Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: September, 2021

རེས་གཟའ་ཕུར་བུ། ༢༠༢༡།༠༩།༣༠

ཉན་པ།: Listen ཕབ་ལེན། Download བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གཞུང་གི་རྒྱབ་ཤ་དཀར་པོའི་ཡིག་ཆར་ལན་འདེབས་ཀྱི་ཕྱག་དེབ་འདོན་སྤེན། རྫོ་དབོན་པོ་ཁུལ་ནས་འཛིན་བཟུང་བྱས་པའི་དགེ་འདུན་པ་གསུམ་མ་གཏོགས་གཞན་རྣམས་གྲོད་བཀྲོལ། བདམས་ཐོན་སྤྱི་འཐུས་ཀྱི་དམ་འབུལ་དང་འབྲེལ་བའི་དཀའ་ངལ་ནང་འགྲིག་མ་ཐུབ་པར་༸གོང་ས་མཆོག་ལ་བཀའ་སློབ་ལམ་སྟོན་ཆེད་ལྷ་སྙན་སྒྲོན་འབུལ་ཞུས་པ། ༸གོང་ས་མཆོག་གི་གོ་ལའི་ཕུགས་བསམ་ཞེས་པའི་ཚོགས་འདུ་འཚོགས་འཆར། ནད་གཞི་ཕོག་མཁན་མང་ཆེ་བ་དྷ་ས་གཙོས་བྷེལ་ཀོབ་ནས་ཆགས་ཀྱང་ཛ་དྲག་མེད་པ་གསུངས་ཡོད། ཨིན་ཡུལ་གྱི་ངལ་རྩོལ་ཆབ་སྲིད་ཚོགས་པའི་ལོ་འཁོར་ཚོགས་ཆེན་དང་བསྟུན་བོད་དོན་འགྲེམས་སྟོན། རྒྱ་ནག་གི་མཐའ་དམག་རྒྱ་གར་ནང་དུ་འཛུལ་ནས་འཛུགས་སྐྲུན་ལས་གཞིར་གཏོར་བཅོམ། Thursday 30/09/2021 CTA issues response to China’s white paper on Tibet ahead of PRC National Day Dza Wonpo: Arrested Tibetans released except for 3, situation still tense TPiE Stalemate: Elected members appeal Dalai Lama for intervention Power of Compassion: Dalai Lama global vision summit to be held next month Tibetans participate in Labour Party’s annual conference Chinese soldiers transgress into Uttrakhand, steps up Tibetan soldier recruitment drive

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གཞུང་གི་རྒྱབ་ཤ་དཀར་པོའི་ཡིག་ཆར་ལན་འདེབས་ཀྱི་ཕྱག་དེབ་འདོན་སྤེན།

དེ་རིང་ཕྱི་ཟླ་ ༩ ཕྱི་ཚེས་ ༣༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག་དེ་སྔ་ཕྱི་ཟླ་ ༥ པའི་ནང་ལ་རྒྱ་ནག་གཞུང་གིས་བོད་ཐོག་བཏོན་པའི་རྒྱབ་ཤ་དཀར་པོའི་ཡིག་ཆར་ལན་འདེབས་ཀྱིས་དཔེ་དེབ་ཅིག་འདོན་སྤེན་གནང་སོང་། འདི་ལོའི་ཕྱི་ཟླ་ ༥ ཕྱི་ཚེས་ ༢༡ ཉིན་རྒྱ་ནག་གཞུང་ནས་བོད་ཞི་བའི་བཅིངས་གྲོལ་ཟེར་བ་བཏང་ནས་ལོ་ངོ་ ༧༠ འཁོར་བ་ཞེས་པའི་དུས་སྐབས་དང་བསྟུན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲིལ་བསྒྲགས་ཚན་པས་རྒྱལ་ས་པེ་ཅིང་དུ་སླར་ཡང་རྒྱབ་ཤ་དཀར་པོའི་ཡིག་ཆ་ཞིག་འདོན་སྤེལ་བྱས་ཏེ། རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་ ༧༠ ནང་ལ་བོད་མི་གཙོ་བོར་གྱུར་བའི་རྒྱ་ནག་མི་མང་ཡོངས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་། བོད་མིའི་བདེ་དོན་ལ་དམིགས་ཏེ་འཛུགས་སྐྲུན་ལས་གཞི་རྒྱ་བསྐྱེད་བཏང་སྟེ་དཔལ་འབྱོར་གྱི་གནས་བབ་ཡར་རྒྱས་ཚད་མཐོར་བཏང་ཡོད་ཚུལ་སོགས་འགྲེལ་བརྗོད་བྱས་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་རྒྱ་ནག་དབུས་གཞུང་གིས་ངོས་འཛིན་བཀའ་འཁྲོལ་ཐོག་ནས་ཐག་གཅོད་བྱ་རྒྱུ་ཡིན་ཚུལ་སོགས་བཤད་ཡོད་པ་རེད། དེ་རིང་བོད་མིའི་སྒྲིག་འཛུགས་ནས་རྒྱ་ནག་གཞུང་གིས་འདོན་སྤེལ་བྱས་པའི་རྒྱབ་ཤ་དཀར་པོའི་ཡིག་ཆ་ལ་ལན་འདེབས་ཀྱིས་ Tibet 70 Years of Occupation and Oppression ཞེས་ལོ་ངོ་ ༧༠ བཙན་འཛུལ་དང་གཉའ་གནོན་བྱས་པའི་བོད་ཅེས་འཁོད་པའི་དཔེ་དེབ་གསར་པ་ཞིག་འདོན་སྤེལ་གནང་པ་འདི་བཞིན་འདས་པའི་ཟླ་བ་བཞི་ལྷག་གི་རིང་ལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་བསྟན་འཛིན་བདེ་གསལ་ལགས་ཀྱིས་རྐང་འགན་བཞེས་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ལས་ཐོག་དང་ཟུར་པ། དེ་བཞིན་འབྲེལ་ཡོད་ཕྱི་ནང་གི་སློབ་སྟོན་པ་མི་ཉུང་བ་ཞིག་གི་སློབ་སྟོན་སོགས་ལ་བསྟེན་རྩོམ་སྒྲིག་ཞུས་པ་ཞིག་ཆགས་ཀྱི་ཡོད་པ་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ལན་འདེབས་ཀྱི་དཔེ་དེབ་དབུ་འབྱེད་དང་སྦྲགས། སྤྱི་ཡོངས་ནས་རྒྱ་ནག་གཞུང་ནས་གནད་དོན་གང་འདྲ་ཞིག་འགྲེལ་བརྗོད་བྱས་ཀྱང་རྒྱ་ནག་རང་ཉིད་ཀྱི་ཁེ་ཕན་ཁོ་ན་སྒྲུབ་རྒྱུ་དང་། ལྷག་པར་དུ་བྱེད་བབ་དེ་དག་བརྒྱུད་རྒྱ་མི་རིགས་གཙོས་པའི་རྒྱལ་སྤྱིའི་སྤྱི་ཚོགས་བསླུ་བྲིད་བྱེད་རྒྱུར་དམིགས་པ་ཞིག་ཡིན་པ་གསལ་པོ་རེད་ཅེས་གསུངས་ཡོད། ལན་འདེབས་ཀྱི་དཔེ་དེབ་ནང་འཁོད་པའི་དོན་ཚན་ཁག་ཞིབ་ཕྲ་ངོ་སྤྲོད་དང་སྦྲགས། དཔེ་དེབ་འདི་རྒྱ་ནག་གཞུང་ལ་ལན་འདེབས་ཤིག་ཆགས་པ་ཙམ་མ་ཟད། རྒྱལ་སྤྱིའི་ཐོག་ལ་བོད་དོན་ངོ་སྤྲོད་གནང་རྒྱུར་ཕན་ཐོག་ཡོད་པ་ཞིག་ཡིན་སྟབས། བོད་མི་ཚོས་ངོས་ནས་ཀྱང་ལན་འདེབས་ཀྱི་དཔེ་དེབ་དེར་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་སོང་། ལྷག་པར་དུ་སྲིད་སྐྱོང་མཆོག་ནས་མ་འོངས་པའི་གནད་དོན་དེ་གལ་ཆེན་པོ་ཞིག་ཡིན་སྟབས། རྒྱ་ནག་གཞུང་ནས་བོད་རྒྱའི་དཀའ་རྙོག་སེལ་འདོད་ཀྱི་བློ་ཞིག་ཡོད་པ་ཡིན་ན་བསམ་བློ་མདུན་ཕྱོགས་སུ་བཏང་སྟེ་བོད་དང་འབྲེལ་བའི་འཁྱོགས་བཤད་དྲིལ་བསྒྲགས་རིགས་སྤེལ་མཚམས་འཇོག་དགོས་པ་གསུངས་ཡོད། གཞི་རྩའི་ད་རེས་བོད་མིའི་སྒྲིག་འཛུགས་ནས་འདོན་སྤེན་གནང་པའི་རྒྱ་ནག་གཞུང་གིས་བོད་དོན་ཐོག་བཏོན་པའི་རྒྱབ་ཤ་དཀར་པོའི་ཡིག་ཆ་ལ་ལན་འདེབས་ཀྱི་དཔེ་དེབ་དེའི་ནང་ལ་བོད་དང་རྒྱ་ནག་གཉིས་ཀྱི་ལོ་རྒྱུས་གནས་བབ་དང་། རྒྱ་ནག་གཞུང་གིས་བཅིངས་གྲོལ་ཟེར་བའི་ཐ་སྙད་འོག་བོད་བཙན་འཛུལ་བྱས་པ། བཙན་དབང་འོག་ཆིངས་ཡིག་དོན་ཚན་ ༡༧ ཞེས་པ་དེ་བཞག་པའི་གནས་སྟངས། འཛུགས་སྐྲུན་གྱི་མིང་བྱང་འོག་བོད་མི་གཙོས་པའི་རྒྱལ་སྤྱིའི་མི་མང་བསླུ་བྲིད་བྱེད་བཞིན་པ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གཙོས་པའི་སྐད་ཡིག་གི་རང་དབང་དང་། ལོ་ངོ་ ༧༠ རིང་ལ་བོད་ཀྱི་ཁོར་ཡུག་གཏོར་སྐྱོན་བཏང་པ་སོགས་རྒྱ་ནག་གཞུང་གིས་བཏོན་པའི་རྒྱབ་ཤ་དཀར་པོའི་ཡིག་ཆའི་ནང་འཁོད་པའི་དོན་རེ་རེ་ཐོག་ལ་ལན་འདེབས་གནང་འདུག རྒྱ་ནག་གཞུང་ནས་བོད་རྒྱའི་དཀའ་རྙོག་འདི་སྣང་མེད་དུ་གཏོང་ཐབས་མེད་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་ནས་ད་བར་བོད་ཐོག་ལག་བསྟར་བྱེད་བཞིན་གདུག་རྩུབ་ཅན་གྱི་སྲིད་བྱུས་ཁག་ལམ་ལྷོང་བྱུང་མེད་པ་ཤེས་པའི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཐོག་ལ་གོམ་པ་སྤོ་དགོས་པ་སོགས་བཀོད་འདུག

