Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: November, 2021

རེས་གཟའ་ཉི་མ། ༢༠༢༡།༡༡།༢༨

ཉན་པ།: Listen ཕབ་ལེན། Download བོད་རྒྱ་འབྲེལ་མོལ་གྱི་བརྒྱུད་རིམ་དང་ད་ལྟའི་གནས་བབ། Sunday 28/11/2021 Sino-Tibet talks: An exclusive interview with Kelsang Gyaltsen

དོན་གྲུབ་དབང་ཆེན་ལགས་ཀྱིས་ནི་ཐར་ལན་ཌིའི་གྲོས་ཚོགས་སུ་བོད་དོན་ཉན་ཞིབ་གནང་བ།

ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་ཆེད་ཡོ་རོབ་རྒྱལ་ཁབ་ ༡༤ ནང་བོད་དོན་ཞུ་གཏུག་སྐོར་སྐྱོད་གནང་མཁན་གྱི་བོད་མི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཡོ་རོབ་རྒྱལ་ཁབ་ཕ་རན་སི་ནང་གི་བོད་དོན་ཞུ་གཏུག་སྐོར་སྐྱོད་ལེགས་གྲུབ་ཟིན་ནས་ཡོ་རོབ་རྒྱལ་ཁབ་ནི་ཐར་ལན་ཌི་ནང་བདེ་འབྱོར་གྱིས་ཕྱི་ཚེས་ ༢༥ ཉིན་ཁོང་ནས་ནི་ཐར་ལན་ཌིའི་གྲོས་ཚོགས་སུ་བོད་དོན་ཉན་ཞིབ་གནང་འདུག སྐབས་དེར་ཁོང་ནས་གྲོས་ཚོགས་འཐུས་མི་ཚོར་བོད་ནང་གི་དངོས་ཡོད་གནས་སྟངས་ངོ་སྤྲོད་དང་འབྲེལ། བོད་ནང་གི་གནས་སྟངས་ནི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཙམ་ཞིག་མ་ཡིན་པར་རྒྱ་ནག་གཞུང་མི་རིགས་རྩ་མེད་བཟོ་བཞིན་པའི་ཛ་དྲག་གི་གནས་སྟངས་འོག་ཡོད་པ་སོགས་བོད་ནང་གི་དངོས་ཡོད་གནས་སྟངས་འགྲེལ་བརྗོད་གནང་ཡོད་པ་རེད། སྐབས་དེར་ཉན་ཞིབ་སྐབས་སུ་སྐད་སྒྱུར་གནང་མཁན་དང་ཐེངས་འདིའི་ས་གནས་སུ་ལས་རིམ་གོ་སྒྲིག་གནང་མཁན་ཡོ་རོབ་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་དབང་པོ་བཀྲས་མཐོང་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བར་དོན་གྲུབ་དབང་ཆེན་ལགས་ཀྱིས་ནི་ཐར་ལན་ཌིའི་གྲོས་ཚོགས་སུ་བོད་དོན་ཉན་ཞིབ་གནང་བ་དེ་གྲོས་ཚོགས་ཀྱི་ཡིག་ཆའི་ཐོག་འཇོག་ཐུབ་པའི་དམིགས་བསལ་གྱི་ལས་རིམ་ཞིག་ཆགས་ཀྱི་ཡོད་པར་གསུངས་སོང་པར་མ་ཟད། དོན་གྲུབ་དབང་ཆེན་ལགས་ཀྱིས་ཡོ་རོབ་བོད་དོན་ཞུ་གཏུག་སྐོར་སྐྱོད་བརྒྱུད་ནས་རྒྱ་ནག་ཏུ་འཚོག་རྒྱུའི་ཨོ་ལམ་པིག་རྩེད་འགྲན་ཙམ་མ་ཟད་བོད་ཀྱི་གནད་དོན་ཡང་ས་གནས་སུ་་གོ་རྟོགས་རྒྱ་གང་ཆེར་སྤེལ་ཐུབ་པ་བྱུང་བ་ནི་དུས་ཀྱི་གནད་འགག་ཞིག་ཡིན་པར་འགྲེལ་བརྗོད་གནང་སོང་། སྤྱིར་ཐེངས་འདིའི་བོད་མི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱི་ཡོ་རོབ་ཁུལ་གྱི་བོད་དོན་སྐོར་སྐྱོད་ཀྱི་ལས་འགུལ་དེ་ནི་གཙོ་བོ་ནི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་དང་བོད་ཀྱི་གློག་བརྙན་ཚོགས་པ་གཉིས་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང། ཐེངས་འདིའི་བོད་དོན་སྐོར་སྐྱོད་ཁྲོད་དོན་གྲུབ་དབང་ཆེན་ལགས་ནས་གཙོ་བོ་ ༢༠༢༢ ལོའི་རྒྱ་ནག་ཏུ་འཚོག་རྒྱུའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་ཆེད་ཡོ་རོབ་རྒྱལ་ཁབ་ཁྱོན་༡༤ ནང་ཟླ་གསུམ་མན་ཙམ་རིང་རྒྱལ་ཁབ་སོ་སོའི་གཞུང་སྒེར་ཚོགས་སྡེ་ཁག་དང་གནད་ཡོད་མི་སྣར་མཇལ་མོལ་གྱིས་བོད་དོན་ཞུ་གཏུག་གནང་གི་ཡོད་པ་རེད། ཁ་སང་ཕྱི་ཚེས་ ༢༦ ཉིན་དོན་གྲུབ་དབང་ཆེན་ལགས་ནས་ནི་ཐར་ལན་ཌི་རྒྱལ་ཡོངས་ཨོ་རྩལ་མཐུན་ཚོགས་ཀྱི་གནད་ཡོད་མི་སྣ་དང་མཇལ་མོལ་གྱིས་ཕྱི་ལོ་ ༢༠༠༨ ལོར་འཇིགས་བྲལ་གློག་བརྙན་བཟོས་པའི་རྗེས་རྒྱ་གཞུང་གི་བཙོན་ཁང་བཅུག་པའི་མྱོང་བ་དང་བོད་ནང་གི་དངོས་ཡོད་གནས་སྟངས་ངོ་སྤྲོད་དང་འབྲེལ། ཕྱི་ལོ་ ༢༠༠༨ ཨོ་རྩལ་འགྲན་ཚོགས་རྒྱ་ནག་ཏུ་ཚོགས་རྗེས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ལ་ཁས་ལེན་བྱས་པའི་གནད་དོན་ཁག་བརྩི་མེད་བཏང་ཡོད་ཀྱང། སླར་ཡང་ ༢༠༢༢ ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་མགྲོན་བདག་རྒྱ་ནག་ལ་སྤྲད་པ་དེ་ནི་རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ཁག་འགྲིག་པ་ཞིག་ལ་ངོས་འཛིན་གནང་བའི་སྣང་བརྙན་ཞིག་སྐྲུན་བཞིན་ཡོད་པར་གསུངས་ཏེ། ༢༠༢༢ ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་རྒྱ་ནག་ནས་ཕྱིར་བསྡུ་འམ་ཡང་ན་ས་གནས་གཞན་ཞིག་ཏུ་གནས་སྤོ་ཡོང་བའི་འབོད་སྐུལ་ཞུས་འདུག

