་གཉིས་ཀྱི་ཚོང་འབྲེལ་གོང་འཕེལ་ཐོག་འབད་བརྩོན་གནང་དགོས་པ་ལས་ཧོང་ཀོང་ནང་གི་ཆབ་སྲིད་གནད་དོན་དང་འགྲོ་བ་མིའི་ཐོབ་ཐང་ལྟ་བུའི་རྒྱ་ནག་གི་ནང་མོལ་གནད་དོན་ལ་ཐེ་གཏོགས་གནང་རྒྱུ་མེད་པར་འགྲེལ་བརྗོད་བྱས་འདུག སྤྱིར་རྒྱ་ནག་གིས་ཤིན་ཅང་དང་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པའི་གནད་དོན་དང་འབྲེལ་ཉེ་བའི་ཆར་རྒྱ་ནག་དང་ཡོ་རོབ་མཐུན་ཚོགས་དབར་གྱི་འབྲེལ་ལམ་ཐོག་ངལ་བ་འཕྲད་པའི་ཁྲོད། ཕྱོགས་གཉིས་ཀས་ཕན་ཚུན་གྱི་གནད་ཡོད་མི་སྣར་མཐོང་མཆན་བཀག་སྡོམ་སོགས་ཀྱི་སྲིད་དོན་ཉེས་ཆད་བཏང་བ་བརྒྱུད་དེ་འདས་ལོར་རྒྱ་ནག་དང་ཡོ་རོབ་མཐུན་ཚོགས་དབར་ཚོང་གྱི་གྲོས་མཐུན་འཇོག་པ་དེ་དག་ལ་དོ་ཕོག་ཤུགས་ཆེ་ཐེབས་ཉེན་གྱི་དུས་ལ་བསླེབས་ཡོད་པ་རེད། དེའི་ཁྲོད་འཇར་མ་ནི་རྒྱ་ནག་གིས་བདག་དབང་རྩོད་བཞིན་པའི་ལྷོ་རྒྱ་ནག་རྒྱ་མཚོའི་སྲུང་སྐྱོབ་སླད་དམག་གྲུ་ཆེད་གཏོང་གྱི་བཀའ་མོལ་གནང་མཁན་ཞིག་ཡིན་པར་མངོན་གསལ་གནང་འདུག གཞི་རྩའི་རྒྱ་ནག་གཞུང་གིས་ཡུལ་དེའི་ནང་གི་མང་ཚོགས་ཀྱི་སྨྲ་བརྗོད་དང་ཆོས་དད། འདུ་འཛོམས་སོགས་ཀྱི་གཞི་རྩའི་རང་དབང་ལ་བརྩི་མེད་རྡོག་རོལ་དང་། མང་གཙོ་དོན་གཉེར་བ་དང་ཁྲིམས་རྩོད་པ་རྣམས་བཙོན་འཇུག་དང་བཀག་སྐྱིལ་སོགས་བྱས་པ་མ་ཟད། ལྷག་དོན་ཡུ་གུར་གྱི་ཁ་ཆེ་བའི་མང་ཚོགས་བཀག་བསྐྱིལ་དང་དེ་བཞིན་ཡུ་གུར་བའི་མང་ཚོགས་ཀྱི་ཆོས་ལུགས་དང་འབྲེལ་བའི་གནང་སྒོར་ཐེ་བྱུས། དེ་བཞིན་རྒྱུ་མཚན་འདྲ་མིན་ལ་ཁ་གཡར་ནས་བཙན་དབང་གིས་ངལ་རྩོལ་བསྒྱུར་བཀོད་ཀྱི་སྲིད་བྱུས་སྤེལ་བཞིན་ཡོད་པ་རེད། འཇར་མ་ནིའི་ནང་གི་བརྒྱུད་ལམ་ཁག་ཅིག་གི་ཐོག་ཐོན་པའི་གནས་ཚུལ་ལ་གཞིགས་ན། ཨ་རི་དང་ཁེ་ན་ཌ་སོགས་ཀྱིས་རྒྱ་ནག་གིས་ཡུ་གུར་མང་ཚོགས་ཐོག་འཛིན་པའི་སྲིད་བྱུས་ནི་མི་རིགས་རྩ་མེད་ཀྱི་བྱ་སྤྱོད་ཅིག་ལ་ངོས་འཛིན་གནང་བ་ལྟར། རིང་མིན་ཕྱི་ཟླ་ ༥ པའི་ཟླ་དཀྱིལ་དུ་འཇར་མ་ནིའི་གྲོས་ཚོགས་ནང་དུའང་གནད་དོན་དེའི་ཐོག་གྲོས་བསྡུར་གནང་འཆར་ཡོད་པ་རེད་འདུག

གསར་འབྱོར་ཁ་འཐོར་བོད་མིར་ཁང་ཁྱིམ་སྦྱོར་སྤྲོད་ཀྱི་གནས་བབ།

ཉེ་སྔོན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བཅུ་པའི་ཐོག་ནང་སྲིད་ལས་ཁུངས་ཀྱི་སྔོན་རྩིས་དང་འབྲེལ་ནས་སྤྱི་འཐུས་ཁག་ཅིག་གིས་ད་ཆ་བོད་ནས་ཐད་ཀར་བཙན་བྱོལ་དུ་འབྱོར་མཁན་གྱི་གྲངས་འབོར་ལྟོས་བཅོས་ཀྱིས་ཇེ་ཉུང་དུ་ཕྱིན་པ་དང་རྒྱ་གར་དུ་ཡོད་པ་རྣམས་ཀྱང་ནུབ་གླིང་གི་སྤྱི་ཚོགས་ལ་འགྲིམས་བཞིན་པའི་གནས་སྟངས་ཁྲོད་