རྫ་དབོན་པོ་ཁུལ་ནས་འཛིན་བཟུང་བྱས་པའི་དགེ་འདུན་པ་གསུམ་མ་གཏོགས་གཞན་རྣམས་གློད་བཀྲོལ།

རྫ་སྨད་དབོན་པོ་ཁུལ་དུ་རྒྱ་གཞུང་གིས་དམ་དྲག་ཤུགས་ཆེར་བྱེད་བཞིན་པའི་ཁྲོད་ཕྱི་ཟླ་ ༨ ཚེས་ ༢༢ ནས་ད་བར་ཟླ་བ་གཅིག་ཙམ་གྱི་ནང་བོད་མི་ ༡༢༡ ཙམ་བཀག་ཉར་བྱས་ཡོད་པ་དང་དེའི་ཁོངས་ནས་དེ་སྔ་བོད་མི་ ༤ མ་གཏོགས་གཞན་བོད་མི་ ༡༡༧ ཙམ་བཀག་ཉར་བྱེད་བཞིན་པ་ལྟར་ཉེ་ཆར་བོད་ནས་གནས་ཚུལ་འབྱོར་གསལ་ལ་བཙོན་འཇུག་འོག་ཡོད་པའི་བོད་མི་དེ་དག་གི་ཁོངས་ནས་དགེ་འདུན་པ་གསུམ་མ་གཏོགས་གཞན་རྣམས་གློད་བཀྲོལ་བཏང་ཡོད་པ་རེད་འདུགདེ་རིང་རླུང་འཕྲིན་ཁང་ལ་འབྲེལ་ཡོད་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བར་ཉེ་ཆར་ཟླ་ ༩ ཚེས་ ༢༣ དང་ ༢༦ དེ་བཞིན་ ༢༧ བཅས་ལ་རྫ་སྨད་དབོན་པོ་ཁུལ་ནས་འཛིན་བཟུང་བྱས་པའི་བོད་མི་སེར་སྐྱ་མང་དག་ཅིག་གློད་བཀྲོལ་བཏང་ཡོད་ཀྱང་། དགེ་འདུན་པ་གསུམ་ད་དུང་བཀག་ཉར་བྱེད་བཞིན་ཡོད་པ་དང་། དགེ་འདུན་པ་དེ་དག་ནི་ཟླ་ ༩ ཚེས་ ༣ ཉིན་འཛིན་བཟུང་བྱས་པའི་དགེ་འདུན་པ་ ༦ ཡོད་ཁོངས་ནས་ཡིན་པར་གསུངས་ཡོད། ས་གནས་མང་ཚོགས་རྣམས་ཀྱིས་གསུངས་པར་གཞིགས་ཚེ་ད་ལྟ་མུ་མཐུད་ནས་བཀག་ཉར་འོག་ཡོད་པའི་དགེ་འདུན་པ་གསུམ་པོ་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་བ་མེད་སྟབས། ཁོང་རྣམས་གང་མགྱོགས་གློད་བཀྲོལ་ཡོང་བའི་རེ་བ་གནང་བཞིན་ཡོད་པ་རེད། དེའི་བར་ན་ཟླ་ ༩ ཚེས་ ༢༦ ཉིན་གྱི་ཕྱི་དྲོར་ཉེན་རྟོག་པས་དགེ་འདུན་པ་དེ་དག་གི་ཁོངས་ནས་གཅིག་གི་གྲྭ་ཤག་ལ་བསྐྱར་དུ་བསྔོགས་བཤེར་བྱས་འདུག ཟླ་བ་གཅིག་ཙམ་གྱི་བཀག་ཉར་འོག་བོད་མི་རྣམས་ལ་ཟས་ཧ་ཅང་ཞན་པོ་དང་རྡུང་རྡེག་བཏང་བའི་མནར་གཅོད་མྱངས་ཡོད་པ་མ་ཟད་བཀག་ཉར་འོག་སློབ་གསོའི་ལས་རིམ་ཤུགས་ཆེར་སྤེལ་ཏེ་བོད་མི་དེ་དག་ལ་རྒྱལ་ཁབ་ལ་དགའ་ཞེན་དགོས་པ་དང་ཏཱ་ལའི་ཁ་བྲལ་རུ་ཚོགས་དང་འབྲེལ་བ་བྱ་རྒྱུ་མེད་པ། ༸གོང་ས་མཆོག་གི་༸སྐུ་པར་ཉར་ཚགས་མི་ཆོག་པ་སོགས་རྒྱལ་ཁབ་ལ་གནོད་པའི་བྱ་སྤྱོད་སྤེལ་རྒྱུ་མེད་པ་སོགས་ཀྱི་སློབ་གསོ་ངན་པ་རིགས་སྤྲད་པ་མ་ཟད་བོད་མི་དེ་དག་གི་ཁ་པར་བསྔོགས་བཤེར་དང་། སྤུན་ཉེ་འབྲེལ་སོགས་ལ་འདྲི་རྩད་ཀྱིས་སུན་གཙེར་བཟོས་པ། དེ་བཞིན་བཀག་ཉར་འོག་དམག་གི་སྦྱོར་བརྡར་སྤྲད་པ་སོགས་ཀྱི་གནད་དོན་འོག་མི་སྤྱོད་ལས་འདས་པའི་རྡུང་རྡེག་བཏང་ཡོད།དེ་བཞིན་རྫ་སྨད་དབོན་པོ་མང་ཚོགས་ཀུན་གྱི་ཐོག་དམ་དྲག་ཤུགས་ཆེར་བྱེད་བཞིན་པའི་ཁྲོད་སློབ་གསོའི་ལས་རིམ་ཤུགས་ཆེར་སྤེལ་བ་དང་། བོད་མི་རྣམས་ལ་ཚོགས་པ་འདྲ་མིན་གསར་འཛུགས་མི་ཆོག་པ། དེ་སྔ་ཡོད་པའི་ཕ་སྐད་སྲུང་སྐྱོབ་ཚོགས་པ་དང་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་སོགས་ཡོངས་རྫོགས་སྒོ་རྒྱག་དགོས་པའི་བཙན་བཀའ་བཏང་བ། གལ་ཏེ་ཚོགས་པ་ཞིག་གསར་འཛུགས་གནང་དགོས་ཚེ་ཚོགས་པ་དེ་དག་ནང་ས་གནས་གཞུང་གི་ལས་བྱེད་གང་རུང་ཞིག་ཆེད་བསྐོ་དགོས་པ། དེ་སྔ་རྒྱ་གཞུང་གིས་ལོ་ན་ ༡༨ མན་གྱི་བོད་མི་གཞོན་སྐྱེས་རྣམས་གྲྭ་བཙུན་གྱི་དགོན་པར་ཞུགས་མི་ཆོག་པའི་བཙན་བཀའ་བཏང་དོན་ལྟར་ད་ལྟའི་ཆར་བཙན་བཀའ་དེར་སྔར་ལྷག་གིས་ལག་བསྟར་བྱེད་བཞིན་པའི་ཁར་བོད་ཕྲུག་ཚོའི་ཕ་མ་རྣམས་ལ་དེ་ལྟར་གནང་རྒྱུ་མེད་པའི་ས་རྟགས་བཀོད་འཇུག་བཞིན་ཡོད་འདུགརྒྱ་གཞུང་གིས་རྫ་སྨད་དབོན་པོའི་ས་ཁུལ་དེ་གྲོང་སྡེར་སྒྱུར་གྱི་ཡོད་ལུགས་འོག་ཕྱི་ལོ་ ༢༠༡༦ལོ་ནས་ས་གནས་སུ་རྒྱ་ལམ་དང་ཟམ་པ་སོགས་ཀྱི་འཛུགས་སྐྲུན་རྒྱ་ཆེར་སྤེལ་མུས་ཁྲོད་ས་གནས་སུ་ཕ་བོང་ཆེན་པོར་དཔའ་ངར་ཅན་གྱི་དབོན་པོ་ཞེས་བོད་ཡིག་དང་རྒྱ་ཡིག་གཉིས་ཀའི་ཐོག་ཆེད་བཀོད་བྱས་ཡོད་པ་དང་། དེ་སྔ་ཕྱི་ལོ་ ༢༠༢༠ ལོར་ས་གནས་ལས་བྱེད་པ་ཁག་ཅིག་གིས་དཔའ་ངར་ཅན་གྱི་དབོན་པོ་ཞེས་པའི་ཚིག་བརྗོད་དེས་ས་གནས་སུ་བོད་མིའི་ཞི་རྒོལ་སོགས་ཀྱི་གནད་དོན་མང་པོ་བྱུང་ཡོད་པ་དེ་དག་ལ་གོ་སྐོར་བཤད་པར་བརྟེན་ཕ་བོང་ཆེན་པོ་དེ་གཏོར་དགོས་པར་བརྗོད་ཀྱང་། འཛུགས་སྐྲུན་གནང་མཁན་ཚོའི་ངོས་ནས་རྫ་དབོན་པོའི་ས་ཁུལ་དེ་༸གོང་ས་ལྔ་པ་ཆེན་པོའི་༸སྐུ་དུས་ནས་བཟུང་སྟེ་༸རྒྱལ་བ་༸སྐུ་ཕྲེང་ན་རིམ་དང་འབྲེལ་བ་ཆེན་པོ་ཡོད་པ་དང་། ས་གནས་མང་ཚོགས་ལ་ཆབ་སྲིད་ཀྱི་ཐོག་ནས་མ་ཡིན་པར་མི་རིགས་ཀྱི་ངོ་བོ་དང་འབྲེལ་བ་དམིགས་བསལ་ཡོད་པས་ཕ་བོང་ཐོག་ཚིག་བརྗོད་དེ་ལྟར་བཀོད་ཡོད་སྐོར་བཤད་འདུག ལས་བྱེད་ཁག་ཅིག་གིས་དེ་སྔ་ཕྱི་ལོ་ ༡༩༥༨ ལོར་ས་གནས་སུ་རྒྱ་མིའི་དམག་མི་འབྱོར་སྐབས་བོད་པ་ཚོས་དེར་གདོང་ལེན་ཤུགས་ཆེ་གནང་བ་དང་འབྲེལ་ཏེ་རྒྱ་མིའི་དམག་མི་ཕོན་ཆེ་འདས་གྲོངས་སུ་གྱུར་ཡོད་པ་ལ་སོགས་པའི་གནད་དོན་དང་འབྲེལ་བ་ཡོད་པས་ཚིག་བརྗོད་དེ་གནད་དོན་དེར་གོ་ལུགས་སོགས་ཀྱི་རྐྱེན་གྱིས་གཏོར་མེད་པ་དེ་ལྟར་ཡང་། ད་ལྟ་ས་གནས་སུ་ཛ་དྲག་གི་གནས་སྟངས་གྱུར་བ་དང་འབྲེལ་ལས་བྱེད་ཁག་ཅིག་གིས་གོ་སྐབས་བཟུང་སྟེ་ཕ་བོང་ཐོག་གི་ཚོག་བརྗོད་དེ་བསུབས་ནས་གཏོར་བཤིག་བཏང་ཡོད་པ་རེད།

