Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: June, 2021

རེས་གཟའ་ལྷག་པ། ༢༠༢༡།༠༦།༣༠

ཉན་པ།: Listen ཕབ་ལེན། Download རྒྱ་ནག་གི་དགའ་སྟོན་ཁྲོད་བོད་མིའི་སེམས་ནང་གི་ན་ཟུག་ཕྱིར་མངོན་པ། གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་སི་ཁྲོན་ཞིང་ཆེན་གྱི་བཙོན་ཁང་དུ་བཙོན་འཇུག། ཨོ་སི་ཀྲོ་ལི་ཡའི་ནང་རྒྱ་རིགས་སློབ་མར་རྒྱ་ནག་གི་གནོན་ཤུགས་ཆེས་ཆེར་སྤྲོད་པ་མངོན་གསལ། ཁྲིམས་ཞིབ་པ་རྣམ་པས་ལས་གནས་བསྐྱར་གསོ་ལ་ངོས་ལན་མེད་པའི་མཚན་རྟགས་བསྡུ་རུབ་གནང་མཁན་དང་ལྷན་དུ་གླེང་མོལ། Wednesday 30/06/2021 Latest video from Tibet highlights despair amongst Tibetans as China celebrates CCP centenary Tibetan monk jailed for online messages detained in Mianyang Prison Rights group reveals Chinese censorship at Australian universities Interview with lead petitioner protesting against Tibetan Justice Commissioners

རྒྱ་ནག་གི་དགའ་སྟོན་ཁྲོད་བོད་མིའི་སེམས་ནང་གི་ན་ཟུག་ཕྱིར་མངོན་པ།

འདི་ལོ་རྒྱ་ནག་དམར་ཤོག་སྲིད་གཞུང་བཙུགས་ནས་མི་ལོ་བརྒྱ་འཁོར་བའི་དུས་དྲན་དང་། དེ་བཞིན་རྒྱ་ནག་གིས་བོད་ས་དབང་བསྒྱུར་བྱས་ནས་མི་ལོ་བདུན་ཅུ་འཁོར་བའི་དུས་ཚིགས་གཉིས་དང་འབྲེལ། རྒྱ་ནག་གིས་བོད་དབུས་ཁུལ་གྱི་གཙོ་བྱས་པའི་བོད་ས་སྤྱི་ཡོངས་ལ་དམ་དྲག་སྔར་ལྷག་བྱེད་མུས་ཁྲོད། ཁ་སང་རྒྱ་ནག་གིས་ཕོ་བྲང་པོ་ཏ་ལའི་མདུན་དུ་རྒྱ་ནག་དམར་ཤོག་གཞུང་ཚུགས་ནས་མི་ལོ་བརྒྱ་འཁོར་བར་སྤྲོ་སེམས་ཁོལ་བའི་ངང་ནས་རྟེན་འབྲེལ་ཞུ་ཞེས་འཕྲེད་དར་ཆེན་པོ་ཞིག་སྦྱར་བ་མ་ཟད། བོད་མི་རྣམས་མཆོད་མཇལ་དུ་བསྐྱོད་རྒྱུར་ཡང་དམ་དྲག་ཤུགས་ཆེར་བྱེད་བཞིན་འདུག དེའང་མདང་དགོང་སྤྱི་ཚོགས་དྲ་ལམ་དུ་པོ་ཏ་ལའི་མདུན་ཐང་ནས་སྐྱོན་པའི་བརྙན་ཞིག་ཁྱབ་སྤེལ་ཆེས་ཆེར་འགྲོ་བཞིན་པའི་ནང་དུ། མཆོད་མཇལ་ལ་ཕེབས་བཞིན་པའི་བོད་པའི་བུད་མེད་ཅིག་གིས་ཚོར་ཤུགས་དྲག་པོའི་ཐོག་ནས་ངུ་འབོད་དང་བཅས། པོ་ཏ་ལའི་གཡས་གཡོན་ཡོངས་རྫོགས་རྒྱ་མིས་ཁེངས་པ་དང་། བོད་མི་རྣམས་ཕྱག་སྐོར་ལ་འགྲོ་རྒྱུར་ཡང་དམ་དྲག་བྱས་པའི་གནས་སྟངས་ཕྱིར་བསྒྲགས་བྱས་པ་མ་ཟད། པོ་ཏ་ལའི་གྱང་ངོས་སུ་རྒྱ་ནག་དམར་ཤོག་གཞུང་ཚུགས་ནས་མི་ལོ་བརྒྱ་འཁོར་བར་རྟེན་འབྲེལ་གྱི་སྦྱར་ཡིག་བཤམ་སྟོན་བྱས་པ་ཕྱིར་མངོན་དང་འབྲེལ་ད་ཆ་བོད་ཁུལ་དེ་རྒྱ་ནག་ལྟ་བུར་འགྱུར་བཞིན་པར་འ་ཆད་འུ་ཐུག་ཀྱིས་སེམས་ཀྱི་སྡུག་གསལ་སྟོན་གནང་འདུག རྩ་བའི་རྒྱ་ནག་གིས་ཏོག་དབྱིབས་ནད་དུག་ལ་ཁ་གཡར་ནས་འདི་ལོའི་ས་ག་ཟླ་བའི་སྐབས་བོད་མི་རྣམས་ཕོ་བྲང་པོ་ཏའི་ཁུལ་དུ་མཆོད་མཇལ་དང་ཕྱི་སྐོར་ལ་ཕེབས་རྒྱུར་དམ་དྲག་བྱས་པ་མ་ཟད། མཆོད་མཇལ་གྱི་དུས་ཚོད་སྔ་དྲོ་ཚོུད་ ༩ ནས་ ༢ བར་མ་གཏོགས་མེད་པའི་ཚད་འཛིན་བཟོས་ཀྱང་། ཕྱོགས་གཞན་ནས་ཡུལ་སྐོར་སྤྲོ་འཆམ་པ་རྣམས་པོ་ཏ་ལར་མུ་མཐུད་བསྐྱོད་བཅུག་ཏེ་ད་ཆ་རྒྱ་ནག་གི་དུས་སྟོན་བསླེབ་ལ་ཉེ་བ་དང་བསྟུན་ནས་ཕོ་བྲང་པོ་ཏ་ལའི་ཁུལ་དུ་རྒྱ་ནག་ཧན་མི་རིགས་ཀྱི་ཡུལ་སྐོར་སྤྲོ་འཆམ་པ་སྔར་ལས་ཇེ་མང་དུ་འགྲོ་བཞིན་པ་རེད་འདུག