འདིར་བོད་མིའི་གནད་ས་ཁག་གི་གྲྭ་རྒྱུན་དང་སློབ་གྲྭ་ཁག་གི་སློབ་རྒྱུན་སོགས་ཀྱི་ཐད་ལ་བློ་འཚབ་ཡོང་གཞི་ཞིག་ཏུ་གྱུར་ཡོད་སྟབས། རྒྱ་གར་དུ་གནས་སྡོད་ཁ་འཐོར་བོད་མི་གསར་འབྱོར་བ་རྣམས་ལ་ཁང་ལས་གསར་རྒྱག་གིས་བདག་པོ་སྐྱོན་དགོས་གལ་ཡིན་པའི་ཐད་བགྲོ་གླེང་རིམ་པ་བྱུང་ཡོད་པ་རེད།སྐབས་དེར་ནང་སྲིད་བཀའ་བློན་མཆོག་གིས་ད་ལྟའི་བཀའ་ཤག་དུས་ཡུན་གྱི་སྐབས་སུ་གསར་འབྱོར་ཁ་འཐོར་རྣམས་ལ་ཁང་ལས་གསར་རྒྱག་གི་ལས་གཞི་ཞིག་འགོ་འཛུགས་ཀྱིས་སྦིར་ལི་ལི་གཞིས་ཆགས་ཀྱི་མཚོན་པའི་སྦེལ་ཀོབ་དང་མོན་གྷོ་སོགས་སུ་ཁ་འཐོར་གསར་འབྱོར་བ་རྣམས་ཀྱི་ཆེད་དུ་ཁྱིམ་ཚང་ ༣༥༥ ཙམ་ལ་ཁང་ལས་གསར་རྒྱག་ཞུས་ཡོད་སྐོར་གསུངས་པ་དང་ཆབས་ཅིག ད་ཆ་སྔ་ལོའི་རིམས་ནད་ཀྱི་རྐྱེན་གྱིས་འཛུགས་སྐྲུན་གྱི་ལས་གཞི་ཁག་ཅིག་མཇུག་སྐྱོང་བྱེད་ཐབས་མེད་པར་ལྷག་ཡོད་སྐོར་གསུངས་ཡོད། ཉེ་སྔོན་གྱི་གྲོས་ཚོགས་སུ་སྤྱི་འཐུས་ཤིག་གིས་གསར་འབྱོར་བ་ཁག་ཅིག་རང་ཉིད་ཀྱི་ཕ་མའི་བཀའ་མངགས་ལྟར་བཞུགས་སྒར་གྱི་ཁུལ་དུ་མགོན་པོ་༸གང་ཉིད་མཆོག་གི་ཞབས་འོག་ཏུ་གནས་སྡོད་བྱེད་འདོད་ཡོད་པ་ལྟར་རང་ཉིད་ལ་ཕྱི་ཕྱོགས་སུ་འགྲོ་རྒྱུའི་གོ་སྐབས་ནམ་བྱུང་ལ་བཞུགས་སྒར་དང་བྲལ་འདོད་མེད་པར་གསུང་མཁན་ཡོང་གི་ཡོད་སྟབས། བཞུགས་སྒར་ཁུལ་དུ་གསར་འབྱོར་བ་རྣམས་ལ་ཁང་ཁྱིམ་རག་ཐབས་གནང་དགོས་སྐོར་རེ་སྐུལ་ཞུས་པར་ནང་སྲིད་བཀའ་བློན་མཆོག་གིས་ཐབས་ཤེས་གནང་མུས་ཡིན་པ་དང་། འོན་ཀྱང་ད་ལྟའི་ཆར་གྲུབ་འབྲས་གང་ཡང་སོན་མེད་སྐོར་འགྲེལ་བརྗོད་གནང་ཡོད། གནད་དོན་དེ་དང་འབྲེལ་ནང་སྲིད་དྲུང་འཕར་ཟླ་བ་ཚུལ་ཁྲིམས་ལགས་སུ་གསར་འབྱོར་བ་རྣམས་ལ་ཁང་ཁྱིམ་གསར་རྒྱག་གི་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་དེར་ཐོ་འགོད་དང་སྙན་ཞུ་འབུལ་སྟངས་ཀྱི་ཐོག་བཀའ་འདྲི་ཞུས་ཡོད། གཞི་རྩའི་གསར་འབྱོར་བ་སུ་ཞིག་རང་ཉིད་གནས་སྡོད་བྱེད་སའི་ས་གནས་གཞིས་འགོ་བརྒྱུད་ནས་ནང་སྲིད་ལ་ཁང་ཁྱིམ་དགོས་ངེས་ཀྱི་ཐོ་འགོད་བྱེད་ཆོག་པ་དང་། གསར་འབྱོར་སྐྱིད་སྡུག་ཚོགས་པ་སོགས་བརྒྱུད་ནས་ཐོ་འགོད་བྱེད་ཐུབ་པར་ངོ་སྤྲོད་ཀྱིས་མི་མང་པོ་ཞིག་གིས་ཧི་མཱ་ཅལ་ནང་དུ་ཁང་ཁྱིམ་རག་ཐབས་ལ་འབད་བརྩོན་དང་གནང་བཞིན་ཡོད་ཀྱང་། ཧི་མཱ་ཅལ་དབུས་གཞུང་གི་ས་ཁང་སྒྲིག་གཞི་དང་འབྲེལ་ནས་ཕྱི་མིས་ས་ཆ་ཉོ་ཚོང་རིགས་ལ་བཀག་སྡོམ་བྱས་ཡོད་སྟབས་ཧ་ལམ་ཁག་པོ་ཡིན་སྐོར་ངོ་སྤྲོད་གནང་ཡོད།

རེས་གཟའ་ཕུར་བུ། ༢༠༢༡།༠༤།༢༩