 ༸གོང་ས་མཆོག་གི་གོ་ལའི་ཕུགས་བསམ་ཞེས་པའི་ཚོགས་འདུ་འཚོགས་འཆར།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཟླ་བ་ ༡༠ བའི་ཚེས་ ༡༠ ནས་ ༡༤ བར་དུ་བྱམས་སྙིང་རྗེ་བརྗོད་སྙིང་དུ་བཟུང་བའི་ཐོག་ནས།  བོད་ཀྱི་ནང་དོན་རིག་པའི་ཆེད་མཁས་བ་དང་ཡིག་བསྒྱུར་བ་སྐུ་ཞབས་ Robert Thurman ལགས་དང་། སྒོམ་སྒྲུབ་ཆེད་མཁས་བ་དང་རྩོམ་པ་པོ་ལྕམ་ Sharon Salzberg ལགས་སོགས་ཀྱི་རྒྱལ་སྤྱིའི་ཆོས་ལུགས་དང་ཚན་རིག་ཆེད་མཁས་བ་ཉི་ཤུ་ལྷག་དང་ལྷན་དུ་མགོན་པོ་གང་ཉིད་མཆོག་གི་གོ་ལའི་ཕུགས་བསམ་ཞེས་པའི་ལོ་འཁོར་གྱི་ཚོགས་འདུ་གཉིས་བའི་ཚོགས་མགོན་དུ་བཞུགས་ནས་བཀའ་སློབ་ལམ་སྟོན་སྩོལ་རྒྱུ་རེད་འདུགགཞི་རྩའི་ཐེངས་འདིའི་མགོན་པོ་གང་ཉིད་མཆོག་གི་མཛད་འཆར་དེ་ནི་ཁེ་ན་ཌར་རྟེན་གཞི་བྱས་པའི་ Lion’s Roar ཞེས་པའི་ལྟེ་གནས་ཁང་དང་ཨ་རིའི་བོད་ཁང་གཉིས་ཀྱིས་མཉམ་འབྲེལ་གྱིས་གོ་སྒྲིག་གནང་གི་ཡོད་པ་དང་།  ཚོགས་ཆེན་ཐོག་མགོན་མོ་གང་ཉིད་མཆོག་གིས་བྱམས་བརྩེའི་འགྱུར་ལྡོག་གི་ནུས་སྟོབས། བྱམས་བརྩེ་ཚན་རིག  གཞན་ཡང་ཉིན་རེའི་འཚོ་བའི་ཁྲོད་ཀྱི་བྱམས་བརྩེ། དེ་བཞིན་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཀྱི་བརྗོད་གཞིའི་སྟེང་བཀའ་སློབ་ལམ་སྟོན་སྩོལ་རྒྱུ་རེད་འདུག རྩ་བའི་༸གོང་ས་མཆོག་གི་གོ་ལའི་ཕུགས་བསམ་ཞེས་པའི་ལོ་འཁོར་གྱི་ཚོགས་འདུ་འདི་ནི་མགོན་པོ་གང་ཉིད་ཀྱི་དུས་རྒྱུན་ནས་ཁྱབ་སྤེལ་མཛད་བཞིན་པའི་བྱམས་སྙིང་རྗེ་བརྒྱུད་ནས་འཛམ་གླིང་འདིར་ཞབས་འདེགས་ཅི་ཞིག་སྒྲུབ་ཐུབ་པ་དང་། དེ་བཞིན་མི་སྒེར་དང་གོ་ལར་ཕན་ཐོགས་ཇི་འབྱུང་སོགས་ཀྱི་ཐད་ནས་གྲོས་བསྡུར་བྱེད་རྒྱུའི་གླེང་སྟེགས་ཤིག་ཆགས་ཡོད་འདུགགཞི་རྩའི་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྷ་རམ་ས་ལའི་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གི་གཟིམ་ཆུང་ནས་དྲྭ་རྒྱ་བརྒྱུད་བཀའ་ཆོས་དང་བཀའ་སློབ་ཁག་ཅིག་སྩལ་གཏན་ཁེལ་དོན་ལྟར་མཛད་འཆར་ཁག་ཅིག་ཡོངས་གྲགས་གནང་བའི་ནང་དུ། ཕྱི་ཟླ་ ༡༠ ཚེས་ ༩ དང་ཚེས་ ༡༠ བཅས་ཉིན་གཉིས་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་བཀའ་ཆོས་སྩོལ་རྒྱུ་དང་ཆོས་ཞུ་བའི་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་སྩོལ་རྒྱུ་མ་ཟད། ཕྱི་ཚེས་ ༢༦  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྷོལ་ཌར་ས་གནས་ཀྱི་ཀོ་ལོ་ར་ཌོ་གཙུག་ལག་སློབ་ཆེན་གྱི་རི་ནི་ཁཱརོན་བདེ་གནས་སློབ་གྲྭ་དང་སེན་ཌིའེ་གོའི་ཁ་ལི་ཕོ་ཉའི་གཙུག་ལག་སློབ་ཆེན་གྱི་བྱམས་བརྩེའི་སློབ་ཁང་གཉིས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་བྱམས་བརྩེའི་སྐོར་ལ་བཀའ་སློབ་སྩོལ་རྒྱུ་དང་དེ་རྗེས་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་སྩོལ་རྒྱུ་རེད་འདུག