མདང་དགོང་གི་ཕོ་བྲང་པོ་ཏ་ལའི་མདུན་ཐང་གི་ཡུལ་དངོས་ཀྱི་བརྙན་དེ་སྤྱི་ཚོགས་དྲ་ལམ་དུ་ཁྱབ་སྤེལ་བྱུང་བ་དང་བསྟུན། བོད་མི་རྣམས་ཀྱིས་བློ་ཕམ་ཆེན་པོ་དང་བཅས་རྒྱ་ནག་གི་གཞུང་མང་ནས་དམར་ཤོག་ཚོགས་པ་ཚུགས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་ལ་རྟེན་འབྲེལ་ཞུ་བཞིན་ཡོད་ཀྱང་། བོད་ནང་གི་བོད་མི་རྣམས་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་བ་མ་ཟད། ལྷ་སའི་ནང་གི་བརྙན་དེ་ལེན་མཁན་བུད་མེད་དེའི་གནས་སྟངས་ཅི་ཆགས་ལ་ཐུགས་འཚབ་ཆེན་པོ་གནང་བཞིན་པ་རེད་འདུག འདི་གའི་གསར་འགོད་པས་བཞུགས་སྒར་དུ་རྟེན་གཞིི་བྱས་པའི་བོད་གནས་ལྟ་ཞིབ་ཁང་གི་འགན་འཛིན་དབང་ལྡན་སྐྱབས་ལགས་སུ་བརྙན་ནང་གསལ་བའི་ལྷ་སའི་གནས་སྟངས་སྐོར་ལ་བཀའ་འདྲི་ཞུ་སྐབས། འདི་ལོ་རྒྱ་ནག་དམར་ཤོག་སྲིད་གཞུང་བཙུགས་ནས་ལོ་བརྒྱ་འཁོར་བ་དང་། རྒྱ་ནག་གིས་བོད་ས་དབང་བསྒྱུར་བྱས་ནས་ལོ་བདུན་ཅུ་འཁོར་བའི་དུས་ཚིགས་དང་འབྲེལ་ནས། རྒྱ་ནག་གིས་སྔར་ལོ་ནས་བོད་ཁུལ་གྱི་དགོན་པ་གྲྭ་ཚང་དང་སློབ་གྲྭ དེ་བཞིན་བོད་མིའི་སྤྱི་ཚོགས་གང་སར་དྲིལ་བསྒྲགས་ཀྱི་ལས་རིགས་སྣ་མང་ཞིག་གཉེར་བཞིན་པ་ལུང་འདྲེན་གནང་བ་དང་སྦྲགས། ད་ཆ་རྒྱ་ནག་གིས་བོད་མི་རྣམས་མཆོད་མཇལ་དང་བསང་གསོལ་སོགས་ཀྱི་མཚོན་པའི་འདུ་འཛོམས་ཀྱི་རིགས་ལ་བཀག་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བཞིན་པ་དེ་ཡིས། རྒྱ་ནག་གིས་བོད་མི་རྣམས་ཀྱིས་ས་བྱི་ལོའི་ཞི་རྒོལ་ལྟ་བུའི་རྔམ་སྟོན་ཁྲོམ་སྐོར་རིགས་ཡོང་བར་དོགས་ནས་ཕྱོགས་ཡོངས་ནས་སྔ་ས་ནས་དམ་དྲག་བྱེད་བཞིན་པ་ཞིག་ཡིན་སྐོར་ངོ་སྤྲོད་གནང་སོང་། གཞན་ཡང་ཁོང་གིས། རྒྱ་ནག་གིས་འདི་ལོའི་དམར་ཤོག་གཞུང་བཙུགས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་དང་བསྟུན་ནས་བོད་ཁུལ་དུ་དྲིལ་བསྒྲགས་ཀྱི་རིགས་མང་པོ་སྤེལ་བཞིན་ཡོད་པའི་ཁོངས་ནས། ཁ་སང་གི་བརྙན་ལམ་གྱི་ཕོ་བྲང་པོ་ཏ་ལའི་སྟེང་དུ་འཕྲེད་དར་ཆེན་པོ་སྦྱར་ཡོད་པ་དེ་ཙམ་མིན་པར། བོད་ཁུལ་གྱི་དགོན་སྡེ་མང་པོའི་ནང་དུ་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་དང་རྒྱ་ནག་གི་དུས་སྟོན་ལ་དགའ་བསུ་ཡོད་པའི་ཚིག་སྦྱོར་འཁོད་པའི་འཕྲེད་དར་ཆེན་པོ་སྦྱར་བ་དང་། དེ་བཞིན་གྲྭ་མང་གི་ལག་ཏུ་ཡང་རྒྱ་ནག་གི་དྲིལ་བསྒྲགས་ཀྱི་འཕྲེད་དར་དེ་ཚོ་བཞག་ནས་པར་དང་བརྙན་བླངས་ནས་སྤྱི་ཚོགས་དྲ་ལམ་དུ་ཁྱབ་སྤེལ་བྱེད་བཞིན་ཡོད་པ་སོགས་ཀྱང་འགྲེལ་བརྗོད་གནང་ཡོད།  གཞི་རྩའི་རྒྱ་ནག་གིས་བོད་ཁུལ་དུ་འཛུགས་སྐྲུན་གྱི་ལས་གཞི་སྣ་མང་སྤེལ་བ་དང་ལྷན་དུ། རྒྱ་ནག་གི་ཧན་མི་རིགས་ས་ཡ་མང་པོ་བོད་ཁུལ་དུ་ཡུལ་སྐོར་སྤྲོ་འཆམ་ལ་ཡོང་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་གི་ཡུལ་སྐོར་བ་ས་ཡ་ ༤༠ ལྷག་བོད་ཁུལ་དུ་འབྱོར་ཡོད་པའི་གནས་ཚུལ་གསར་ལམ་ཁག་ཏུ་ཐོན་པ་ལྟར། ད་ཆ་བོད་མི་རྣམས་རང་ས་རང་ཡུལ་དུ་གྲངས་ཉུང་མི་རིགས་ཆགས་བཞིན་པ་མ་ཟད། རྒྱ་ནག་གི་སྲིད་བྱུས་འདྲ་མིན་གྱི་འོག་ཏུ་བོད་མིའི་ཆོས་དང་རིག་གཞུང་ལ་དོ་ཕོག་ཆེན་པོ་ཐེབས་བཞིན་ཡོད་པའི་ཐད་ནས། ཕྱི་ལོག་གི་ཉམས་ཞོབ་པ་རྣམས་ཀྱིས་བོད་ཁུལ་ནི་དུས་རབས་ཉེར་གཅིག་ནང་གི་མི་སེར་སྤེལ་ཡུལ་གྱི་ས་ཁུལ་ཞིག་ཆགས་ཡོད་པར་མངོན་གསལ་གནང་ཡོད་པ་རེད།

གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་སི་ཁྲོན་ཞིང་ཆེན་གྱི་ Mianyang བཙོན་ཁང་དུ་བཙོན་འཇུག

ཕྱི་ལོ་ ༢༠༡༩ ལོའི་ཕྱི་ཟླ་ ༧ ཚེས་ ༢༧ ཉིན་འཛིན་བཟུང་གིས་ད་བར་ལོ་ངོ་གཅིག་དང་ཕྱེད་ཀ་ལྷག་ཙམ་གྱི་རིང་གར་སོང་ཆ་མེད་དུ་གྱུར་བའི་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ད་ཆ་སི་ཁྲོན་ཞིང་ཆེན་གྱི་ Mianyang བཙོན་ཁང་དུ་གཞན་ལ་འབྲེལ་ལམ་གནང་ས་མེད་པར་བཙོན་འཇུག་བྱས་ཡོད་པ་མངོན་གསལ་གནང་འདུགགྲྭ་རིན་ཆེན་ལགས་ཀྱི་ནང་མིས་ཁོང་གི་གནས་སྟངས་དང་ས་གནས་གང་དུ་ཡོད་མེད་སོགས་ཀྱི་ཐོག་ལ་འདྲི་རྩད་ལན་མང་བྱས་པའི་རྗེས་སུ་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༣ ཉིན་རྔ་བ་ཁུལ་གྱི་མི་མང་བདེ་འཇགས་ལས་ཁུངས་ནས་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་སུ་ལོ་ངོ་བཞི་དང་ཕྱེད་ཀའི་བཙོན་འཇུག་གི་ཉེས་ཆད་ཕོག་ཡོད་སྐོར་གྱི་བརྡ་ཁྱབ་འབྱོར་ཡོད་པ་དང་། ད་ཆ་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཁོང་ Mianyang བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་ཤེས་རྟོག་བྱུང་ཡོད་པ་དེ་ལྟར་ཡང་། ཁོང་ལ་ཁྲིམས་བཤེར་སོགས་བྱས་པའི་ཞིབ་ཕྲའི་གནས་ཚུལ་གང་ཡང་ཐོན་མེད་པ་རེད། སྤྱིར་རིན་ཆེན་ལགས་ཀྱི་གནས་སྟངས་དང་འབྲེལ་ནས་གཟའ་འཁོར་སྔོན་མའི་ནང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རིན་ཆེན་ལགས་ཀྱི་གནས་བབ་གཙོས་ཁོང་གི་ནང་མི་དང་ཁྲིམས་རྩོད་པ་རྣམས་ཁོང་དང་ཐུག་འཕྲད་གནང་མི་ཆོག་པའི་ངལ་བ་འཕྲད་སྐོར་ལ་གླེང་སློང་རིམ་པ་གནང་ཡོད་པ་རེད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྔ་བ་ཁུལ་གྱི་མི་མང་བདེ་འཇགས་ལས་ཁུངས་ནས་ཕྱི་ཟླ་གསུམ་པའི་ནང་ཁོང་གི་ནང་མི་འབོད་སྒུག་བྱེད་སྐབས་གྲྭ་རིན་ཆེན་ལགས་སུ་ཁ་བྲལ་གཏོང་ཐབས་ཀྱི་དོགས་སློང་འོག་ཉེས་འཛུགས་བྱས་ཡོད་པ་དང་། རིན་ཆེན་ལགས་ཀྱི་འཕྲོད་བསྟེན་གྱི་གནས་བབ་དང་ཉེས་ཆད་ཀྱི་གནས་བབ་སོགས་ཀྱི་སྐོར་ལ་བཀའ་མོལ་གནང་སླད་ཁོང་གི་པཱ་ལགས་དང་ནང་མིས་བཙོན་ཁང་དུ་ཆེད་བཅར་ཞུ་རྒྱུར་འབད་བརྩོན་དང་ཞུ་སྐུལ་ལན་མང་ཞུས་ཀྱང་ད་བར་དེ་ལྟར་བྱུང་མེད་པ་མ་ཟད། ཉེས་ཆད་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མེད་སྟབས་ཁོང་གི་གནས་སྟངས་དེ་ཛ་དྲག་གི་རང་བཞིན་དུ་འགྱུར་བཞིན་ཡོད་པར་གསལ་བཏོན་གནང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རི་ San Francisco ལ་རྟེན་གཞིར་བྱས་པའི་ Dui Hua Foundation ཞེས་པའི་ཐེབས་རྩ་ཁང་གིས་རྒྱ་ནག་གཞུང་གིས་ཁྲིམས་ལུགས་སྐྱོང་སྟངས་དང་དཔྱད་ཁྲ་གཏོང་སྟངས་ཀྱི་སྐོར་ལ་ཉམས་ཞིབ་གནང་བའི་ཞིབ་འཇུག་སྙན་ཐོ་ཞིག་ལུང་འདྲེན་གནང་བར་བོད་དཀར་མཛེས་དང་རྔ་བ་ཁུལ་དུ་ཁྲིམས་ཐག་གཅོད་སྟངས་དེ་བཞིན་ཆེས་ཛ་དྲག་དང་ཉེན་ཁ་ཆེ་ཤོས་ཀྱི་ས་གནས་གཙོ་བོ་ཡིན་པར་གསལ་བཏོན་གནང་བ་དང་ས་ཁུལ་དེ་དག་ལ་ཆབ་སྲིད་དང་འབྲེལ་བའི་ཐོག་ལ་ཁྲིམས་ཀྱི་ཉེས་ཆད་ཆེན་པོ་འཕོག་ཉེན་ཡོད་པ་མ་ཟད། ཁ་བྲལ་རིང་ལུགས་སོགས་ཀྱི་ཉེས་མིང་དང་སྦྱར་ནས་ཉེས་འཛུགས་བྱེད་ཀྱི་ཡོད་པ་དང་། Dui Hua Foundation ཡིས་ཆབ་སྲིད་བཙོན་པའི་ཐོ་གཞུང་གི་སྐོར་ལ་གསལ་བཏོན་གནང་བར་དཀར་མཛེས་ཁུལ་དུ་རྒྱལ་ཁབ་བདེ་འཇགས་ཀྱི་གྱོད་གཞི་དང་འབྲེལ་ནས་གྱོད་གཞི་ ༢༨ ཁོངས་སུ་ ༢༦ དེ་ཁ་བྲལ་རིང་ལུགས་ཀྱི་ནག་ཉེས་འཛུགས་པའི་ཁྲིམས་ཆད་ཆགས་ཀྱི་ཡོད་པ་མ་ཟད་རྔ་བ་ཁུལ་དུའང་གྱོད་གཞི་ ༢༠ ཡི་ཁོངས་སུ་ ༡༣ ཁ་བྲལ་གྱི་ཉེས་འཛུགས་ཆགས་ཀྱི་ཡོད་སྐོར་བཀོད་ཡོད་པ་དང་། བརྒྱ་ཆར་གཞིགས་ན་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་ནས་བོད་རིགས་ཁོ་ནར་ཁ་བྲལ་གྱི་ཉེན་འཛུགས་བྱས་པ་བརྒྱ་ཆ་ ༦༠ ཆགས་ཀྱི་ཡོད་པར་ལུང་འདྲེན་གནང་འདུག Mianyang བཙོན་ཁང་དེ་སི་ཁྲོན་ཞིང་ཆེན་གྱི་རྒྱལ་ས་ཁྲེང་ཏུའི་ནང་དུ་ཡོད་པ་དང་བཙོན་ཁང་དེའི་ནང་བོད་ཤར་ཕྱོགས་ཁུལ་གྱི་བོད་མི་རྣམས་བཙོན་འཇུག་བྱེད་ས་དང་། དེ་སྔ་བོད་ཀྱི་ཆབ་སྲིད་བཙོན་པ་ཆོས་སྐྱིད་ལགས་བཙོན་ཁང་དེའི་ནང་མནར་གཅོད་མྱངས་ནས་ཕྱི་ལོ་ ༢༠༡༩ ཕྱི་ཟླ་ ༡ ནང་གློད་བཀྲོལ་བཏང་ཡོད་ཀྱང་། བཙོན་ཁང་ནང་གི་སྡུག་སྦྱོང་མནར་གཅོད་ཀྱི་རྐྱེན་གྱིས་ཕྱི་ལོ་ ༢༠༢༠ ལོར་འདས་གྲོངས་སུ་གྱུར་ཡོད་པ་བཀོད་འདུག