ཉན་པ།: Listen ཕབ་ལེན། Download འགྲོ་བ་མི་གཅིག་གྱུར་གྱིས་གོ་ལ་སྲུང་སྐྱོབ་གནང་གལ་སྐོར་བཀའ་སྩལ་བ། བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོར་རྗེས་དྲན་གྱི་ལས་འགུལ་དབུ་འཛུགས། རྒྱ་གར་གཞུང་མང་ལ་ཛ་དྲག་གི་གུད་སྐྱོབ་ཞལ་འདེབས་བསྡུ་རུབ་ཀྱི་ཞུ་སྐུལ། ཏོག་དབྱིབས་ནད་གཞི་ཕོག་མཁན་ཚོ་དངངས་སྐྲག་མ་གནང་། Thursday 29/04/2021 Oneness of humanity, key to future of this planet: Dalai Lama TYC marks martyrs day, pays homage to Tibet immolators CTA extends support to India, urges Tibetans to donate to PM-CARES Over 300 Tibetans test positive this week, Covid task forces urges calm

བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོར་རྗེས་དྲན་གྱི་ལས་འགུལ་དབུ་འཛུགས།

དེ་རིང་ཕྱི་ཟླ་ ༤ བའི་ཚེས་ ༢༩ ཉིན། བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། འཕགས་བོད་འབྲེལ་མཐུད་ཚོགས་པ། དེ་བཞིན་ལྡི་ལི་ཁུལ་གྱི་ངག་མེད་མགྲིན་ཚབ་ཚོགས་པ་གསུམ་མཉམ་འབྲེལ་ཐོག རྒྱ་གར་རྒྱལ་ཡོངས་སུ་ད་བར་བོད་དོན་སླད་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་རྗེས་དྲན་གྱི་ལས་འགུལ་ཞིག་དབུ་འཛུགས་གནང་སོང་། དབུ་འབྱེད་ཀྱི་ལས་འགུལ་འདི་བཞིན་དེ་རིང་ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག་དྲ་ལམ་བརྒྱུད་གནང་སོང་བ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ། འཕགས་བོད་འབྲེལ་མཐུད་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་སྐུ་ཞབས་ Indresh Kumar ལགས་དང་། དམིགས་བསལ་སྐུ་མགྲོན་དུ་བཀའ་ཟུར་རྒྱ་རུ་སྒྲོལ་མ་མཆོག དེ་བཞིན་ཧིན་བོད་མཛའ་འབྲེལ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Pankaj Goyal ལགས་དང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་དབུས་པའི་དབུས་རྒྱུན་ཁག་ཅིག་གིས་ལྷན་ཞུགས་ཐོག་གསུངས་བཤད་གནང་ཡོད། སྐབས་དེར་སྐུ་ཞབས་ Indresh Kumar ལགས་ད་བར་བོད་དོན་ཆེད་རང་ལུས་མེར་སྲེག་གནང་མཁན་ཡོངས་ལ་ཆེད་བསྟོད་མྱ་མང་ཞུས་པ་དང་ཆབས་ཅིག ད་བར་བར་ཁོང་རྣམས་ཀྱིས་བློས་གཏོང་གནང་པའི་བྱས་རྗེས་དེ་དག་ང་ཚོས་ནམ་ཡང་ཆུད་ཟོས་སུ་གཏོང་གི་མ་རེད་ཅེས་གསུངས་སོང་། མ་ཟད་ཁོང་གིས་རྒྱ་གར་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ནས་བོད་དོན་སླད་གོམ་བགྲོད་སོགས་ཀྱི་ལས་འགུལ་སྤེལ་བ་ཁག་ཅིག་དྲན་གསོ་དང་སྦྲགས། བོད་ཀྱི་རང་དབང་དེ་རྒྱ་གར་གྱི་བདེ་འཇགས་དང་འབྲེལ་བ་ཡོད་པ་མ་ཟད། བོད་ལ་རང་དབང་ཐོབ་པ་བྱེད་རྒྱུ་དེ་འགྲོ་བ་མི་ཞིག་གི་ངོ་བོའི་ཐད་ནས་བལྟས་ཀྱང་ཤིན་ཏུ་གལ་ཆེ་བའི་གནད་དོན་ཞིག་ཡིན་པ་སོགས་གསུངས་ཡོད། དེ་བཞིན་སྐུ་ཞབས་ Pankaj Goyal ལགས་ནས། བོད་ནང་ལ་བོད་མི་ཚོས་སོ་སོའི་སྐད་ཡིག་ལ་སློབ་སྦྱོང་དང་། ཆོས་ཉམས་ལེན་བྱས་པ། དེ་བཞིན་རང་དབང་སོགས་ཀྱི་སྐོར་གླེང་སློང་བྱས་པ་ཙམ་གྱིས་བཙོན་དུ་འཇུག་བཞིན་པ་མ་ཟད། ཉེན་བརྡ་ཡང་ཚད་བརྒལ་བ་གཏོང་བཞིན་ཡད་པ་སོགས་རྒྱ་ནག་གཞུང་གི་བྱེད་བབས་ཁག་ཅིག་ཐེར་འདོན་དང་སྦྲགས། བོད་ཀྱི་རང་དབང་སླར་གསོའི་སླད་དུ་བོད་མི་ཙམ་མ་ཡིན་པར། རྒྱ་གར་མང་ཚོགས་ནས་ཀྱང་མཉམ་རུབ་གནང་རྒྱུ་གལ་ཆེན་པོ་ཡིན་པ་སོགས་གསུངས་ཡོད། བཀའ་ཟུར་རྒྱ་རི་སྒྲོལ་ནམ་མཆོག་ནས་ད་བར་བོད་མི་ཚོས་རང་དབང་འཐབ་རྩོད་སླད་རང་ལུས་མེར་སྲེགས་གནང་མཁན་ཡོངས་ཀྱི་བརྒྱུད་རིམ་ངོ་སྤྲོད་དང་སྦྲགས། རང་ལུས་མེར་སྲེགས་གནང་རྒྱུ་དེ་ནི་བོད་པའི་སྲོལ་རྒྱུན་ཞིག་མིན་པར། དེ་ནི་རྒྱ་ནག་གཞུང་གི་དྲགས་པོའི་བྱེད་བབས་འོག་བོད་མི་རྣམས་འུ་ཐུག་སྟེ་སྤེལ་བའི་ལས་འགུལ་ཞིག་ཡིན་པར་གསུངས་ཡོད། འདི་གའི་གསར་འགོད་པས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་སུ་དཔའ་བོ་དཔའ་མོའི་རྗེས་དྲན་གྱི་ལས་འགུལ་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ད་ལྟའི་བར་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་ ༡༥༧ ལྷག་གིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་བློས་གཏོང་ཆེན་པོ་བཏང་ནས་རང་ཉིད་ཀྱི་ཚེ་སྲོག་ཀྱང་ཅི་མི་སྙམ་པར་ཕུལ་བའི་རླབས་ཆེན་གྱི་བྱས་རྗེས་དེར་རྗེས་དྲན་དང་། དེ་བཞིན་ཁོང་ཅག་གི་ཤུལ་ལུས་ནང་མི་གཉེན་འབྲེལ་རྣམས་ལ་ཡང་དཔའ་བོ་དཔའ་མོ་རྣམས་ཀྱི་བློས་གཏོང་དེར་བོད་མི་རིགས་ཀྱིས་གུས་བརྩི་བླ་མེད་ཞུས་ཏེ་གདུང་སེམས་མཉམ་སྐྱེད་ཀྱི་བརྡ་ལན་ཞིག་འབུལ་ཐབས་སུ་དམིགས་པ་ཞིག་ཡིན་སྐོར་ངོ་སྤོད་གནང་སོང་། དེ་བཞིན་ཚོགས་གཙོ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་འདི་རྒྱ་གར་དུ་དབུ་བརྙེས་ནས་མི་ལོ་དྲུག་བཅུ་ཕྱིན་པའི་དེ་རིང་ཡང་། རྒྱ་གར་གྱི་ནང་དུ་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་བ་དེ་ཧ་ཅང་གལ་ཆེན་པོ་ཡིན་པར་ནན་བརྗོད་དང་སྦྲགས། བོད་དོན་དྲིལ་བསྒྲགས་ཟེར་དུས་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ཙམ་མིན་པར། འབྲེལ་ཡོད་ཀྱི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་ཟུང་འབྲེལ་གྱིས་རྒྱ་གར་གྱི་གྲོང་གསེབ་ཁག་དང་ཡན་ལག་ས་ཁུལ་སོགས་སུ་ཡང་གཞི་རྒྱ་ཆེ་བའི་བོད་དོན་གྱི་དྲིལ་བསྒྲགས་ལས་འགུལ་སྤེལ་དགོས་བ་དེ་གནད་དོན་གལ་ཆེན་ཞིག་ཡིན་པར་ངོ་སྤྲོད་གནང་སོང་། གཞི་རྩའི་དེ་རིང་གི་རྒྱལ་གཅེས་དཔའ་བོ་དམའ་མོའི་ཉིན་མོ་ཞེས་པ་དེ་ནི། ཕྱི་ལོ་ ༡༩༩༨ལོར་བོད་ཕྱི་ནང་གཉིས་སུ་བོད་དོན་གྱི་ཆེད་དུ་རང་ལུས་མེར་བསྲེགས་གཏོང་མཁན་ཐོག་མ་སྟེ། རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་ཟླ་བ་ ༤ བའི་ཚེས་ ༢༧ ཉིན་རང་ལུས་མེར་བསྲེགས་གནང་སྟེ། ཚེས་ ༢༩ ཉིན་སྐུ་གྲོངས་བའི་ཉིན་མོ་དེ། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱལ་གཅེས་དཔའ་བོ་དཔའ་མོའི་ཉིན་མོར་གཏན་འབེབས་ཀྱིས་ལོ་ལྟར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། འདི་ལོར་ཉིན་མོ་འདི་དང་བསྟུན་ནས་ལུས་མེར་བསྲེགས་གཏོང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་རྗེས་དྲན་གྱི་ལས་འགུལ་མ་འདྲ་བ་བརྒྱ་དང་བརྒྱད་ལྷག་དབུ་འཛུགས་གནང་བ་ཞིག་ཆགས་ཀྱི་འདུག

འགྲོ་བ་མི་གཅིག་གྱུར་གྱིས་གོ་ལ་སྲུང་སྐྱོབ་གནང་གལ་སྐོར་བཀའ་སྩལ་བ།

བདུན་ཕྲག་འདིའི་རེས་གཟའ་ཟླ་བ་ནས་ཁ་སང་བར་ཉིན་གྲངས་གསུམ་རིང་ཚོགས་པའི་ནོ་སྦེལ་གཟེངས་རྟགས་ལྷན་ཚོགས་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོའི་གོ་ལ་དང་ང་ཚོའི་མ་འོངས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་སྦྲགས། ང་ཚོའི་གོ་ལ་འདི་བཞིན་བདེ་ཐང་ཐོག་རྒྱུན་གནས་སྲུང་སྐྱོབ་ཐུབ་ཐབས་སུ་འགྲོ་བ་མི་གཅིག་གྱུར་གྱི་བསམ་བློ་གོང་མཐོར་གཏོང་རྒྱུ་དེ་གལ་ཆེན་པོ་ཡིན་པའི་ལམ་སྟོན་མཛད་འདུགདེ་ཡང་ལྷན་ཚོགས་ཀྱི་ཚོགས་དུས་ཉིན་གཉིས་པའི་ཐོག་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཐད་ཉམས་ཞིབ་གནང་མཁན་ Potsdam ལྟེ་གནས་ཁང་གི་ངེས་སྟོན་པ་སྐུ་ཞབས་ Johan Rockstrom ལགས་དང་། ཨ་མི་རི་ཀའི་རྒྱལ་ཡོངས་ཚན་རིག་ཉམས་ཞིབ་ཁང་གི་འགན་འཛིན་ལྕམ་ Marcia McNutt