བདམས་ཐོན་སྤྱི་འཐུས་ཀྱི་དམ་འབུལ་དང་འབྲེལ་བའི་དཀའ་ངལ་ནང་འགྲིག་མ་ཐུབ་པར་༸གོང་ས་མཆོག་ལ་བཀའ་སློབ་ལམ་སྟོན་ཆེད་ལྷ་སྙན་སྒྲོན་འབུལ་ཞུས་ཟིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་སྐྱིད་དུ་རྟེན་གཞི་བྱས་པའི་སྲིད་སྐྱོང་ཚོགས་ཁང་དུ་སྐབས་ ༡༧ པའི་བདམས་ཐོན་བོད་མི་མང་སྤྱི་འཐུས་རྣམ་པའི་དམ་འབུལ་དང་འབྲེལ་བའི་དཀའ་རྙོག་ཁག་གསལ་ཐབས་སླད་དུ་བདམས་ཐོན་སྤྱི་འཐུས་རྣམ་པའི་དབར་ཉིན་གྲངས་གཉིས་དང་ཕྱེད་ཀ་ཙམ་གྱི་རིང་ནང་མོལ་ཚོགས་འདུ་འཚོགས་ཏེ་ཚོགས་འདུའི་གྲུབ་དོན་ཐག་གཅོད་ཅི་བྱུང་ད་ལྟའི་ཆར་ཡོངས་གྲགས་གནང་རྒྱུ་མིན་པར་ཐུགས་ཐག་བཅད་ཡོད་ཀྱང་། ཁུངས་བདེན་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ཚེ་བདམས་ཐོན་སྤྱི་འཐུས་རྣམ་པའི་དབར་དམ་འབུལ་དང་འབྲེལ་བའི་ངལ་བ་དེ་ནང་འགྲིག་གནང་སྟེ་སེལ་རྒྱུའི་ཐབས་ལམ་ཞིག་གི་ཐོག་ཏུ་འབབ་མ་ཐུབ་སྟབས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་སློབ་ལམ་སྟོན་ཆེད་ལྷ་སྙན་སྒྲོན་འབུལ་ཞུ་རྒྱུར་གྲོས་འཆམ་བྱུང་དོན་ལྟར་ཁ་སང་ཉིན་རྒྱབ་ཏུ་བདམས་ཐོན་སྤྱི་འཐུས་རྣམ་པའི་སྐུ་ཚབ་ཁག་ཅིག་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཆེད་བཅར་གྱིས་མཚན་འཁོད་ཞུ་སྙན་དེ་དངོས་སུ་ཕུལ་ཟིན་ཡོད་པ་རེད་འདུགནང་མོལ་གྱི་བཞུགས་མོལ་ཚོགས་འདུ་སྐབས་སུ་གནད་དོན་ཐད་ལ་ཐག་གཅོད་གནང་སྐབས་ཚོགས་འདུར་ཆེད་བཅར་ཞུས་པའི་བདམས་ཐོན་སྤྱི་འཐུས་ ༤༤ ནས་གསུམ་ཆ་གཉིས་ཀྱི་མོས་མཐུན་རྒྱབ་སྐྱོར་དགོས་པ་བཟོས་ཡོད་པ་ལྟར་ཉིན་གྲངས་གཉིས་ལྷག་གི་རིང་ཚོགས་འདུ་ཐོག་བདམས་ཐོན་སྤྱི་འཐུས་རྣམ་པས་ད་ལྟའི་དཀའ་རྙོག་དེ་གསལ་ཐབས་སུ་བར་བརྒལ་ཚོགས་གཙོའི་མདུན་ནས་དམ་འབུལ་བཞེས་མཁན་དང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་མདུན་ནས་དམ་འབུལ་བཞེས་མཁན་གཉིས་ཀར་ངོས་ལེན་གནང་རྒྱུ་དང་། བདམས་ཐོན་སྤྱི་འཐུས་ཚང་མས་བཅའ་ཁྲིམས་དོན་ཚན་ ༤༧ དགོངས་དོན་ལྟར་བར་བརྒལ་ཚོགས་གཙོའི་མདུན་ནས་དམ་འབུལ་ཞུ་རྒྱུ་སོགས་ཁྱོན་ཐབས་ལམ་དང་དགོངས་འཆར་དོན་ཚན་བདུན་ཙམ་གྱི་ཐོག་གྲོས་བསྡུར་གནང་ཡོད་ཀྱང་མཐའ་མའི་ཐག་གཅོད་སྐབས་སུ་ཐབས་ལམ་དེ་དག་ལ་དགོས་ངེས་ཀྱི་རྒྱབ་སྐྱོར་ཐོབ་མེད་པ་རེད། དེ་དོན་བདམས་ཐོན་སྤྱི་འཐུས་རྣམ་པའི་དམ་འབུལ་དང་འབྲེལ་བའི་དཀའ་ངལ་གསལ་ཐབས་སུ་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་སློབ་ལམ་སྟོན་ཆེད་ལྷ་སྙན་སྒྲོན་འབུལ་ཞུ་རྒྱུའི་ཐོག་གྲོས་བསྡུར་གནང་མཐར་དེར་དགོས་ངེས་ཀྱི་མོས་མཐུན་རྒྱབ་སྐྱོར་བྱུང་འདུག་པ་ལྟར། ཐེངས་འདིའི་ནང་མོལ་ཚོགས་འདུ་གཙོ་སྐྱོང་གནང་མཁན་ཚོགས་ཟུར་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་སྒྲོལ་མ་ཚེ་རིང་ལགས། དེ་བཞིན་བར་བརྒལ་ཚོགས་གཙོ་ཟླ་བ་ཚེ་རིང་ལགས་བཅས་ཀྱིས་ཁ་སང་ཉིན་རྒྱབ་ཏུ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་གྱིས་མཚན་འཁོད་ཞུ་སྙན་དེ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ལྷ་སྙན་སྒྲོན་འབུལ་ཞུས་ཟིན་ཡོད་པ་རེད། རྩ་བའི་འདས་པའི་ཉིན་གྲངས་གཉིས་དང་ཕྱེད་ཀ་ཙམ་གྱི་རིང་འཚོགས་པའི་ནང་མོལ་ཚོགས་འདུའི་སྐོར་ལ་བདམས་ཐོན་སྤྱི་འཐུས་རྣམས་ནས་གསར་འགྱུར་བརྒྱུད་ལམ་ཁག་ལ་ཡོངས་གྲགས་གང་ཡང་གནང་མེད་པ་མ་ཟད། ཁ་སང་ཚོགས་འདུ་གྲོལ་ལ་ཉེ་བའི་མཚམས་སུ་རླུང་འཕྲིན་ཁང་གི་གསར་འགོད་པ་ཚོགས་ཁང་དུ་ཆེད་བཅར་ཞུས་ཏེ་ཚོགས་འདུའི་ཐག་གཅོད་སོགས་དང་འབྲེལ་བཀའ་འདྲི་ཞུ་ཐབས་ཞུས་ཡོད་ཀྱང་། ཚོགས་འདུ་གཙོ་སྐྱོང་བ་བདམས་ཐོན་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་ད་ལྟའི་ཆར་ནང་མོལ་ཚོགས་འདུའི་ཐག་གཅོད་སོགས་དང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ལ་གསུང་རྒྱུ་མེད་པར་ཐག་གཅོད་གནང་ཡོད་པ་ལྟར་གང་ཡང་གསུང་རྒྱུ་མེད་ཅེས་དང་། གལ་སྲིད་སླད་མར་དེ་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ལ་ཞུ་དགོས་རིགས་ཆགས་ཚེ་འབྲེལ་བ་གནང་ངེས་ཡིན་པར་གསུངས་ཡོད།

རྒྱ་ནག་གི་མཐའ་དམག་རྒྱ་གར་གྱི་ནང་དུ་འཛུལ་ནས་འཛུགས་སྐྲུན་ལས་གཞིར་གཏོར་བཅོམ།

རྒྱ་ནག་གི་མཐའ་དམག་བརྒྱ་ལྷག་རྒྱ་གར་བྱང་ཕྱོགས་ཀྱི་ Uttarakhand མངའ་སྡེ་ཁུལ་གྱི་འཕགས་བོད་ས་མཚམས་སུ་སིམ་འཛུལ་གྱིས་Barahoti ཞེས་པའི་ས་ཁུལ་དེར་ཡོད་པའི་ཟམ་ཆེན་ཞིག་གཏོར་བཅོམ་བཏང་ཡོད་པའི་གནས་ཚུལ་ཐོན་འདུགཁ་ཉིན་རྒྱ་གར་གྱི་ Economic Times ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། རྒྱ་ནག་གི་མཐའ་དམག་བརྒྱ་ལྷག་ Uttarakhand མངའ་སྡེ་ཁུལ་གྱི་ Tunjun ཞེས་པའི་ལ་བརྒྱུད་ནས་ཁུལ་དེའི་འཕགས་བོད་ས་མཚམས་སུ་སྤྱི་ལེ་ལྔ་ཙམ་བརྒལ་ནས་རྒྱ་གར་གྱི་ས་ཁོངས་སུ་བསླེབས་ཏེ་ཁུལ་དེའི་འཛུགས་སྐྲུན་ལས་གཞིར་གཏོར་བཅོམ་བཏང་རྗེས།  རྒྱ་གར་གྱི་ཕར་རྒོལ་མ་བྱས་གོང་ནས་ཕྱིར་ལོག་བྱས་ཡོད་པར་འཁོད་འདུག གསར་ཁང་གིས་རྒྱ་གར་གྱི་བདེ་སྲུང་གི་གནས་ཚུལ་ཡོང་ཁུངས་བརྒྱུད་དེ་ཤེས་རྟོགས་བྱུང་བའི་ནང་དུ།  རྒྱ་ནག་གི་བཅིངས་གྲོལ་དམག་མི་དེ་དག་གིས་མཐའ་མཚམས་ཁུལ་དུ་རྟ་ ༥༥ ལྷག་ཞོན་ནས་བསླེབས་ཡོད་པ་མ་ཟད། རྒྱ་གར་གྱི་ས་ཁོངས་སུ་འཛུལ་ནས་ཆུ་ཚོད་གསུམ་ལྷག་གི་རིང་བསྡད་དེ་ཁུལ་དེར་འཛུགས་སྐྲུན་བྱས་ཡོད་པའི་ཟམ་པ་ཞིག་གཏོར་བཅོམ་བཏང་ཡོད་པ་ལྟར། རྒྱ་གར་གྱིས་འཕགས་བོད་མཐའ་མཚམས་ཀྱི་མཐའ་དམག་ཁུལ་དེར་ཆེད་གཏོང་གི་གནས་ཚུལ་དེར་རྒྱུས་ལོན་བྱེད་བཞིན་པ་རེད་འདུགBarahoti ཞེས་པ་དེ་ Uttarakhand མངའ་སྡེ་ཡི་ Chamoli ཞེས་པའི་རྫོང་དུ་ཆགས་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོར་ཡང་རྒྱ་ནག་གིས་འབྲོག་ལམ་གྱི་བཙན་འཛུལ་དང་འབྲེལ་ནས་ Barahoti ནང་དུ་ཐེངས་གཉིས་ཙམ་ལ་སིམ་འཛུལ་བྱས་ཡོད་པ་རེད་འདུག དེ་བཞིན་གསར་ཁང་གིས། རྒྱ་དཀར་ནག་གཉིས་ཀྱི་བར་དུ་སྔར་ལོར་གྷལ་ཝན་ལུང་གཤོང་དུ་དམག་འཐབ་བྱུང་བའི་རྗེས་སུ།  རྒྱ་ནག་གིས་ Uttarakhand མངའ་སྡེ་ནང་གི་ Barahoti ཞེས་པའི་ས་ཁུལ་དུ་རྒྱ་ནག་གི་དམག་མི་ ༣༥་ལྷག་ཆེད་གཏོང་གིས་ཁུལ་དེར་ལས་གཞི་གང་ཞིག་གྲ་སྒྲིག་བྱེད་བཞིན་པ་ཤེས་རྟོགས་བྱུང་སྟབས། རྒྱ་གར་གྱིས་སྔར་ལོའི་གྷལ་ཝན་ལུང་གཤོང་གི་གནད་དོན་དེ་ལྟ་བུ་ཞིག་མི་ཡོང་བའི་ཕྱིར་ཏུ་ཁུལ་དེར་རྒྱ་གར་གྱི་དམག་མི་མང་པོ་འགྲེམས་འཇོག་བྱས་ཡོད་པར་བསྒྲགས་འདུགའབྲེལ་ཡོད་ཀྱི་གནས་ཚུལ་གཞན་ཞིག་གི་ནང་དུ་རྒྱ་ནག་གིས་སྔར་ལོ་ནས་འཕགས་བོད་ས་མཚམས་ཀྱི་ས་བབ་དང་གནམ་གཤིས་སོགས་ལ་བརྟེན་ནས་ས་མཚམས་ཁག་ཏུ་བོད་དམག་མང་པོ་ཆེད་གཏོང་བྱེད་བཞིན་ཡོད་པའི་གནས་ཚུལ་རིམ་པ་བྱུང་ཡོད་པ་ལྟར། ཁ་སང་ཡང་རྒྱ་གར་གྱི་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། རྒྱ་ནག་གིས་འཕགས་བོད་ས་མཚམས་སུ་བོད་དམག་འགྲེམས་འཇོག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། རྒས་ཡོལ་དུ་ཕྱིན་པའི་དམག་མི་དག་བརྒྱུད་ནས་འཕགས་བོད་ས་མཚམས་སོ་སོར་བོད་ཀྱི་ཡུལ་དམག་གསར་འཛུགས་བྱེད་བཞིན་པ་མ་ཟད། ཡུལ་དམག་དེ་དག་ལ་ས་གནས་ཀྱི་བླ་གྲྭ་རྣམས་ཀྱིས་བྱིན་རླབས་སྩོལ་ཏུ་འཇུག་བཞིན་ཡོད་པར་འཁོད་འདུགརྒྱ་ནག་གིས་ད་ཆ་འཕགས་བོད་མཐའ་མཚམས་སུ་བོད་དམག་ཆེད་འཛུགས་བྱེད་དོན་ནི། སྔར་ལོ་གྷལ་ཝན་ཁུལ་དུ་རྒྱལ་ཁབ་ཕྱོགས་གཉིས་ཀྱི་བར་དུ་འཕགས་བོད་མཐའ་མཚམས་སུ་གདོང་ཐུག་བྱུང་སྐབས། ས་བབ་ཀྱི་ཆ་ནས་རྒྱ་མཚོ་ལས་མཐོ་ཚད་ཕི་ཊི་ ༡༥༠༠༠ ལྷག་ཆགས་ཡོད་སྟབས་རྒྱ་ནག་གི་དམག་མི་མང་པོ་ཞིག་ལ་ས་མཐོའི་སྲོག་རླུང་གི་མ་འདང་བའི་དཀའ་ངལ་འཕྲད་པ་དང་འབྲེལ་བ་ཡོད་པ་ཞིག་ཡིན་སྐོར་མངོན་གསལ་གནང་འདུག གཞི་རྩའི་འདས་བའི་ལོ་འགའི་རིང་ནས་རྒྱ་ནག་གིས་རྒྱལ་ཁོངས་རྒྱ་བསྐྱེད་ཀྱི་སྲིད་བྱུས་ལག་བསྟར་གྱི་འོག་ནས་མཐའ་མཚམས་ཁག་ཏུ་གྲོང་ཚོ་གསར་འཛུགས་དང་འབྲོག་ཁྱིམ་གནས་སྤོར་གྱིས་ལས་གཞི་རྒྱ་བསྐྱེད་ཀྱིས། ཕྱོགས་ཡོངས་ནས་བོད་ཀྱི་མཐའ་མཚམས་ཁག་ཏུ་མ་དངུལ་མང་པོ་ཆེད་གཏོང་གིས་འཛུགས་སྐྲུན་གྱི་ལས་གཞི་སྣ་མང་སྤེལ་བཞིན་པ་མ་ཟད། བོད་དམག་བསྡུ་རུབ་ཀྱིས་ས་བབ་མཐོ་ཞིང་གནམ་གཤིས་འཁྱགས་པའིི་འཕགས་བོད་མཐའ་མཚམས་སུ་བོད་ཀྱི་ཡུལ་དམག་གསར་འཛུགས་བྱེད་བཞིན་པའི་གནས་ཚུལ་རིམ་ཕྱིར་ཐོན་ཡོད་པ་རེད།