རེས་གཟའ་སྤེན་པ། ༢༠༢༡།༡༡།༢༧

ཉན་པ།: Listen ཕབ་ལེན། Download རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ཀྱི་ལས་ཁུངས་མདུན་དུ་བོད་མིས་ངོ་རྒོལ། རྒྱ་གཞུང་ལ་བོད་དེ་ཁྲིམས་མཐུན་ཐོག་ཁོང་ཚོའི་ཆ་ཤས་ཡིན་པའི་ཁུངས་སྐྱེལ་ཐུབ་ཐབས་ཡོད་མ་རེད། དོན་གྲུབ་དབང་ཆེན་ལགས་ཕ་རན་སིར་བོད་དོན་ཞུ་གཏུག་སྐོར་སྐྱོད་ལེགས་གྲུབ་ཀྱིས་ནི་ཐར་ལན་ཌི་གྲོས་ཚོགས་སུ་བོད་དོན་ཉན་ཞིབ། ཊིན་ཊིན་བྱིས་པའི་འགུལ་བརྙན་སྒྲ་ཕབ་གནང་མཁན་བསྟན་འཛིན་དོན་གྲུབ་ལགས་དང་གླེང་མོལ། Saturday 27/11/2021 Tibetans in Switzerland protest against Beijing Winter Olympics CCP lacks the legitimacy to claim Tibet as part of China: Sikyong Former political prisoner Dhundup Wangchen testifies before Dutch Parliament Tibetan Lipz: Tenzin Dhundup on Dubbing TinTin series

རྒྱ་གཞུང་ལ་བོད་དེ་ཁྲིམས་མཐུན་ཐོག་ཁོང་ཚོའི་ཆ་ཤས་ཡིན་པའི་ཁུངས་སྐྱེལ་ཐུབ་ཐབས་ཡོད་མ་རེད།