ཨོ་སི་ཀྲོ་ལི་ཡའི་ནང་རྒྱ་རིགས་སློབ་མར་རྒྱ་ནག་གི་གནོན་ཤུགས་ཆེས་ཆེར་སྤྲད་པར་མངོན་གསལ།

ཁ་སང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་སྙན་ཐོ་འདོན་སྤེལ་གནང་བར་ཨོ་སི་ཀྲོ་ལི་ཡ་གཙུག་ལག་སློབ་གཉེར་ཁང་ནས་ཁུལ་དེར་སློབ་གཉེར་གནང་མཁན་རྒྱ་རིགས་སློབ་མ་ཚོའི་ཤེས་ཡོན་རང་དབང་སྲུང་སྐྱོབ་གནང་ཐུབ་མེད་པ་དང་ལྷག་པར་དུ་རྒྱ་ནག་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་གནང་མཁན་གྱི་ཕྱི་ཕྱོགས་སུ་བཞུགས་པའི་རྒྱ་རིགས་ཚོར་སུན་གཙེར་བཟོས་ཡོད་པར་མངོན་གསལ་གནང་འདུག ཤོག་གྲངས་ ༡༠༢ ཡོད་པའི་སྙན་ཐོའི་ནང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཨོ་སི་ཀྲོ་ལི་ཡའི་ནང་ཡོད་པའི་རྒྱ་རིགས་སློབ་མ་ཁག་ཅིག་ལ་བཅར་འདྲི་ཞུས་པའི་གནད་དོན་ཕྱོགས་སྒྲིགས་གནང་འདུག་པ་དང་དེའི་ནང་རྒྱ་རིགས་སློབ་མ་ཞིག་གིས་རྒྱ་ནག་གཞུང་གིས་རྒྱ་ནག་སྐམ་ས་ཆེན་པོ་དང་ཧོང་ཀོང་ནས་ཡོང་བའི་ཨོ་སི་ཀྲོ་ལི་ཡའི་གཙུག་ལག་སློབ་གཉེར་ཁང་ནང་སློབ་སྦྱོང་གནང་མཁན་རྒྱ་རིགས་སློབ་ཕྲུག་ཚོར་གསང་མྱུལ་བྱེད་སྟངས་ཐད་ལ་འགྲེལ་བརྗོད་གནང་དོན་རྒྱ་ནག་གི་དྲག་གནོན་ཅན་གྱི་སྲིད་བྱུས་དེས་ཨོ་སི་ཀྲོ་ལི་ཡའི་གཙུག་ལག་སློབ་ཁང་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་གི་ཡོད་པ་མ་ཟད། ཕྱི་ཕྱོགས་སུ་སློབ་སྦྱོང་གནང་མཁན་རྒྱ་རིགས་སློབ་ཕྲུག་རྣམས་ནས་རྒྱ་གཞུང་གི་གསང་མྱུལ་གྱི་བྱ་སྤྱོད་ཁག་ཤེས་ཀྱི་ཡོད་པ་དང་།  རྒྱུ་རྐྱེན་དེར་བརྟེན་ད་ཆ་མང་པོ་ཞིག་གིས་ཞེད་སྣང་རྐྱེན་འཇིགས་སྐུལ་དང་སུན་གཙེར་སོགས་ལས་གཡོལ་ཐབས་སུ་རྒྱ་ནག་གཞུང་གི་ལྟ་སྤྱོད་དང་མི་མཐུན་པའི་ལས་ལ་མ་བཞུགས་པར་འབད་བརྩོན་བྱེད་ཀྱི་ཡོད་པ་གསུངས་འདུག དེ་བཞིན་རྒྱ་གཞུང་གི་གནོན་ཤུགས་དང་འབྲེལ། ཨོ་སི་ཀྲོ་ལི་ཡའི་ནང་དེ་སྔ་སློབ་སྦྱོང་གནང་མཁན་རྒྱ་རིགས་སློབ་མ་ཞིག་གིས་ཁོང་གི་Twitter  དྲ་རྒྱ་སྒོ་འབྱེད་ནས་མང་གཙོར་རྒྱབ་སྐྱོར་གྱིས་འཕྲིན་སོགས་བྲིས་རྐྱེན་རྒྱ་གཞུང་གིས་བཙོན་འཇུག་བྱེད་རྒྱུའི་འཇིགས་སྐུལ་སོགས་བྱས་པར་གསུངས་འདུག་པ་དང་།  གཞན་ཞིག་གིས་མང་གཙོར་རྒྱབ་སྐྱོར་གྱིས་དགོངས་ཚུལ་བཏོན་རྐྱེན་ཁོང་རྒྱ་ནག་ལ་སློག་སྐབས་ཁོ་བོས་ཕྱི་སྐྱོད་ལག་འཁྱེར་བཙན་འཕྲོག་བྱས་ཡོད་པ་འཁོད་འདུག རྒྱ་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་སློབ་ཕྲུག་ཚོས་སྤྱི་ཚོགས་དྲ་ལམ་ཐོག་ཨོ་སི་ཀྲོ་ལི་ཡའི་གཙུག་ལག་སློབ་ཁང་གི་ལས་བྱེད་ཚོའི་ངོས་ནས་རྒྱ་ནག་གི་ཚོར་བ་རྣོ་བའི་གནད་དོན་དཔེར་ན། ཐེ་ཝན་དང་བོད། ཧོང་ཀོང་། ཤིན་ཅང་སོགས་ཀྱི་སྐོར་གླེང་སློང་གནང་ཚེ་ཁོང་ཚོར་སུན་གཙེར་དང་འཇིགས་སྐུལ་སོགས་བྱས་ནས་སྒེར་གྱི་གནས་ཚུལ་རིགས་བཀྲམ་རྒྱུ་སོགས་བྱེད་ཀྱི་ཡོད་པར་འཁོད་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཉམས་ཞིབ་པ་དང་སྙན་ཐོ་འགོད་མཁན་ Sophie McNeill ལགས་ཀྱིས་ཨོ་སི་ཀྲོ་ལི་ཡའི་གཙུག་ལག་སློབ་ཁང་གི་འཛིན་སྐྱོང་ནས་རྒྱ་ནག་གི་གནོན་ཤུགས་འོག་ཡོད་པའི་རྒྱ་རིགས་སློབ་མ་ཚོའི་ཐོབ་ཐང་སྲུང་སྐྱོབ་གནང་ཐུབ་མེད་པ་དང་། ཨོ་སི་ཀྲོ་ལི་ཡའི་གཙུག་ལག་སློབ་ཁང་ནས་དེ་གའི་གཙུག་ལག་སློབ་ཁང་ནང་སློབ་སྦྱོང་གནང་མཁན་རྒྱལ་སྤྱིའི་སློབ་མ་ཚོའི་སློབ་ཡོན་ལ་བརྟེན་གྱི་ཡོད་ཀྱང་རྒྱ་གཞུང་གིས་རྒྱ་རིགས་སློབ་ཕྲུག་ཚོར་སུན་གཙེར་དང་གསང་མྱུལ་བྱེད་བཞིན་པའི་གནད་དོན་ལ་ཁ་ཡ་ཙམ་ཡང་གནང་མེད་སྟབས། གཙུག་ལག་སློབ་ཁང་ནས་གནད་དོན་དེའི་ཐད་བཀའ་མོལ་གནང་དགོས་པ་དང་དེ་བཞིན་སློབ་ཕྲུག་དང་ལས་བྱེད་ཚོའི་ཤེས་ཡོན་གྱི་རང་དབང་ལ་རྒྱབ་སྐྱོར་སླད་ལས་དོན་ཤུགས་ཆེ་་བར་སྤེལ་དགོས་པ་གསུངས་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་སྐམ་ས་ཆེན་པོ་དང་ཧོང་ཀོང་ནས་ཕེབས་པའི་མང་གཙོར་རྒྱབ་སྐྱོར་གནང་མཁན་གྱི་སློབ་མ་ ༢༤  དང་ལས་བྱེད་ ༢༢ ལ་བཅར་འདྲི་ཞུས་འདུག  མང་གཙོར་རྒྱབ་སྐྱོར་གནང་མཁན་གྱི་སློབ་མ་ཕལ་མོ་ཆེར་བཅར་འདྲི་བྱེད་སྐབས་ཁོང་ཚོས་ཨོ་སི་ཀྲོ་ལི་ཡའི་ནང་མང་གཙོ་དང་འབྲེལ་བའི་ལས་འགུལ་སོགས་སྤེལ་རྐྱེན་རྒྱ་གཞུང་གིས་ནང་མིར་འདྲི་བརྩད་དང་སུན་པོ་བཟོས་པ་མ་ཟད། དེ་བཞིན་ཉེས་ཆད་སོགས་གཏང་བར་ཞེད་སྣང་བྱེད་ཀྱི་ཡོད་པའི་གནས་སྟངས་ཆགས་ཀྱི་ཡོད་པ་གསུངས་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་གཞུང་གིས་ཕྱི་ཕྱོགས་སུ་མང་གཙོའི་ལས་དོན་སྤེལ་མཁན་གྱི་སློབ་མ་ཚོའི་ནང་མི་ཐུག་འཕྲད་ཀྱིས་སྡིགས་ར་བསྐུལ་བ་སོགས་ཀྱི་གནད་དོན་གསུམ་ར་སྤྲོད་གནང་འདུག Sophie McNeill ལགས་ཀྱིས་རྒྱ་རིགས་སློབ་ཕྲུག་ཕལ་མོ་ཆེས་དེ་འབྲེལ་གནད་དོན་གཙུག་ལག་སློབ་གཉེར་ཁང་ལ་སྙན་གསེང་ཞུས་མེད་པ་དང་།  སློབ་ཕྲུག་ཚོས་གཙུག་ལག་སློབ་ཁང་ནས་རྒྱ་ནག་གཞུང་དང་མཉམ་འབྲེལ་ཐོག་ནས་རྒྱུན་གནས་ལ་དོ་སྣང་མང་བ་བྱས་ཡོད་པར་ཡིད་ཆེས་གནང་གི་ཡོད་པ་འཁོད་འདུག རྒྱ་གཞུང་གིས་ཤེས་ཡོན་གྱི་རང་དབང་ལ་དྲག་རྒོལ་དང་རྒོལ་བརྡུང་བྱ་རྒྱུ་ནི་འཛེམ་ཟོན་མེད་པ་ལྟ་བུར་གྱུར་བ་དང་།  ཨོ་སི་ཀྲོ་ལི་ཡའི་ཤེས་ཡོན་ཚན་པས་ལོ་ལྟར་སློབ་ཕྲུག་ཚོར་རྒྱ་གཞུང་ནས་སུན་གཙེར་དང་འཇིགས་སྐུལ་སོགས་བྱས་པའི་གནད་དོན་དང་དེ་བཞིན་གཙུག་ལག་སློབ་ཁང་ནས་དེའི་ཐད་གདོང་ལེན་ཇི་ལྟར་གནང་ཕྱོགས་བཅས་ཀྱི་ཡིག་ཆ་ཁག་ཉར་ཚགས་དགོས་པར་གསུངས་འདུག ལྷག་པར་ཨོ་སི་ཀྲོ་ལི་ཡའི་གཙུག་ལག་སློབ་ཁང་དང་རིགས་བདག་ནས་སློབ་ཕྲུག་ཚོའི་ཤེས་ཡོན་གྱི་རང་དབང་སྲུང་སྐྱོབ་གནང་རྒྱུའི་ཁས་ལེན་དགོས་པ་དང་།  གཙུག་ལག་སློབ་ཁང་གི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནས་གནད་དོན་དེར་རྟོག་ཞིབ་དགོས་པའང་གསུངས་འདུག  ད་ཆ སློབ་ཕྲུག་གསར་པ་ཚོ་སློབ་ཞུགས་གནང་ཉེ་བར་བརྟེན་གཙུག་ལག་སློབ་ཁང་གི་སྒྲིག་གཞི་བསྐྱར་བཅོས་དང་དགེ་ལས་སློབ་ཕྲུག་ཚོའི་ཤེས་ཡོན་གྱི་རང་དབང་སྲུང་སྐྱོབ་ཐད་སྒྲིག་གཞི་གསར་པ་གཏན་འབེབས་དགོས་པ་གསུངས་འདུག