རེས་གཟའ་ལྷག་པ། ༢༠༢༡།༠༩།༢༩

ཉན་པ།: Listen ཕབ་ལེན། Download ད་ལྟའི་ཆར་བདམས་ཐོན་སྤྱི་འཐུས་རྣམ་པའི་ནང་མོལ་ཚོགས་འདུའི་ཐག་གཅོད་སྐོར་ཡོངས་གྲགས་གང་ཡང་གནང་མ་སོང་། ཨ་རིའི་ངོས་ནས་བོད་དོན་རྒྱབ་སྐྱོར་གྱི་གནས་བབ་ཇེ་མཐོར་གཏོང་བའི་ཞུ་གཏུག་གི་ལས་འགུལ་སྤེལ་མུས། ཡུ་རོབ་ཀྱི་གནད་ཡོད་མི་སྣར་བོད་རྒྱ་གཉིས་ཀྱི་གནད་དོན་གསལ་ཐབས་གནང་དགོས་པའི་འབོད་སྐུལ། གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་དང་བསྟུན་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་དཔེ་དེབ་དབུ་འབྱེད། རྒྱ་ནག་གིས་བེུད་ཀྱི་ལུས་རྟེན་དེ་ལག་ཆ་ལྟ་བུར་ངོས་འཛིན་གྱིས་སྐྱོན་བརྗོད། ༸གོང་ས་མཆོག་གི་བཀའ་སློབ་ལས་རིམ། བྱམས་བརྩེའི་སྐོར། Wednesday 29/09/2021 Elected members of 17th TPiE conclude internal meet, refuse to divulge details yet CTA launches comprehensive book on Tibet’s environment ahead of COP26 Tibetans and supporters lobby US Congress for increased support to Tibet Dr Michael van Walt kicks off his European tour for Tibet China to clamp down on abortions for ‘non-medical purposes’ Feature: His Holiness the 14th Dalai Lama on ‘Compassion'