ལགས་གཉིས་ནས་ཐེངས་འདིའི་ལྷན་ཚོགས་དང་འབྲེལ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ང་ཚོའི་གོ་ལ་དང་ང་ཚོའི་མ་འོངས་ཞེས་པའི་བརྗོད་གཞིའི་ཐོག་དམིགས་བསལ་བཅར་འདྲི་ཞུས་པའི་ལེ་ཚན་ཞིག་རྒྱང་སྲེང་ཞུས་ཡོད་པ་དང་། དེའི་ནང་མགོན་པོ་གང་ཉིད་མཆོག་ནས། ང་ཚོས་འཛམ་གླི་འདི་ལས་གཞན་པའི་གཟའ་སྐར་མིག་དམར་ལྟ་བུ་ཞིག་གི་ནང་ལ་འཚོ་ཐབས་ག་ཚོད་བྱས་ཀྱང་དེ་ནི་འགྲུབ་དཀའ་བ་ཞིག་ཡིན་པ་དང་། ང་ཚོ་ལ་ཡོད་བཞིན་པའི་གོ་ལ་སྔོན་པོ་འདི་ནི་ང་ཚོའི་ཁྱིམ་ཁོ་ན་ཉིད་དེ་ཡིན་པ་དང་དེ་ནི་ནང་པའི་གཞུང་དང་ཚན་རིག་གང་གི་ཐོག་ནས་བཤད་ཀྱང་རྒྱུ་མཚན་དང་ལྡན་པ་ཞིག་རེད་ཅེས་བཀའ་སྩལ་འདུགལྷག་པར་དུ་སྐབས་དེར་སྐུ་ཞབས་ Johan Rockstrom ལགས་ནས་༸གོང་ས་མཆོག་ལ་ང་ཚོའི་གོ་ལ་འདི་བདེ་ཐང་ཐོག་རྒྱུན་གནས་སྲུང་སྐྱོབ་ཐུབ་ཐབས་སུ་ཐབས་ལམ་ག་རེ་ཡོད་མེད་བཀའ་འདྲི་ཞུས་པར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས། ད་ཆ་ཚན་རིག་མཁས་པའི་ཉམས་ཞིབ་ཀྱི་གྲུབ་དོན་ཁག་གི་ནང་དུ་ལོ་རེ་ནས་ལོ་རེ་བཞིན་དུ་གོ་ལའི་ཚ་དྲོད་རྒྱས་བཞིན་པ་དེ་གོ་ལ་སྤྱིའི་བདེ་ཐབས་ལ་ཉེན་ཚབས་ཤིག་ཆགས་ཀྱི་ཡོད་པ་གསུངས་བཞིན་ཡོད་སྟབས། ང་ཚོའི་ངོས་ནས་གོ་ལ་འདིའི་ནང་ཡོད་པའི་རྩི་ཤིང་དང་སྲོག་ཆགས། དེ་བཞིན་ཆུ་སོགས་རང་བྱུང་ཁོར་ཡུག་གི་ཆ་ཤས་ཕན་ཚུན་དབར་གྱི་འབྲེལ་བའི་ཐོག་དགོངས་པ་བཞེས་དགོས་པ་དང་། དེ་ཡང་རྐང་ང་ཚོ་ཚང་མ་གོ་ལ་གཅིག་ནང་འཚོ་སྡོད་བྱེད་མཁན་གྱི་འགྲོ་བ་མི་གཅིག་པ་ཡིན་སྟབས། ང་དང་ཁོ། ངའི་རྒྱལ་ཁབ་དང་། ཁོའི་ལུང་པ་ཞེས་བསམ་བློ་མི་གཏོང་བར། གོ་ལ་འདིའི་ནང་གཅིག་གྱུར་ཐོག་འཚོ་བཞིན་པའི་འགྲོ་བ་མིའི་གཅིག་གྱུར་གྱི་བསམ་བློ་དེ་གོང་འཕེལ་གཏོང་ཐུབ་ན་ང་ཚོའི་གོ་ལ་འདི་བཞིན་བདེ་ཐང་ཐོག་རྒྱུན་གནས་སྲུང་སྐྱོབ་ཐུབ་ཐབས་སུ་ཕན་ངེས་ཡིན་པའི་ལམ་སྟོན་མཛད་ཡོད།   མ་ཟད་ད་ལྟ་ཡོད་བཞིན་པའི་ཤེས་ཡོན་གྱི་ལམ་ལུགས་ནང་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་དང་། རང་བྱུང་ཁམས་ཀྱི་གལ་གནད་སོགས་ཀྱི་ཐད་ལ་དེ་ཙམ་དོ་སྣང་མ་སྤྲད་པ་དེ་ནི་སྐྱོན་གྱི་ཆ་ཞིག་ཡིན་པ་དང་། ང་ཚོས་ངེས་པར་དུ་ཤེས་ཡོན་གྱི་ལམ་ལུགས་ལ་བསྒྱུར་བཅོས་ཤིག་གཏོང་རྒྱུ་གལ་ཆེན་པོ་ཡིན་པ་ཡང་བཀའ་སྩལ་འདུག གཞན་ཡང་སྐབས་དེར་༸གོང་ས་མཆོག་ནས་དེང་གི་དུས་སྐབས་འདིར་ཚན་རིག་པ་ཚོས་ཕྱི་དངོས་པོའི་གནས་ལུགས་ཙམ་མ་ཡིན་པར། ནང་སེམས་ཀྱི་འཕྲོད་བསྟེན་ཐོག་ལ་དོ་སྣང་ཆེ་ཙམ་གནང་རྒྱུ་དང་། འཛམ་བུ་གླིང་འདིའི་ཐོག་དབུལ་ཕྱུག་གྱི་ཁྱད་པར་ཆེ་རུ་འགྲོ་བཞིན་པ་འདི་ཡང་མ་འོངས་ཕུགས་རྒྱང་རིང་པོ་ལ་དཀའ་ངལ་ཞིག་འཕྲད་རྒྱུའི་རྒྱུ་ཡིན་སྟབས་དེའི་ཐོག་དགོངས་པ་བཞེས་རྒྱུ་སོགས་གལ་ཆེན་པོ་ཡིན་པ། ལྷག་པར་དུ་ང་ཚོ་ཚང་མ་གཅིག་ལ་གཅིག་བརྟེན་ཐོག་འཚོ་དགོས་པའི་སྤྱི་ཚོགས་སེམས་ཅན་གཅིག་མཚུངས་ཡིན་སྟབས། ལས་དོན་གང་ཞིག་གྲུབ་ཀྱང་རང་ཁོ་ནའི་སླད་དུ་མ་ཡིན་པར། བསམ་བློ་རྒྱ་ཆེ་ས་ནས་བཏང་སྟེ་འགྲོ་བ་སྤྱི་ལ་ཕན་པ་ཞིག་གནང་ཐུབ་པ་ཡིན་ན། དེ་ནི་བདེ་སྐྱིད་ཀྱི་རྩ་བ་ཞིག་ཀྱང་ཆགས་ཀྱི་རེད་བཅས་བཀའ་སྩལ་འདུགགཞི་རྩའི་ད་རེས་དྲ་ཐོག་ནས་ཚོགས་པའི་ནོ་སྦེལ་གཟེངས་རྟགས་ལྷན་ཚོགས་འདི་ནི་ནོར་སྦེ་གཟེངས་རྟགས་ཚོགས་ཆུང་དང་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཉམས་ཞིབ་གནང་མཁན་ Potsdam ལྟེ་གནས་ཁང་། དེ་བཞིན་ཨ་མི་རི་ཀའི་རྒྱལ་ཡོངས་ཚན་རིག་ཉམས་ཞིབ་ཁང་བཅས་མཉམ་རུབ་ཐོག་གོ་སྒྲིག་ཞུས་པ་ཞིག་ཆགས་ཀྱི་ཡོད་པ་དང་། ལྷག་ཚོགས་དེའི་ཐོག་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་དང་། ཁོར་ཡུག་ཆེད་ལས་པ། ཚན་རིག་མཁས་པ། དེ་བཞིན་དཔལ་འབྱོར་རིག་པ་བ་དང་ཆབ་སྲིད་འགོ་ཁྲིད་སོགས་རྒྱབ་ལྗོངས་འདྲ་མིན་ཅན་གྱི་གནད་ཡོད་མི་སྣ་མི་ཉུང་བ་ཞིག་གིས་མཉམ་ཞུགས་ཐོག་གོ་ལའི་ཐོག་འཕྲད་བཞིན་པའི་དཀའ་ངལ་གྱི་བྱུང་རྩ་དང་། དཔལ་འབྱོར་འདྲ་མཉམ། འགྲོ་བ་མིའི་ཐོབ་ཐང་། འཕྲུལ་རིགས་འཛུགས་སྐྲུན། གོ་ལ་ཡུན་གནས་སོགས་བརྗོད་གཞི་འདྲ་མིན་ཐོག་གསུངས་བཤད་བགྲོ་གླེང་སོགས་གནང་ཡོད་པ་རེད།

རྒྱ་གར་གཞུང་མང་ལ་ཛ་དྲག་གི་གུད་སྐྱོབ་ཞལ་འདེབས་བསྡུ་རུབ་ཀྱི་ཞུ་སྐུལ།

རྒྱ་ནག་གི་ཏོག་དབྱིབས་རིམས་ནད་ཀྱི་རླབས་རྒྱུན་གཉིས་པ་རྒྱ་གར་གཙོ་བྱས་པའི་རྒྱལ་སྤྱིའི་ས་ཁུལ་གང་སར་མཆེད་བཞིན་པའི་དུས་སྐབས་འདིར། བོིད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་གིས་ཁ་སང་བོད་རིགས་འདུས་སྡོད་ཀྱི་ས་ཁུལ་ཡོངས་ལ་དམིགས་པའི་ཡོངས་ཁྱབ་ཀྱི་གསལ་བསྒྲགས་ཤིག་བསྐྱངས་ཏེ། རྒྱ་གར་གྱི་སྲིད་བློན་མཆོག་གི་ཛ་དྲག་གུད་སྐྱོབ་མ་དངུལ་ལ་རང་ནུས་གང་ལྕོག་གིས་མི་འགྱངས་བར་ཟླ་བ་ལྔ་བའི་ཚེས་ ༧ ནང་ཚུད་ཞལ་འདེབས་ངེས་སྤྲོད་ཡོང་བའི་འབོད་སྐུལ་ཞུས་འདུག དེ་ཡང་ཁ་སང་གི་གཞུང་འབྲེལ་གྱི་གསལ་བསྒྲགས་དེའི་ནང་དུ། རྒྱ་གར་ནང་ཝུ་ཧན་ཏོག་དབྱིབས་གཉན་རིམས་ཀྱི་རྦ་རླབས་གཉིས་པའི་དབང་གིས་བསམ་ཡུལ་ལས་འདས་པའི་གོད་ཆགས་ཆེན་པོ་ཞིག་འབྱུང་བཞིན་པའི་སྐབས་འདིར། རང་ཅག་བཙན་བྱོལ་བོད་མི་ཡོངས་ཀྱི་ངོས་ནས་རྒྱ་གར་གཞུང་དང་མི་མང་ལ་བཀའ་དྲིན་རྗེས་དྲན་དང་། ཐུགས་གསོ། གདུང་སེམས་མཉམ་སྐྱེད་བཅས་མཚོན་ཕྱིར། རྒྱ་གར་གྱི་སྲིད་བློན་མཆོག་གི་ཛ་དྲག་གུད་སྐྱོབ་མ་དངུལ་ PM-CARES Fund དུ་རྒྱ་མཚོ་ཆུ་ཐིགས་ཀྱི་ཞལ་འདེབས་རྒྱ་མི་ཆུང་བ་ཞིག་འཕྲལ་འབུལ་ཞུ་རྒྱུ་གལ་ཆེར་མཐོང་བཞིན་ཡོད་སྐོར་འཁོད་འདུག