བོད་རིགས་དམར་ཤོག་ཚོགས་མིར་ཆོས་ལ་དད་པ་མི་བྱེད་པའི་བྱ་སྤྱོད་ཚད་གཞི་གསར་བསྒྲགས།

སྤྱི་ཚོགས་དྲ་ལམ་བརྒྱུད་འདི་གར་གནས་ཚུལ་བཏང་འབྱོར་བྱུང་བར་གཞིགས་ན། རྒྱ་ནག་དམར་ཤོག་གཞུང་གིས་འདི་ལོའི་ཟླ་བ་བཞི་བའི་ནང་བོད་རང་སྐྱོང་ལྗོངས་ཀྱི་ཏང་ཡོན་ལས་བྱེད་དམ་དམར་ཤོག་ཚོགས་མི་རྣམས་ལ་ཆོས་ལ་དད་པ་མི་བྱེད་པའི་བྱ་སྤྱོད་ཚད་གཞི་ཞེས་པ་ཞིག་བཀྲམས་པའི་ནང་དུ། སྤྱི་ཡོངས་ཀྱི་ཆོས་ལུགས་ཀྱི་བྱེད་སྒོ་ཡོངས་ལ་འབྲེལ་ཐག་བཅད་ནས་མར་ཁེ་སི་རིང་ལུགས་ཀྱི་དངོས་གཙོ་སྨྲ་བ་དང་ལྷ་མེད་སྨྲ་བ་མཐའ་འཁྱོངས་ལག་བསྟར་བྱེད་དགོས་བར་སྐུལ་མ་བཏང་འདུགརྩ་བའི་ཐེངས་འདིར་རྒྱ་ནག་གིས་སློབ་སྦྱོང་གི་ཡིག་ཆའི་ཆ་ཤས་འོག་བོད་རིགས་དམར་ཤོག་ཚོགས་མི་རྣམས་ལ་བཏང་བའི་ཆོས་ལ་དད་པ་མི་བྱེད་པའི་བྱ་སྤྱོད་ཚད་གཞི་ཞེས་པ་དེ་ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག་དང་།  གནས་བབ་གསར་པའི་འོག་གི་ཏང་ནང་གི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག  དེ་བཞིན་ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ཡོན་ལ་སློབ་གསོ་དང་དོ་དམ་བྱེད་པའི་ལས་ཀའི་སྲོལ་ཡིག་གི་ཁྲིམས་སྲོལ་གཞིར་བཟུང་། བོད་རང་སྐྱོང་ལྗོངས་ཟེར་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཚོད་ལྟའི་ཚུལ་དུ་བཟོས་པ་ཞིག་ཡིན་ཚུལ་བསྒྲགས་འདུག ཆོས་ལ་དད་པ་མི་བྱེད་པའི་བྱ་སྤྱོད་ཚད་གཞི་དེ་དག་གི་ནང་དུ། བོད་རིགས་དམར་ཤོག་ཚོགས་མི་རྣམས་ཀྱིས། ཏཱ་ལ་སྐུ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཟེར་བ་དང་དབྱེ་མཚམས་གསལ་པོ་མཐའ་གཅིག་ཏུ་ཕྱེ་ནས་དར་ཆ་གསལ་སྟོན་གྱིས་ཏཱ་ལའི་རུ་ཚོགས་ཀྱིས་ཆོས་ལུགས་ལ་བརྟེན་ནས་བཟོས་པའི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ངན་པ་མེད་པ་བཟོ་དགོས་པ་མ་ཟད། ཕྱི་རྒྱལ་དུ་བསྐྱོད་དེ་ཏཱ་ལ་སྐུ་ཕྲེང་བཅུ་བཞི་པར་མཇལ་བའམ་ཡང་ན་ཏཱ་ལ་སྐུ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱིས་གཉེར་བའི་ཆོས་ཚོགས་དང་། ཆོས་ལུགས་བྱེད་སྒོ་སྤེལ་རིགས་ནང་ཞུགས་པར་དུས་ཐོག་ཏུ་བཀག་འགོག་བྱ་དགོས་པ། དེ་བཞིན་ཁྱིམ་ཚང་དུ་མཆོད་གཤོམ་མི་འཛུགས་པ་དང་། བག་སྟོན་དང་གཤིན་པོ་དུར་སྐྱེལ་གྱི་མཛད་སྒོ་སོགས་དམངས་སྲོལ་བྱེད་སྒོའི་སྐབས་ཆོས་ལུགས་མི་སྣ་གདན་དྲངས་ནས། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བར་ངེས་པར་དུ་སྔོན་ནས་གོང་རིམ་ལ་སྙན་སེང་ཞུ་དགོས་པ། ལུས་ཐོག་ཏུ་ཆོས་ལུགས་ཀྱི་མཚོན་རྟགས་མི་བརྐོ་བ་སོགས་ཆོས་ལུགས་དང་ཡོངས་སུ་འབྲེལ་ཐག་གཅོད་དགོས་པའི་བཀའ་རྒྱ་བཏང་བ་མ་ཟད། ཕྱི་རུ་ཡོད་དུས་ཡིད་མི་ཆེས་ཀྱང་ནང་དུ་སླེབས་དུས་ཡིད་ཆེས་པ། ལས་གནས་སུ་ཡོད་དུས་ཡིད་མི་ཆེས་ཀྱང་ལས་འཁྱུར་ངལ་གསོ་བཞག་དུས་ཡིད་ཆེས་བ་བཅས་ཀྱི་བྱ་སྤྱོད་ལ་གཏན་འགོག་མཐའ་གཅིག་ཏུ་བྱ་དགོས་པའི་བཀའ་རྒྱ་བཏང་འདུག ད་དུང་བོད་རིགས་དམར་ཤོག་ཚོགས་མི་རྣམས་ཀྱིས་རྣམ་པ་ཅི་རིགས་ཀྱི་སྒོ་ནས་ཆོས་ལུགས་དང་འབྲེལ་ཐག་གཅོད་དགོས་བ་མ་ཟད། རང་འགུལ་ངང་དམར་ཤོག་གི་མཚན་རྟགས་འདོགས་པ་དང་། ཕྲེང་བ་དང་སྐུ་འདྲ་སོགས་ཆོས་ལུགས་ཀྱི་མཚོན་རྟགས་མི་འདོགས་པ། གྲྭ་བཙུན་རྣམས་གདན་དྲངས་ནས་མོ་འདེབས་སུ་འཇུག་རྒྱུ་དང་ཕྲུ་གུར་མིང་འདོགས་པ་བཅས་ལ་མཐའ་གཅིག་ཏུ་དགག་གཞག་ནན་མོ་བྱེད་དགོས་པ་མ་ཟད། ཁྲིམས་ལྟར་ནར་མ་སོན་པའི་བུ་ཕྲུག་རྣམས་དགོན་པ་གྲྭ་ཚང་དུ་ཆོས་སྒོར་ཞུགས་སུ་མི་འཇུག་པའི་ངན་སྐུལ་བྱས་འདུག དེ་བཞིན་བོད་ཁུལ་གྱི་སྲོལ་རྒྱུན་གྱི་ལམ་ལུགས་སྟེ། བག་སྟོན་དང་གཤིན་པོ་དུར་སྐྱེལ་གྱི་མཚོན་པའི་དམངས་སྲོལ་གྱི་ནང་དུ་ཆོས་ལུགས་ཀྱི་མི་སྣ་གདན་འདྲེན་ཞུ་རྒྱུ་མེད་པར། ཆོས་ལུགས་དང་འབྲེལ་བའི་བྱེད་སྒོར་འཛུལ་ཞུགས་བྱེད་དགོས་ན་ངེས་བར་དུ་རྒྱ་ནག་གི་གོང་རིམ་དཔོན་རིགས་ལ་ཡར་ཞུ་བྱེད་དགོས་བའི་བླངས་བྱ་བཏོན་ཏེ། ནང་མི་གཉེན་འབྲེལ་རྣམས་རྒྱ་གར་དུ་སྐྱོད་ནས་༸གོང་ས་མཆོག་ལ་མཇལ་བཅར་ཞུ་རྒྱུའི་བྱ་བ་ལ་དངོས་སུ་དགག་གཞག་གནང་དགོས་བ་དང་། མི་སུ་ཞིག་གིས་རེ་ཞུ་དེར་ངོས་ལེན་མ་བྱས་ཚེ་འཕྲལ་དུ་གོང་རིམ་ལ་གནས་ཚུལ་ཡར་ཞུ་བྱེད་དགོས་བ་སོགས་ཀྱི་རེ་སྐུལ་བྱས་འདུག  མ་ཟད་སྤྱི་ཚོགས་ཀྱི་ལས་དོན། དཔལ་འབྱོར། རིག་གནས། སྤྱི་ཚོགས་ཀྱི་བྱ་གཞག་བཅས་ལ་ཐེ་གཏོགས་མི་བྱེད་པ་དང་གནས་རི་དང་ལྷ་མཚོ་ལ་བརྟེན་ནས། རྒྱལ་ཁབ་ཀྱི་འཛུགས་སྐྲུན་རྣམ་གྲངས་ལ་འགོག་རྐྱེན་མི་བཟོ་བ་བྱེད་དགོས་པར་གསལ་འདུག གཞི་རྩའི་སྔར་ལོར་ལོར་འདི་ག་གསར་ཁང་ལ་བོད་ནས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། བོད་ཁུལ་དུ་རྒྱ་ནག་གིས་ཆེད་དུ་དམར་ཤོག་གི་ཚོགས་མི་རྩ་འཛུགས་བྱེད་བཞིན་པ་དང་འབྲེལ་ནས།  མཚོ་སྔོན་པོའི་གཡས་གཡོན་དང་བྲག་དཀར་རྫོང་ཁོངས་སོགས་ཀྱི་ས་གནས་གང་སར་ཁོར་ཡུག་གཙང་བཟོ་ལ་ཁ་གཡར་ནས། གཞུང་ལམ་དང་ཐག་ཉེ་བའི་ཆོས་ལུགས་ཀྱི་མཚོན་བྱེད་དེ། མ་ཎི་རྡོ་བརྐོས་དང་དར་ལྕོག། དེ་བཞིན་བསང་ཁྲི་སོགས་གཙང་བཟོ་བྱེད་དགོས་བའི་བཀའ་བཏང་བ་ལྟར། བོད་རིགས་དམར་ཤོག་ཚོགས་མི་རྣམས་ཀྱིས་དངོས་སུ་གོང་རིམ་གྱི་བཀའ་རྒྱ་དེ་ལག་བསྟར་བྱས་ཏེ། མ་ཎི་རྡོ་བརྐོས་དང་དར་ལྕོག་སོགས་རྨང་ནས་རྩ་གཏོར་བྱས་ཡོད་པར་འགྲེལ་བརྗོད་བྱས་ཡོད།

རེས་གཟའ་མིག་དམར། ༢༠༢༡།༠༦།༢༩

ཉན་པ།: Listen ཕབ་ལེན། Download བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཚང་མས་གོང་བུ་གཅིག་གྱུར་གྱི་ནུས་པ་འདོན་གལ་བཀའ་སྩལ་བ། རྒྱ་གར་ལ་དམག་སྟོབས་ཀྱི་ཆ་ནས་ཚུར་རྒོལ་བྱེད་མཁན་ཡོངས་ལ་གདོང་ལེན་བྱ་རྒྱུའི་ནུས་པ་ལྡན་ཡོད། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པར་མནར་གཅོད་གཏོང་བཞིན་པར་མངོན་གསལ། དམར་ཤོག་ཚོགས་པ་ལོ་བརྒྱ་འཁོར་བའི་དུས་ཚིགས་དང་བསྟུན་བོད་གཙོས་པའི་རྒྱ་ནག་ཁྱོན་དུ་དམ་དྲག་ཤུགས་ཆེ་བྱེད་བཞིན་འདུག གླུ་གཞས་ལས་རིམ། གདུག་ཀར་ཡག་ལགས་ཀྱིས་བླངས་པའི་ང་སུ་རེད། Tuesday 29/06/2021 Karmapa urges Tibetan religious sects to avoid partisanship and work together Rajnath Singh inaugurates BRO’s 63 infra projects, says India can give befitting reply to all challenges Human rights defenders are tortured and abused in China, says UN expert China tightens restriction across China, Tibet ahead CCP centenary celebration MUSIC FEATURE:’ Who am I’ by Dukar Yak

བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཚང་མས་གོང་བུ་གཅིག་གྱུར་གྱི་ནུས་པ་འདོན་གལ་སྐོར་བཀའ་སྩལ་བ།

སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་༸དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དགུང་གྲངས་ ༣༧ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ཉིན་རྟེན་འབྲེལ་གྱི་སྨོན་ལམ་གནང་མཁན་རིས་མེད་ཀྱི་ཆོས་མཛད་པ་ཡོངས་དང་དེ་བཞིན་གྲོགས་ཕོ་མོ་རྣམས་ལ་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་བ་དང་འབྲེལ། བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ནང་ཕན་ཚུན་དབར་ཕྱོགས་རིས་མ་གནང་བར་གོང་བུ་གཅིག་གྱུར་གྱི་ནུས་པ་འདོན་རྒྱུར་འབད་དགོས་གལ་ཡིན་པའི་གཞེན་སྐུལ་མཛད་འདུགདེའང་ཟླ་ ༦ ཚེས་ ༢༦ ཉིན་༸དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་བོད་ལུགས་དགུང་གྲངས་ ༣༧ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ཉིན་འཛམ་གླིང་ཡུལ་གྲུ་མང་པོའི་ནང་བོད་མིས་གཙོས་པའི་ཕྱི་ནང་གི་དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་སྡིག་སྤངས་དགེ་བསྒྲུབ་ཀྱི་རྣམ་དཀར་དགེ་བའི་ལས་ལ་གཞོལ་ཏེ་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༢༨ ཉིན་༸དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ནས་སྐུ་སྒེར་གྱི་ངོ་དེབ་ཐོག་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་དང་འབྲེལ་ནས་དམིགས་བསལ་གསུང་འཕྲིན་ཞིག་སྩལ་བའི་ནང་ཐོག་མ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་ཉིན་རྟེན་འབྲེལ་གྱི་སྨོན་ལམ་གསུང་འདོན་གནང་མཁན་རིས་མེད་ཀྱི་ཆོས་མཛད་པ་ཡོངས་དང་དེ་བཞིན་གྲོགས་ཕོ་མོ། ལྷག་དོན་བོད་གཞིས་བྱེས་གཉིས་ཀྱི་བཀའ་བརྒྱུད་དགོན་སྡེ་ཁག་གི་དབུ་ཁྲིད་གཙོས་མང་ཚོགས་སོགས་ལ་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་བ་དང་སྦྲགས་ཏེ། ད་ཆ་རྒྱ་གར་ནང་དུ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་ངལ་བ་མུ་མཐུད་འཕྲད་བཞིན་པར་བརྟེན་བོད་རིགས་ཡོངས་ནས་རིམས་ནད་སྔོན་འགོག་ཐད་ལྷོད་གཡེང་མེད་པར་དུས་ཐོག་ལ་ནད་བཅོས་གནང་བར་འབད་དགོས་ཞེས་ལམ་སྟོན་སྩལ་འདུག ༸དཔལ་རྒྱལ་དབང་ཀརྨ་པ་མཆོག་གིས་༸སྐུ་སྒེར་གྱི་མི་ཚེའི་གནས་སྟངས་སྐོར་དང་འབྲེལ་ཏེ་གཙོ་བོ་རིན་པོ་ཆེ་མཆོག་ནས་འདས་པའི་མི་ལོ་ ༣༧ ལ་ཕྱིར་གཟིགས་སྐབས་གསུང་མི་ཐུབ་པའི་ཐུགས་ཚོར་ཞིག་ཡོང་གི་ཡོད་ཀྱང་། བཙན་བྱོལ་རྒྱ་གར་དུ་སྐུ་བཞུགས་མཛད་རིང་ལ་ཆོས་གྲོགས་མང་པོ་དང་མཉམ་དུ་རང་ཉིད་ཀྱི་དོན་སྙིང་ལྡན་པའི་བྱ་བ་བསྒྲུབས་ཐུབ་ཡོད་པ་དེ་ནི་ཐུགས་དགྱེས་ཤོས་ཀྱི་ཐུགས་ཚོར་ཡིན་པར་བཀའ་སྩལ་འདུག་པ་མ་ཟད། དེ་བཞིན་ད་ལྟའི་ཆར་ཡུལ་ལུང་མང་པོ་ཞིག་རྒྱལ་སྤྱིའི་རང་བཞིན་དང་མི་རིགས་མཉམ་འབྲེལ་གྱི་གནས་སྟངས་དེ་སྔར་ལས་མང་བ་ཡོང་བཞིན་པ་དེ་དངོས་ཡོད་གནས་ཚུལ་ཡིན་པར་ལུང་འདྲེན་གནང་སྟེ་དེ་འབྲེལ་གྱི་ཁོར་ཡུག་ནང་བོད་རིགས་དང་བོད་བརྒྱུད་ནང་བསྟན། བཀའ་བརྒྱུད་པ་བཅས་སུ་ལ་མཚོན་ནའང་། ཚང་མས་ངེས་པར་དུ་མཐོང་རྒྱ་དང་བསམ་རྒྱ་གཉིས་འདས་པའི་ལོ་རྒྱུས་ཀྱི་གནས་བབ་གང་ལས་གཏིང་ཟབ་པ་ཞིག་ཡོང་ཐབས་གནང་གལ་ཆེན་པོ་རེད་ཅེས་བཀའ་སྩལ་འདུག ལྷག་པར་དུ་རིན་པོ་ཆེ་མཆོག་གིས་བསྟན་པ་སྤྱི་འདི་དར་ཞིང་རྒྱས་པ་དང་ཕུན་སུམ་ཚོགས་པ་ཞིག་འབྱུང་ཚེ་འདིའི་རྗེས་འཇུག་སྒེར་པ་དང་བླ་བྲང་། དེ་བཞིན་དགོན་སྡེ་ཁག་སོ་སོ་ལའང་གཞི་ནས་དར་རྒྱས་ཤིག་ཡོང་རྒྱུའི་གོ་བ་དང་ཚོར་སྣང་ཞིག་ཡོང་དགོས་པ་དེ་ནི་གལ་ཆེན་པོ་ཞིག་ཏུ་ངོས་འཛིན་མཛད་བཞིན་ཡོད་སྐོར་བཀའ་སྩལ་བ་མ་ཟད། དེ་སྔ་བོད་མི་རྣམས་འཛམ་གླིང་གི་ཁུག་ཀྱོག་ཅིག་ཏུ་སྣང་བ་དག་ནས་བཞུགས་རྐྱེན་གྱོང་རྒུད་གང་ཙམ་ཕོག་ཡོད་སྟབས། རྒྱ་ཆེ་ས་ནས་འཛམ་གླིང་སྤྱིི་དང་ཆུང་ས་ནས་བོད་རིགས་ཚང་མ་དང་ཆོས་བརྒྱུད་པ་ཚང་མ། བཀའ་བརྒྱུད་པ་ཚང་མ་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ཡོད་པའི་འདུ་ཤེས་ཐོག་ནས་ཕྱོགས་རིས་མ་གནང་བར་གོང་བུ་གཅིག་གྱུར་གྱི་ནུས་པ་འདོན་རྒྱུར་འབད་དགོས་གལ་ཡིན་པའི་གཞེན་སྐུལ་མཛད་འདུག དེ་བཞིན་རིན་པོ་ཆེ་མཆོག་གིས་འདས་པའི་ལོ་ཤས་ནང་བཀའ་བརྒྱུད་པ་ཕན་ཚུན་དང་ཀརྨ་ཀམ་ཚང་ནང་ཁུལ་ལ་སྔར་ལས་མཐུན་སྒྲིལ་དང་འཆམ་མཐུན་ཡོང་རྒྱུའི་ཆེད་དུ་རིན་པོ་ཆེ་མཆོག་གི་༸སྐུ་སྒེར་ངོས་ནས་ཞབས་ཞུ་ཕྲན་བུ་བསྒྲུབ་རྒྱུའི་གོ་སྐབས་བྱུང་ཡོད་པ་དང་། དེ་ནི་གཙོ་བོ་ཕན་ཚུན་ཐམས་ཅད་ཀྱི་དགོངས་པ་རླབས་ཆེན་བཞེས་པའི་བཀའ་དྲིན་ལ་བརྟེན་ནས་བྱུང་ཡོད་ཀྱང་རིན་པོ་ཆེ་མཆོག་གི་དགོངས་བཞེས་ལྟར་གྲུབ་འབྲས་ཆ་ཚང་བ་ཞིག་བྱུང་མེད་སྟབས་རིན་པོ་ཆེའི་ངོས་ནས་དེའི་ཐོག་ཡིད་ཆེས་ཆེན་པོའི་ངང་མུ་མཐུད་འབད་རྩོན་གནང་རྒྱུའི་དགོངས་པ་ཡོད་སྐོར་བཀའ་སྩལ་འདུག

རྒྱ་གར་ལ་དམག་སྟོབས་ཀྱི་ཆ་ནས་ཚུར་རྒོལ་བྱེད་མཁན་ཡོངས་ལ་གདོང་ལེན་བྱ་རྒྱུའི་ནུས་པ་ལྡན་ཡོད།