ད་ལྟའི་ཆར་བདམས་ཐོན་སྤྱི་འཐུས་རྣམ་པའི་ནང་མོལ་ཚོགས་འདུའི་ཐག་གཅོད་སྐོར་ཡོངས་གྲགས་གང་ཡང་གནང་མ་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་སྐྱིད་དུ་རྟེན་གཞི་བྱས་པའི་སྲིད་སྐྱོང་ཚོགས་ཁང་དུ་སྐབས་ ༡༧ པའི་བདམས་ཐོན་བོད་མི་མང་སྤྱི་འཐུས་རྣམ་པའི་དམ་འབུལ་དང་འབྲེལ་བའི་དཀའ་རྙོག་གསལ་ཐབས་སླད་དུ་ནང་ཁུལ་དབར་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། ད་ལྟའི་ཆར་ཚོགས་འདུའི་ཐག་གཅོད་ཅི་བྱུང་སོགས་ཀྱི་སྐོར་ཡོངས་གྲགས་གང་ཡང་གནང་མ་སོང་།ཁ་སང་དང་ཁེ་ཉིན་བཅས་ཉིན་གྲངས་གཉིས་ཀྱི་རིང་ལ་ནང་མོལ་ཚོགས་འདུ་ཚོགས་ཏེ་ཁ་སང་ཉིན་རྒྱབ་ཚོགས་འདུ་གྲོལ་མཚམས་སུ་བདམས་ཐོན་སྤྱི་འཐུས་ཁག་ཅིག་ལ་འབྲེལ་བ་ཞུ་སྐབས་ཚོགས་དུས་ཐོག་མཐའ་མའི་ཐག་གཅོད་ཇི་བྱུང་དང་འབྲེལ་དེ་རིང་ཉིན་རྒྱབ་མུ་མཐུད་ལས་དོན་འཕྲོ་སྐྱོང་གནང་སྟེ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འཆར་ཡོད་སྐོར་གསུངས་བྱུང་ཡང་། དེ་རིང་ཉིན་རྒྱབ་གསར་འགོད་པ་རྣམས་ཚོགས་ཁང་གི་ཕྱི་ཕྱོགས་སུ་ཆུ་ཚོད་གཅིག་ཙམ་གྱི་རིང་ངང་སྒུག་གནང་སྟེ་ནང་མོལ་ཚོགས་འདུ་གྲོལ་ལ་ཉེ་བའི་མཚམས་སུ་ཚོགས་ཁང་དུ་ཆེད་བཅར་གྱིས་ཚོགས་འདུའི་ཐག་གཅོད་ཇི་བྱུང་སོགས་དང་འབྲེལ་གསར་འགོད་པ་ཚོར་བཀའ་མོལ་གནང་འཆར་ཡོད་མེད་ཐད་ལ་བཀའ་འདྲི་ཞུས་པར་ཐེངས་འདིའི་ནང་མོལ་ཚོགས་འདུ་གཙོ་སྐྱོང་གནང་མཁན་ཁོངས་སུ་ཡོད་པ་བདམས་ཐོན་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་ད་ལྟའི་ཆར་ནང་མོལ་ཚོགས་འདུའི་ཐག་གཅོད་སོགས་དང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ལ་གསུང་རྒྱུ་མེད་པར་ཐག་གཅོད་གནང་ཡོད་པ་ལྟར་གང་ཡང་གསུང་རྒྱུ་མེད་ཅེས་དང་། གལ་སྲིད་སླད་མར་དེ་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ལ་ཞུ་དགོས་རིགས་ཆགས་ཚེ་འབྲེལ་བ་གནང་ངེས་ཡིན་པར་གསུངས་ཡོད།ཁ་ཉིན་སྔ་ཐོག་ནས་དབུ་འཛུགས་གནང་བའི་ནང་མོལ་ཚོགས་འདུའི་ཐོག་ད་ལྟའི་དཀའ་རྙོག་དང་འབྲེལ་བའི་ཐོག་གྲོས་བསྡུར་དང་ཐབས་ལམ་ཇི་ཡོད་རྣམས་སྤུངས་ཏེ་གྲོས་ཆོད་གཏན་འབེབས་སོགས་ཀྱི་ལས་རིམ་ཐོག་ཕེབས་ཡོད་པ་དང་། ཚོགས་འདུ་འཚོགས་སྐབས་སུ་ཟུར་ཉན་པ་དང་ཕྱི་ནང་གི་གསར་འགོད་པ་རྣམས་དངོས་སུ་ཕེབས་བཅུག་མེད་པ་མ་ཟད། ཚོགས་བཅར་བ་བདམས་ཐོན་སྤྱི་འཐུས་རྣམས་ནས་ཀྱང་ཚོགས་དུས་སྐབས་སུ་ལག་ཐོགས་ཁ་པར་ངེས་པར་དུ་སྒོ་རྒྱག་དགོས་པ་དང་། སྒྲ་འཇུག་དང་བརྙན་ལེན་རིགས་མི་ཆོག་པ། སོ་སོའི་འདོད་མོས་དང་མཐུན་མིན་བྱུང་ཚེ་ཚོགས་ཁང་ནས་ཕྱིར་ཐོན་པའམ་རྣམ་འགྱུར་ངན་པའི་རིགས་སྟོན་མི་ཆོག་པ། དེ་བཞིན་ཚོགས་འདུ་མཇུག་མ་སྒྲིལ་བར་དུ་སྒེར་སོ་སོ་ནས་སྤྱི་ཚོགས་དྲ་རྒྱ་དང་བརྒྱུད་ལམ་ཁག་ལ་གང་བྱུང་བཤད་མི་ཆོག་པ་སོགས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་སྒྲིག་ལམ་ཁག་ཅིག་གཏན་འབེབས་གནང་དོན་ལྟར་ཉིན་གྲངས་གཉིས་ཀྱི་རིང་ཚོགས་པའི་ནང་མོལ་སྐབས་སུ་བདམས་ཐོན་སྤྱི་འཐུས་རྣམས་ཀྱིས་བརྒྱུད་ལམ་ཁག་གི་བཅར་འདྲིར་ཞལ་བཞེས་གནང་མེད་པ་རེད།རྩ་བའི་ཐོག་མའི་མཛད་རིམ་གཏན་འབེབས་ནང་ནང་མོལ་ཚོགས་འདུ་འདི་ཁ་སང་དང་ཁ་ཉིན་བཅས་ཉིན་གྲངས་གཉིས་ཀྱི་རིང་འཚོགས་རྒྱུ་དང་། ཚོགས་འདུ་མུ་མཐུད་འཚོགས་དགོས་བྱུང་ཚེ་གནས་སྟངས་ལ་གཞིགས་ཏེ་ཐག་གཅོད་གནང་རྒྱུ་ཡིན་ཞེས་བཀོད་ཡོད་པ་དང་། ཁ་སང་ཚོགས་འདུ་གྲོལ་མཚམས་སུ་དེ་རིང་གསར་འགོད་ལྷན་ཚོགས་ཤིག་གནང་འཆར་ཡོད་སྐོར་གསུངས་པ་དང་འབྲེལ། སྤྱི་ཚོགས་དྲ་ལམ་ཁག་ཏུ་བོད་མི་མི་ཉུང་བ་ཞིག་ནས་བདམས་ཐོན་སྤྱི་འཐུས་རྣམ་པས་ཐག་གཅོད་ཡག་པོ་ཞིག་གནང་བའི་རེ་བ་གནང་བཞིན་སྐོར་དང་། ཁག་ཅིག་ནས་ཁྲིམས་མཐུན་གྱི་ཐག་གཅོད་ཞིག་ཡོང་རྒྱུའི་རེ་བ་ཡོད། ཡང་ལ་ལས་ད་རེས་ཐག་གཅོད་གང་བྱུང་བ་དེ་ལ་མི་མང་ཚང་མས་ངོས་ལེན་གནང་དགོས་པ་དང་ནང་མོལ་ཚོགས་འདུ་འདི་ནས་གཏམ་བཟང་ཞིག་ཡོང་བའི་རེ་བ་ཡོད་སྐོར་སོགས་ཀྱི་མཆན་བཀོད་མཁན་འདུགད་ལྟའི་ཆར་བདམས་ཐོན་སྤྱི་འཐུས་རྣམ་པའི་དམ་འབུལ་དང་འབྲེལ་བའི་དཀའ་རྙོག་ཁག་གསལ་ཐབས་སུ་ཐག་གཅོད་ཅི་བྱུང་ཡོངས་གྲགས་གང་ཡང་གནང་མེད་པ་དང་། ད་ལྟའི་དཀའ་ངལ་འདི་ནི་འདི་ལོའི་ཕྱི་ཟླ་ ༦ ཕྱི་ཚེས་ ༨ ཉིན་སྤྱི་འཐུས་གྲོས་ཚོགས་སུ་བདམས་ཐོན་བྱུང་བའི་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པའི་དམ་འབུལ་གྱི་མཛད་རིམ་སྐབས་བདམས་ཐོན་སྤྱི་འཐུས་ ༢༡ ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༧ དགོངས་ལྟར་བར་བརྒལ་ཚོགས་གཙོའི་དྲུང་ནས་དམ་འབུལ་ཞུས་པ་དང་། བདམས་ཐོན་སྤྱི་འཐུས་ ༢༢ ནས་བར་བརྒལ་ཚོགས་གཙོས་འདི་ལོའི་ཕྱི་ཟླ་ ༣ པའི་གྲོས་ཚོགས་ནང་འཕོ་འགྱུར་བཏང་ཟིན་པའི་ཁྲིམས་ཞིབ་པའི་མདུན་ནས་དམ་འབུལ་ཞུས་པ་དེ་ཁྲིམས་མཐུན་མིན་པ་དང་འབྲེལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་མདུན་ནས་ལས་ཁུར་དམ་འབུལ་ཞུས་ཏེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་འོས་འདེམས་ཀྱི་ལས་རིམ་ཐོག་ཕེབས་སྐབས་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༧ པའི་དགོངས་དོན་ལྟར་དམ་འབུལ་ཞུ་མཁན་སྤྱི་འཐུས་ ༢༡ ལས་བྱུང་མེད་སྟབས། བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་བཞིན་གྲོས་ཚོགས་ཀྱི་གྲུབ་ཆ་གསུམ་ཆ་གཉིས་ཚང་གི་མེད་སྐོར་གསུངས་ཏེ་གྲོས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་འོས་འདེམས་གནང་རྒྱུ་གཙོས་པའི་ལས་རིམ་ཁག་རྒྱུན་འཁྱོངས་མ་ཐུབ་པར་ད་ཆ་ཟླ་བ་བཞི་ཙམ་འགྲོ་བཞིན་ཡོད་པ་མ་ཟད་གནད་དོན་དེའི་རྐྱེན་གྱིས་སྲིད་སྐྱོང་མཆོག་གི་ཕྱག་སྦྲེལ་བཀའ་བློན་རྣམས་ཀྱང་བསྐོ་གཞག་གནང་མ་ཐུབ་པར་ལུས་ཡོད།

གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་དང་བསྟུན་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་དཔེ་དེབ་དབུ་འབྱེད།