གསལ་བསྒྲགས་དེའི་ནང་གསལ་ལྟར་ན། བོད་མིའི་སྒྲིག་འཛུགས་མ་ལག་གི་འགོ་ལས་ཡོངས་ནས་ཉེ་ཆར་ཧི་མཱ་ཅལ་མངའ་སྡེའི་གཞུང་ནས་གནང་བ་ལྟར། སོ་སོའི་ལས་ཉིན་གཅིག་གི་ཕོགས་འབབ་ཞལ་འདེབས་སུ་འབུལ་རྒྱུ་ཡིན་པ་དང་། དེར་འབྲེལ་རྒྱ་ཆེའི་མང་ཚོགས་ཁྲོད་ནས་སྐྱ་སེར་ཕོ་མོ་རྒན་གཞོན་དབྱེ་བ་མེད་པར་ཚོགས་སྒེར་ཡོངས་ནས་རང་བློས་གང་ཆོད་ཀྱི་ཞལ་འདེབས་རེ། རང་ཉིད་གནས་ཡུལ་ས་གནས་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་སམ། ས་གནས་འགོ་འཛིན་ལས་ཁུངས་སུ་འབུལ་རྒྱུར་སྐུལ་འདེབས་ཞུས་པ་དང་འབྲེལ། སྐུ་ཚབ་དོན་གཅོད་ལས་ཁུངས་དང་ས་གནས་འགོ་འཛིན་ལས་ཁུངས་རྣམས་ནས་དེ་ལྟར་བསྡུ་བཞེས་གནང་རྒྱུའི་ལས་དོན་འཕྲལ་དུ་འགོ་འཛུགས་དགོས་པའི་བཀོད་ཁྱབ་གནང་འདུག གཞི་རྩའི་རྒྱ་ནག་གི་ཏོག་དབྱིབས་རིམས་ནད་སྔར་ལོའི་ལོ་མགོ་ནས་ཁྱབ་བརྡལ་དུ་འགྲོ་འགོ་ཚུགས་ཏེ། འཛམ་གླིང་གི་ཤར་ལྷོ་ནུབ་བྱང་ཡོངས་སུ་ཆེས་ཆེར་ཁྱབ་བརྡལ་གྱིས་འགྲོ་བ་མིའི་རིགས་ཀྱི་རྩ་ཆེའི་ཚེ་སྲོག་གི་གཤེད་མ་ལྟ་བུར་གྱུར་ནས་རྒྱལ་སྤྱིའི་མང་ཚོགས་ས་ཡ་ ༡༥༠ མ་ཟིན་ཙམ་ལ་རིམས་ནད་ཕོགས་ཡོད་པའི་ཁྲོད་ནས། ད་ཆ་རྒྱ་གར་གྱི་ནང་དུ་རིམས་ནད་ཁྱབ་བརྡལ་གྱི་རླབས་རྒྱུན་གཉིས་བ་དེ་ཆེས་ཆེར་ཛ་དྲག་གི་ངོ་བོར་འགྱུར་བཞིན་པ་དང་། ཉིན་གཅིག་གི་ནང་དུ་རྒྱ་གར་རྒྱལ་ཡོངས་སུ་རིམས་ནད་ཕོག་མཁན་གྱི་ནད་པ་འབུམ་གསུམ་དང་ཕྱེད་ཀ་ལྷག་འབྱུང་གི་ཡོད་པའི་ཁྲོད་མང་ཚོགས་ཀྱི་བློ་ངོར་བསམ་ཡུལ་ལས་འདས་བའི་འཇིགས་དངངས་འབྱུང་བཞིན་པར་བརྟེན། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་མ་དངུལ་བསྡུ་རུབ་ཀྱིས་རྒྱ་གར་གྱི་གུད་སྐྱོབ་ལས་གཞི་ལ་ཞལ་འདེབས་སྤྲོད་འཆར་ཡོད་པ་དང་། ཁ་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་རིན་པོ་མཆོག་གིས་ཀྱང་གང་ཉིད་ཀྱི་དགེ་རྩ་བརྒྱུད་ནས་ PM-CARES Fund ཞེས་པའི་རྒྱ་གར་གྱི་གུད་སྐྱོབ་ཀྱི་ལས་གཞི་དེར་ཞལ་འདེབས་གསོལ་སྩལ་གནང་ཡོད་པ་རེད། ཡང་དེའི་བར་སྤྱི་ཚོགས་དྲ་ལམ་ཐོག་གནས་ཚུལ་ཐོན་ཁག་ལ་གཞིགས་ན། རྒྱལ་སྤྱིའི་འབྲི་གུང་ལྷན་ཚོགས་དང་དེར་འབྲེལ་གྱི་མི་སྒེར་སོགས་ཀྱིས་མ་དངུལ་ས་ཡ་གཅིག་དང་འབུམ་གསུམ་ལྷག་བསྡུ་རུབ་ཀྱིས་རྒྱ་གར་བྱང་ཕྱོགས་རྡེ་ལ་རྡུན་ཁུལ་གྱི་བོད་གཞིས་བདེ་སྐྱིད་གླིང་གི་གཙོས་པའི་དགོས་ངེས་ཅན་ས་ཁུལ་གཞན་དག་ལ་འབུལ་འཆར་ཡོད་པ་མ་ཟད། མ་དངུལ་བསྡུ་རུབ་དེ་ད་དུང་ཡང་མཇུག་སྐྱོང་གནང་བཞིན་པ་རེད་འདུག

Latest news