རྒྱ་གར་གྱི་བདེ་སྲུང་བློན་ཆེན་སྐུ་ཞབས་Rajnath Singh མཆོག་གིས་རྒྱ་གར་ངོས་ནས་སྔར་ལོ་ལ་དྭགས་གྷལ་ཝན་ཁུལ་གྱི་ས་མཚམས་ཀྱི་རྩོད་རྙོག་ཁྲོད་ཚེ་སྲོག་ཤོར་བའི་རྒྱ་གར་གྱི་མཐའ་མཚམས་དམག་མི་རྣམ་པའི་བློས་གཏོང་དེ་ནམ་ཡང་བརྗེད་རྒྱུ་མིན་སྐོར་འགྲེལ་བརྗོད་དང་འབྲེལ། རྒྱ་གར་ལ་དམག་སྟོབས་ཆ་ནས་ཡུལ་འདིར་ཚུར་རྒོལ་བྱེད་མཁན་ཡོངས་ལ་གདོང་ལེན་བྱ་རྒྱའི་ནུས་པ་ཡོད་སྐོར་གསུངས་འདུགདེའང་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ནང་གསལ་ལྟར་ན། སྐུ་ཞབས་ Rajnath Singh མཆོག་རྒྱ་གར་གྱི་དམག་སྤྱི་ཆེན་མོ་ Gen. Manoj Mukund Naravane ལགས་དང་ལྷན་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་དུ་གཞུང་འབྲེལ་གྱིས་ཆེད་ཕེབས་གནང་སྟེ་ཉིན་གསུམ་རིང་ལ་ས་ཁུལ་དེར་ཡོད་པའི་རྒྱ་གར་གྱི་མཐའ་དམག་གི་དཔོན་རིགས་རྣམས་དང་ཐུག་འཕྲད་ཀྱིས་ས་མཚམས་ཁུལ་གྱི་དམག་དོན་ཐད་གཟིགས་ཞིབ་གནང་བཞིན་ཡོད་པ་མ་ཟད། ཁོང་གིས་ཁ་སང་ལ་དྭགས་ཀྱི་དམག་མི་རྣམས་ལ་གཏམ་བཤད་གནང་བའི་སྐབས། གཞི་རྩའི་རྒྱ་གར་ནི་དུས་རྒྱུན་ནས་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་ལྷན་དུ་དཀའ་ངལ་ཡོད་ཚད་གྲོས་མོལ་བརྒྱུད་ནས་སེལ་རྒྱུར་ཡིད་ཆེས་བྱེད་མཁན་ཞིག་ཡིན་རུང་། ཚུར་རྒོལ་བྱེད་མཁན་རིགས་ལ་བཟོད་བསྲན་བྱེད་ཐབས་བྲལ་བ་དང་། དམགས་སྟོབས་ཆ་ནས་རྒྱ་གར་ལ་ཚུར་རྒོལ་དེའི་རིགས་ལ་གདོང་ལེན་བྱ་རྒྱུའི་ནུས་པ་ཆ་ཚང་ཡོད་པ་གསུངས་འདུགདེ་བཞིན་ཁོང་གིས། རྒྱ་གར་གྱིས་ད་ལྟའི་བར་དུ་རྒྱལ་ཁབ་གཞན་སུ་ཞིག་ལ་ཡང་དཔུང་འཇུག་བྱེད་མ་མྱོང་ཞིང་གཞན་གྱི་ས་སོར་གང་ཙམ་ཡང་དབང་བསྒྱུར་བྱེད་མྱོང་མེད་པར་མངོན་གསལ་གྱིས། རྒྱ་གར་གྱིས་དུས་རྒྱུན་རྒྱལ་ཁབ་གཞན་ཞིག་ལས་རྣམ་པར་རྒྱལ་འདོད་ཀྱི་དམིགས་འབེན་བཅིངས་མྱོང་མེད་སྐོར་གསུངས་འདུག རྩ་བའི་རྒྱ་གར་གྱི་བདེ་སྲུད་བློན་ཆེན་མཆོག་གིས་ཐེངས་འདིའི་ལ་དྭགས་ཁུལ་གྱི་གཞུང་འབྲེལ་ཕྱོགས་བསྐྱོད་དང་འབྲེལ། ཁ་སང་རེས་གཟའ་ཟླ་བའི་ཉིན་དྲ་ལམ་ནས། མཐའ་མཚམས་ཀྱི་གཞུང་ལམ་འཛུགས་སྐྲུན་དོ་དམ་ལས་ཁུངས་ཀྱིས་གསར་རྒྱག་བྱས་པའི་ཟམ་ཆེན་ཁྱོན་ ༦༣ དབུ་འབྱེད་གནང་ཡོད་པ་དང་། དེའང་ལ་དྭགས་ནང་གི་ཟམ་ཆེན་ ༡༡ དང་། ཨ་རུ་ན་ཅལ་ནང་ ༢༩ ཨུ་ཊ་ར་ཁན་ཁུལ་དུ་ཟམ་ཆེན་ ༦ Jammu Kashmir ནང་ ༤ ཧི་མ་ཅལ་ནང་གསུམ། འབྲས་ལྗོངས་ནང་དྲུག གཞན་ཡང་ Manipur དང་ Nagaland ནང་གཅིག་རེ་བཅས་དབུ་འབྱེད་གནང་འདུག ཟམ་ཆེན་དེ་དག་གི་བཟོ་བསྐྲུན་འཆར་འགོད་པས་གསར་ལམ་ཁག་ལ། ཐེངས་འདིའི་ཟམ་ཆེན་དེ་དག་གིས་མཐའ་དམག་ཙམ་མ་ཡིན་པར་ས་གནས་ཡུལ་མི་དང་ཡུལ་སྐོར་སྤྲོ་འཆམ་པ་བཅས་ལ་ཕན་ནུས་ཆེན་པོ་ལྡན་རྒྱུ་ཡིན་པ་གསུང་ཡོད་པ་རེད་འདུག དེའི་བར་ན་ཟླ་འདིའི་ཚེས་༢༥ཡིན། རྒྱ་ནག་དམར་ཤོག་སྲིད་གཞུང་བཙུགས་ནས་མི་ལོ་ཧྲིལ་བོ་བརྒྱ་འཁོར་གྱི་ཡོད་པའི་རྒྱལ་སྟོན་དུས་ཆེན་དང་བསྟུན་ནས།  རྒྱ་ནག་སྲིད་གཞུང་གིས་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྷ་ཉིང་ལྕགས་ལམ་དངོས་སུ་སྒོ་འབྱེད་ཀྱིས་བོད་ཁུལ་གྱི་ཆེས་ཐོག་མའི་གློག་རླངས་ཅན་གྱི་ཤུགས་འགྲེམས་མེ་འཁོར་ཐོག་མ་དེ་བོད་ཁུལ་དུ་ཆེད་གཏོང་བྱས་ཡོད་པ་རེད།ཐེངས་འདིའི་བོད་ཁུལ་གྱི་ལྷ་ཉིང་གི་མེ་འཁོར་ལྕགས་ལམ་དེར་ཕུག་ལམ་༤༩ དང་ཟམ་ཆེན་ ༡༢༡ ལྷག་གིས་གྲུབ་ཡོད་པ་མ་ཟད། ལྷ་ས་དང་ཉིང་ཁྲི་བར་དུ་སྤྱི་ལེ་ ༡༧༠༠ ལྷག་ཡོད་པའི་འགྲིམ་འགྲུལ་དེ་ཆུ་ཚོད་ ༤༨ ནས་ཆུ་ཚོད་ ༡༣ རིང་གི་འགྲུལ་ལམ་དུ་བཟོ་སྐྲུན་བྱས་ཡོད་པར་བསྒྲགས་འདུག རྒྱ་ནག་གི་གཞུང་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལྷ་ཉིང་ལྕགས་ལམ་འདི་ཉིད་ལྷ་ས་དང་ལྷོ་ཁ། ཉིང་ཁྲི་བཅས་གྲོང་ཁྱེར་གསུམ་དུ་ཁྱབ་ཡོད་ཅིང་། ལམ་རྒྱུད་དུ་བོད་ལྗོངས་ཀྱི་མི་འབོར་སྟུག་པོའི་ས་ཁོངས་བརྒྱུད་དགོས་པ་དང་། ལྕགས་ལམ་ཤར་གཏོང་ཐུབ་པ་དེས་ལྷ་ས་དང་ལྷོ་ཁ། ཉིང་ཁྲི་བཅས་ཀྱི་བར་དུ་འགྲོ་སྐྱོད་བྱེད་པའི་དུས་ཚོད་སྔར་བས་ཇེ་ཐུང་དུ་གཏོང་རྒྱུ་ཡིན་པ་མ་ཟད། དངོས་ཟོག་སྐྱེལ་འདྲེན་སྔར་ལྷག་ཤུགས་ཆེར་གཏོང་རྒྱུ་ཡིན་སྐོར་འཁོད་འདུག ཐེངས་འདིའི་རྒྱ་ནག་གིས་ཤར་གཏོང་བྱས་པའི་ལྷ་ཉིང་གི་མེ་འཁོར་དེ་ནི་ལྷོ་བོད་ཁུལ་གྱི་ས་མཚམས་སུ་ཁེལ་གྱི་ཡོད་སྟབས། རྒྱ་གར་གྱི་བྱང་ཤར་གྱི་མངའ་སྡེ་འབྲས་ལྗོངས་དང་ས་ཐག་ཉེ་བའི་འཕགས་བོད་ཀྱི་མཐའ་མཚམས་ཁུལ་གྱི་གློག་རླངས་ཀྱི་མེ་འཁོར་དང་པོ་དེ་ཆགས་ཀྱི་ཡོད་པ་རེད་འདུགགཞི་རྩའི་སྔར་ལོའི་འཕགས་བོད་ས་མཚམས་ཀྱི་གྷལ་ཝན་ལུང་གཤོངས་སུ་རྒྱ་དཀར་ནག་གི་དམག་མིའི་བར་གདོང་ཐུག་བྱུང་སྟེ་ཕྱོགས་གཉིས་ཀྱི་མཐའ་དམག་ཤི་རྨས་ཐེབས་པའི་གནད་དོན་དང་འབྲེལ་ནས། ད་བར་ཕྱོགས་གཉིས་ཀྱི་དམག་དོན་སྐུ་ཚབ་བར་ལ་གྲོས་མོལ་ཐེངས་ ༡༡ བྱས་ཟིན་ནའང་ད་དུང་མཐའ་མཚམས་ཁག་གི་དམག་མི་རྣམས་ཡོངས་སུ་ཕྱིར་འཐེན་བྱེད་རྒྱུར་གྲོས་འཆམ་བྱུང་མེད་སྟབས། ད་ལྟའི་ཕྱོགས་གཉིས་ནས་འཕགས་བོད་མཐའ་མཚམས་ཁུལ་དུ་འཛུགས་སྐྲུན་གྱི་ལས་གཞིའི་རྣམ་གྲངས་ཤུགས་ཆེ་རུ་བཏང་སྟེ་ཕྱོགས་སོ་སོའི་མཐའ་དམག་གི་དཔུང་ཁག་ངོམ་བཞིན་པ་རེད་འདུག  

རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པར་མནར་གཅོད་གཏོང་བཞིན་པར་མངོན་གསལ།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རང་དབང་ཅན་གྱི་ཆེད་མཁས་མི་སྣས་སེམས་འཚབ་དང་སྦྲགས་ཏེ་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པར་ཁ་རྡུང་དང་སུན་གཙེར་བཟོས་པ། དེ་བཞིན་ཁྲིམས་མེད་ལུགས་མེད་ཀྱིས་འཛིན་བཟུང་བྱས་ནས་ཡུན་རིང་བཙོན་འཇུག་དང་ཡང་ན་བཙོན་འོག་ཏུ་བཞག་པ་སོགས་མངོན་གསལ་གནང་འདུགདེ་རིང་ Business Standard གཙོས་བརྒྱུད་ལམ་གཞན་ཁག་ནས་གནས་ཚུལ་ཐོན་ཁག་ལ་གཞིགས་ན། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ཞི་བའི་ཐོག་ནས་ལས་དོན་གཉེར་མཁན་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཚོར་སྨན་བཅོས་ཀྱི་མཐུན་རྐྱེན་མ་སྦྱར་བ་དང་ཁྲིམས་རྩོད་པ་གླ་མི་ཆོག་པ། དེ་བཞིན་ནང་མི་དང་ཐུག་འཕྲད་གནང་བར་འགོག་རྐྱེན་བཟོས་སྐོར་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་བསྒྲགས་གཏམ་ནང་གསལ་པོ་འཁོད་འདུག རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ལྕམ་སྐུ་ Mary Lawlor ལགས་ཀྱིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པར་ནག་ཉེས་འདྲ་མིན་སྙོན་འཛུགས་ཀྱིས་བཙོན་ཁང་དུ་ཡུན་རིང་བཞག་པ་དང་ལྷག་པར་དུ་འཛིན་བཟུང་དོ་དམ་སྐབས་ཁ་རྡུང་དང་བསུན་གཙེར་བཟོས་པ། དེ་བཞིན་སྨན་བཅོས་ཀྱི་མཐུན་རྐྱེན་སྦྱར་གྱི་མེད་པས་རྒྱ་གཞུང་གིས་དེ་འབྲེལ་བྱ་ངན་རྣམས་འཕྲལ་མར་མཚམས་འཇོག་དགོས་པ་གསུངས་འདུག  ཁོང་གིས་ད་དུང་རྒྱལ་ཚོགས་ཀྱིས་ལོ་མང་རིང་རྒྱ་གཞུང་ལ་དེ་འབྲེལ་གྱི་བྱ་སྤྱོད་མཚམས་འཇོག་དགོས་པའི་ཞུ་སྐུལ་ཐེངས་མང་གནང་ཡོད་ཀྱང་། རྒྱ་ནག་གི་བཙོན་ཁང་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཚོར་མནར་གཅོད་སོགས་ཀྱི་བྱ་འགུལ་སྤེལ་བ་ནི་རྒྱུན་ལྡན་གྱི་བྱ་བཞག་ལྟ་བུར་གྱུར་བའི་སྙན་ཐོ་ཆེས་མང་དག་ཅིག་འབྱོར་བྱུང་ཞེས་གསུངས་འདུག ཁོང་གིས་རྒྱ་ནག་གི་བཙོན་ནང་གདུག་རྩུབ་མནར་གཅོད་མྱངས་པ་དང་བཙོན་ནང་འདས་གྲོངས་སུ་གྱུར་བ། དེ་བཞིན་གར་སོང་ཆ་མེད་དུ་གྱུར་བའི་རྒྱ་རིགས་ཁྲིམས་རྩོད་པ་ Gao Zhisheng  ལགས་དང་གཞན་ཁག་ཅིག་གི་གནད་དོན་ཡང་ལུང་འདྲེན་གནང་འདུག་པ་མ་ཟད།  Lawlor ལགས་ཀྱིས་རྒྱ་གཞུང་གིས་ནག་ཉེས་རྫུན་མ་བཙུགས་པ། དཔེར་ན་འཁྲུག་རྩོད་རྒྱག་པ་དང་འཁྲུག་པ་སློང་བའི་རྐྱེན་གྱིས་ལོ་བཅུ་འམ་དེ་ལས་མང་བ་བཙོན་འཇུག་བྱས་པ་འགྲོ་བ་མིའི་ཐོབ་ཐང་གི་རྩོད་ལེན་པ་ ༡༣ ཙམ་གྱི་གནད་དོན་ཤེས་ཀྱི་ཡོད་པ་དང་། རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཚོ་ཁ་ཁུ་སིམ་པོ་བཟོ་རྒྱུ་དང་ཁོང་ཚོའི་ལས་དོན་ལ་འགོག་རྐྱེན་བཟོ་ཆེད་ཁྲིམས་མེད་ལུགས་མེད་ཀྱིས་བཙོན་འཇུག་བྱས་པ་དང་། དེ་འབྲེལ་གྱི་ལས་དོན་ལ་མི་ཞུགས་སླད་འཇིགས་སྐུལ་སོགས་བྱས་དང་བྱེད་པ་ནི་དུས་ནམ་ཡང་འགྲིག་ཐབས་མེད་པར་གསུངས་འདུག ལྷག་དོན་ཁོང་གིས་རྒྱ་གཞུང་ནས་དོ་དམ་བཀག་སྐྱིལ་འོག་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་དེ་མ་ཐག་གློད་བཀྲོལ་དང་ལྷག་པར་ཁོང་རྣམས་ཀྱི་ནང་མི་སྤུན་ཉེ་འབྲེལ་ལ་སུན་པོ་མ་བཟོ་བར་དོ་བདག་སོ་སོ་ནས་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་རྣམས་མུ་མཐུད་སྤེལ་འཇུག་དགོས་པའི་ཞུ་སྐུལ་གནང་འདུག ད་ལན་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་དང་རྒྱལ་ཚོགས་ཀྱི་ཆེད་མཁས་པ་ལྕམ་སྐུ་ Mary Lawlor ལགས་ཀྱིས་ཞུ་སྐུལ་ལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་དང་ཚོགས་མི་ ༡༢ ཙམ་ནས་རྒྱབ་སྐྱོར་གནང་འདུག རྩ་བའི་རྒྱ་ནག་གིས་བོད་མི་གཙོས་ཡུ་གུར་ཁ་ཆེ་མི་རིགས་དང་གཞུང་ལ་སྐྱོན་འཛུགས་བྱེད་མཁན་གྱི་རྒྱ་རིགས་ཚོར་ཆེས་དམ་དྲག་དང་དྲག་གནོན་བྱེད་ཀྱི་ཡོད་པར་བརྗོད་མི་དགོས་ཀྱང་། ལྷག་པར་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་རྒྱ་གཞུང་གིས་བོད་མི་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པར་ནག་ཉེས་འདྲ་མིན་གཡོགས་ཏེ་ལོ་མང་རིང་བཙོན་འཇུག་དང་དེ་བཞིན་བཙོན་ནས་གློད་བཀྲོལ་རྗེས་འཕྲོད་བསྟེན་གྱི་གནས་བབ་ཇེ་སྡུག་ཏུ་སོང་རྐྱེན་འདས་གྲོངས་སུ་གྱུར་བ་མ་ཟད། ཁག་ཅིག་བཙོན་ཁང་ནང་དུ་སྡུག་སྦྱོང་ཚད་མེད་བཏང་བར་བརྟེན་འདས་གྲོངས་སུ་གྱུར་གྱི་ཡོད་པ་མ་ཟད། ད་དུང་ནང་མིར་ཤིན་པོའི་ཕུང་པོ་རྩིས་མ་སྤྲོད་པ་སོགས་བྱེད་ཀྱི་ཡོད་པ་རེད།

Latest news