ཕྱི་ཟླ་ ༡༡ ཚེས་ ༡ ནས་ ༡༢ བར་དབྱིན་ཡུལ་གྱི་ Glassgow གྲོང་ཁྱེར་དུ་ Cop26 རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་གནང་གཏན་ཁེལ་བ་དང་བསྟུན་དེ་རིང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་དཔེ་དེབ་དབུ་འབྱེད་བརྒྱུད་གོ་ལའི་ཁོར་ཡུག་གི་ཚོགས་ཆེན་ཐོག་བོད་ཀྱི་ཁོར་ཡུག་གནད་དོན་ཐད་ལ་གོ་བསྡུར་གནང་དགོས་པ་གསུངས་སོང་། དེ་རིང་སྔ་དྲོ་ཕྱག་ཚོད་ ༡༠།༣༠ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ Tibetan Perspective on Tibet's Environment ཞེས་བོད་མིའི་བོད་ཀྱི་ཁོར་ཡུག་ལ་གཟིགས་སྟངས་དང་།  Tibet 2020: A year in review ༢༠༢༠ བོད་གནས་བསྐྱར་ཞིབ་ཞེས་པའི་དཔེ་དེབ་གཉིས་དབུ་འབྱེད་གནང་བ་དང་སྦྲགས་ཏེ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་འགན་འཛིན་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་དཔེ་དེབ་གཉིས་པོའི་རྒྱབ་ལྗོངས་ངོ་སྤྲོད་དང་འབྲེལ་དམིགས་ཡུལ་དང་རེ་བ་ཇི་ཡོད་སྐོར་ངོ་སྤྲོད་གནང་བར་ད་ཆ་བོད་ཀྱི་ཁོར་ཡུག་ཐོག་གནད་དོན་མང་དག་ཅིག་འབྱུང་བཞིན་ཡོད་ཀྱང་ཁག་ཅིག་རྒྱ་ནག་གི་ཤུགས་རྐྱེན་ཐེབས་ནས་བྱུང་བ་དང་ལ་ལ་ནུས་ཤུགས་ལ་བརྟེན་ནས་ཡོང་གི་ཡོད་སྟབས། ང་ཚོའི་བོད་ཀྱི་ཁོར་ཡུག་ལ་བོད་མི་ཚོའི་ངོས་ནས་གཟིགས་སྟངས་གང་འདྲ་ཡོད་མེད་དེ་ཤེས་ཕྱིར་བོད་མི་རང་གིས་བརྩམས་པའི་དཔེ་དེབ་དཔར་སྐྲུན་གནང་ན་བསམ་པ་དང་། དེ་བཞིན་དཔེ་དེབ་ནང་གི་དཔྱད་རྩོམ་གང་བཀོད་པ་དེ་བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་ལ་འགན་འཁུར་ནས་བྲིས་པ། ལྷག་པར་དུ་བོད་ནང་གི་ཁོར་ཡུག་གི་གནས་སྟངས་དངོས་བདེན་གསལ་བའི་ཐོག་བོད་ནང་བོད་མི་ཚོའི་འབོད་སྒྲ་མངོན་ཐུབ་པ་ཞིག་ཆགས་རྒྱུ་ནི་དམིགས་ཡུལ་གཙོ་བོ་ཡིན་སྐོར་གསུངས་སོང་། དེ་བཞིན་དཔེ་དེབ་དཔར་སྐྲུན་གནང་བའི་རེ་བ་ཇི་ཡོད་དང་འབྲེལ་ཏེ་གསུངས་པར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་ད་ལན་དཔར་སྐྲུན་ཞུས་པའི་དཔེ་དེབ་དེ་བོད་ཀྱི་ཁོར་ཡུག་ཐད་རྩོམ་དང་སྲིད་བྱུས་གཏན་འབེབས་རེད། ལས་འགུལ་ཞིག་སྤེལ་དགོས་བསམ་ནའང་། དེ་དག་གཞིར་བཅོལ་ས་ཚད་ལྡན་ཞིག་ཆགས་ཐུབ་པའི་རེ་བ་ཡོད་སྐོར་གསུངས་སོང་། དེ་རིང་དཔེ་དེབ་དབུ་འབྱེད་གནང་དགོས་པའི་རྒྱུ་མཚན་ནི་སླད་མར་ Cop26 རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་འཚོགས་རྒྱུ་ཡིན་པས་ཟླ་བ་གཅིག་གི་སྔ་རོལ་ཙམ་དུ་སྲིད་བྱུས་ཉམས་ཞིབ་ཁང་ནས་བོད་མཐོ་སྒང་གི་ཁོར་ཡུག་དེ་གལ་ཆེན་པོ་དང་། ད་ཆ་ཁོར་ཡུག་གི་གནས་སྟངས་ཛ་དྲག་པོར་གྱུར་ཡོད་པ་ངོ་སྤྲོད་གནང་རྒྱུ། ལྷག་དོན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་ལ་ཕེབས་པའི་འགོ་ཁྲིད་རྣམ་པས་བོད་ཀྱི་ཁོར་ཡུག་གི་གནད་དོན་སྐོར་རྒྱལ་སྤྱིའི་ཁོར་ཡུག་ཚོགས་ཆེན་ཐོག་བརྗོད་བྱ་གཙོ་བོར་འཇོག་དགོས་པ་མ་ཟད་དེའི་ཐོག་གོ་བསྡུར་གནང་དགོས་ཞེས་དགོས་འདུན་ཆེད་བཏོན་གནང་བ་ཞིག་ཆགས་ཀྱི་ཡོད་པ་གསུངས་ཡོད། སྐབས་དེར་བོད་མིའི་ངོས་ནས་བོད་ཀྱི་ཁོར་ཡུག་ལ་གཟིགས་སྟངས་ཞེས་པའི་དཔེ་དེབ་དང་འབྲེལ་ཏེ་སྲིད་སྐྱོང་མཆོག་གིས་ད་ལན་དཔེ་དེབ་དེ་འདོན་སྤེལ་གནང་བ་འདིས་བོད་མི་རང་གིས་བོད་ནང་གི་ཁོར་ཡུག་གནད་དོན་ཐད་ཞིབ་འཇུག་གནང་བའི་གྲུབ་འབྲས་ཤིག་ཆགས་ཀྱི་ཡོད་པ་དང་། དཔེ་དེབ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ནས་གཟིགས་དགོས་གལ་ཡིན་པ་མ་ཟད་བཙན་བྱོལ་བོད་མི་རྣམས་ཀྱིས་ཀྱང་དཔེ་དེབ་དེ་གཉིས་ཀྱི་ནང་དོན་གང་ཞིབ་ཚགས་པོས་གཟིགས་གལ་དང་། བོད་མི་ཞིག་ཡིན་པའི་ཆ་ནས་བོད་ནང་གི་བོད་མིའི་སྐུ་ཚབ་མཚོན་དགོས་ཀྱི་ཡོད་སྟབས་མི་རིགས་གཞན་ལ་བོད་ཀྱི་གནས་སྟངས་འགྲེལ་བརྗོད་གནང་སླད་ཐོག་མར་བོད་མི་རང་ཉིད་ཀྱི་ངོས་ནས་བོད་ནང་གི་གནས་ཚུལ་རྣམས་ལེགས་པོ་ཤེས་རྟོགས་དགོས་གལ་ཡིན་སྐོར་གསུངས་པ་དང་ཆབས་ཅིག བོད་ཀྱི་གནད་དོན་དང་འབྲེལ་ཉམས་ཞིབ་གནང་ཁག་ལ་ཕྱིའི་མི་རིགས་ཙམ་མིན་པར་བོད་མི་ཚོས་ངེས་བཀླགས་ཐུབ་ཚེ་ཐུགས་ཕན་གསོས་རྒྱུ་ཡིན་པ་གསུངས་ཡོད། སྲིད་སྐྱོང་མཆོག་ཉེ་ལམ་ལྡི་ལིར་ཕེབས་སྐབས་ཨ་རིའི་གཞུང་ཚབ་ཀྱི་ལས་བྱེད་དང་མཇལ་འཕྲད་ཆེད་ཕེབས་ཡོད་པ་དང་སྐབས་དེར་སྲིད་སྐྱོང་མཆོག་ནས་ཨ་རིའི་ཁོར་ཡུག་ཐད་ཀྱི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ John Kerry ལགས་ནས་ཁོང་གི་གསུང་བཤད་ནང་བོད་དེ་འཛམ་གླིང་གི་སྣེ་མོ་གསུམ་པ་ཡིན་པའི་སྐོར་གླེང་སློང་གནང་ཚེ་དེས་ཐུགས་ཕན་གསོས་པོ་ཡོང་བ་འདུག་ཅེས་ལན་གནང་ཡོད་པ་གསུངས་སོང་། གཞི་རྩའི་དཔེ་དེབ་གཉིས་དབུ་འབྱེད་གནང་བའི་ཁྲོད་ Tibetan Perspective on Tibet's Environment ཞེས་པའི་དཔེ་དེབ་ནང་དུ་བོད་མཐོ་སྒང་གི་གལ་གནད་དང་། གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན།  གཏན་འཇགས་འཁྱག་རོམ་བཞུ་བ།  རྩྭ་ཐང་བྱེ་ཐང་ལ་འགྱུར་བ། འབྲོག་པ་གནས་སྤོས་བཏང་བ།  གཏེར་ཁ་སྔོག་འདོན་ལ་ངོ་རྒོལ་གནང་བ་སོགས་འདུག  དེ་བཞིན་ ༢༠༢༠ བོད་གནས་བསྐྱར་ཞིབ་ཞེས་པའི་དཔེ་དེབ་ནང་རྒྱ་ནག་གི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་གཞིར་དཔྱད་པ་དང་། འཕགས་བོད་མཐའ་མཚམས་ཀྱི་རྩོད་རྙོག་ཁྲོད་བོད་ཀྱི་གནད་དོན་གང་འདྲ་ཆགས་ཡོད་མེད། བོད་ནང་ཆུ་ལོག་བྱུང་བ་དང་ཆུ་མཛོད་གསར་རྒྱག་སོགས་བརྗོད་གཞི་འདྲ་མིན་ཁག་ཅིག་ཡོད་པ་རེད།

Latest news