ཁ་སང་འདི་ག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱལ་སྤྱིའི་ཁྲིམས་རྩོད་པ་ Micheal van Walt van Praag མཆོག་གིས་ཉེ་ཆར་འགྲེམས་སྤེལ་གནང་བའི་ Tibet Brief 20/20 བོད་དེ་བཙན་བཟུང་བྱས་པའི་རྒྱལ་ཁབ་ཞིག་དང་བོད་མི་རྣམས་རྒྱ་ནག་གི་གྲངས་ཉུང་མི་རིགས་མིན་པའི་ཁྲིམས་ཐོག་ཁུངས་སྐྱེལ་གྱི་དེབ་དང་རྒྱ་རིགས་མཁས་དབང་སློབ་དཔོན་ Lau Han Shiang མཆོག་གིས་རྒྱ་ནག་གི་སྔ་རབས་ལོ་རྒྱུས་ནང་བོད་དེ་ནམ་ཡང་རྒྱ་ནག་གི་ཆ་ཤས་མིན་པའི་ཞིབ་འཇུག་གི་རྩོམ་ཡིག་བཅས་ལུང་འདྲེན་གནང་སྟེ། ཁྲིམས་ལུགས་ཀྱི་ཐོག་ནས་རྒྱ་ནག་གཞུང་ལ་བོད་དེ་ཁོང་ཚོའི་ཆ་ཤས་ཤིག་ཡིན་པའི་ཁུངས་སྐྱེལ་ཐུབ་ཐབས་མེད་ཀྱང་ཆབ་སྲིད་ཀྱི་ཐོག་བོད་དེ་བཙན་བཟུང་བྱས་པའི་རྒྱལ་ཁབ་ཡིན་པ་དེ་དངོས་ཡོད་ཀྱི་གནས་སྟངས་ཤིག་ཆགས་ཡོད་སྐོར་སོགས་གསུངས་ཏེ་གནས་སྟངས་དེ་འདྲ་ཞིག་གི་འོག་རྒྱ་ནག་གི་དཔོན་རིགས་ཚོས་ཕྱིའི་རྒྱལ་ཁབ་ཀྱི་ཆབ་སྲིད་མི་སྣར་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་སྐོར་བཤད་དགོས་པར་ཡང་ནས་ཡང་དུ་ནན་སྐུལ་བྱེད་ཀྱི་ཡོད་པ་དེ་རྒྱ་གར་གཞུང་གི་ངོས་ནས་ཀྱང་གསལ་པོ་ཤེས་ཀྱི་ཡོད་ཅེས་གསུངས་སོང་། རྒྱ་གར་གྱི་ཕྱི་འབྲེལ་གནད་དོན་གྱི་གསར་འགོད་མཐུན་ཚོགས་ཀྱི་གོ་སྒྲིག་འོག་རྒྱལ་ས་ལྡི་ལིའི་ IIC རྒྱ་གར་དང་རྒྱལ་སྤྱིའི་ལྟེ་གནས་ཁང་དུ་སྲིད་སྐྱོང་མཆོག་དང་གསར་འགོད་པ་ཁག་ཅིག་དབར་དགོངས་ཚུལ་བརྗེ་ལེན་གྱི་ལྷན་ཚོགས་ཤིག་བསྐྱངས་ཡོད་པ་ལྟར། སྐབས་དེར་མཐུན་ཚོགས་ཀྱི་ཚོགས་གཙོའི་ངོས་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བོད་དུ་ལྟ་སྐོར་རྗེས་གནས་སྟངས་ལ་འགྱུར་བ་ཇི་བྱུང་དང་བོད་ཀྱི་མ་འོངས་གནས་བབས། དབུ་མའི་ལམ་བཅས་བརྗོད་གཞི་གསུམ་གྱི་ཐོག་བཀའ་མོལ་གནང་བར་འབོད་སྐུལ་ཞུས་དོན་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཞི་ཅིན་ཕིང་གི་ལྟ་སྐོར་རྗེས་བོད་ནང་དམིགས་བསལ་འགྱུར་བ་མེད་ཁར་བོད་མིར་སྟངས་འཛིན་བྱེད་རྒྱུ་ཛ་དྲག་ཏུ་ཕྱིན་ཡོད་པ་དང་བོད་མི་ཁྱིམ་ཚང་སྒེར་དང་ལྷག་པར་དུ་ཕྱི་རྒྱལ་དུ་ཡོད་པའི་ཕ་མ་སྤུན་མཆེད་བཅས་ལ་གསང་མྱུལ་ཉེན་བརྡ། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་རྒྱུན་སྤྱོད་ཐོག་སྔར་ལས་དམ་དྲག་ཆེ་རུ་བཏང་སྟེ། རྒྱ་ནག་གི་བོད་མི་རིགས་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་འོག་དུས་ད་ལྟའང་བོད་དེ་ཤི་གསོན་ཇི་ཆགས་ངེས་མེད་ཀྱི་ཛ་དྲག་གནས་སྟངས་འོག་ཡོད་པ་དང་རྒྱ་ནག་གི་ད་ལྟའི་སྲིད་བྱུས་དེ་བོད་མིར་ཕན་ཐོགས་རྒྱུ་མེད་པ་ལྟ་ཅི། རྒྱ་ནག་གཞུང་ལ་ཡང་ཕན་ཐོགས་མེད་པ་ཞིག་རེད་ཅེས་གསུངས་ཡོད།སྲིད་སྐྱོང་མཆོག་གིས་སྐབས་དེར་ད་དུང་བོད་མིའི་མངོན་འདོད་ངོ་མ་དེ་མ་འོངས་པར་བོད་དེ་རྒྱ་དཀར་ནག་དབར་བར་གནས་རྒྱལ་ཁབ་ཞིག་གི་ངོ་བོའི་ཐོག་ནས་གནས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་ལྟར། ཕྱི་ལོ་ ༡༩༨༧ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཞི་བའི་གྲོས་མཐུན་དོན་ཚན་ལྔ་བཏོན་ཡོད་པར་འགྲེལ་བརྗོད་དང་། དབུ་མའི་ལམ་གྱི་སྲིད་བྱུས་སྙིང་བསྡུས་ཤིག་ངོ་སྤྲོད་དང་འབྲེལ། ཉེ་བའི་ཆར་བོད་རྒྱའི་དབར་ཕྱེད་གཞུང་འབྲེལ་དང་། གཞུང་འབྲེལ་མ་ཡིན་པའི་འབྲེལ་བ་ཐེངས་འགའ་ཤས་བྱུང་ཡོད། འོན་ཀྱང་ད་བར་མགོ་འཁོར་འོག་ལུས་པ་ལྟ་བུའི་ཉམས་མྱོང་ལ་གཞིགས་ཏེ་ད་ཆ་འབྲེལ་བ་བྱེད་ས་ངེས་གཏན་ཁེལ་བ་ཞིག་ཡོང་ཐབས་གནང་གི་ཡོད་པ་དང་ལྷག་པར་དུ་རེ་བ་དེ་རྒྱ་ནག་གི་གཞུང་འབྲེལ་མི་སྣ་དང་ཐད་ཀར་འབྲེལ་བ་ཡོང་ཐབས་གནང་གི་ཡོད་སྐོར་ཡང་གསུངས་སོང་།རྒྱལ་ས་ལྡི་ལིའི་ IIC ལྟེ་གནས་ཁང་གི་ལྷན་ཚོགས་དེའི་སྐབས་རྒྱ་གར་གྱི་ཕྱི་འབྲེལ་གནད་དོན་གྱི་གསར་འགོད་པ་གྲགས་ཅན་ ༢༠ ལྷག་ཙམ་ཞིག་ཕེབས་འདུག་པ་ལྟར།   སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་དང་རྒྱ་གར་དབུས་གཞུང་གི་མཐོ་རིམ་དཔོན་རིགས་ཁག་གི་དབར་འབྲེལ་བ་ཧ་ཅང་ཡག་པོ་ཡོད་པ་དང་། ཕན་ཚུལ་དབར་གོ་ལོག་མི་ཡོང་བའི་ཆེད་དུ་གནད་དོན་ཁག་ཕྱི་གསལ་ནང་གསལ་གི་ཐོག་ནས་སྙན་སེང་ཞུ་ཡི་ཡོད་སྐོར་གསུངས་པ་དང་༸དཔལ་རྒྱལ་དབང་༸ཀརྨ་པའི་གནད་དོན་སྐོར་གསར་འགོད་པས་བཀའ་འདྲི་ཞུས་སོང་པར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་གར་དབུས་གཞུང་དང་རྒྱལ་དབང་༸ཀརྨ་པ་མཆོག་སྐུ་སྒེར་བཅས་ཕྱོགས་གཉིས་ཀར་འབྲེལ་བ་གནང་ཡོད་དང་། རྒྱ་གར་གཞུང་གི་ངོས་ནས་༸ཀརྨ་མཆོག་ཕྱིར་ལོག་ཕེབས་པའི་ཐུབ་རེ་གནང་གི་ཡོད་པ་རེད། འོན་ཀྱང་བོད་མིའི་སྒྲིག་འཛུགས་ངོས་རྒྱ་གར་གཞུང་གི་རེ་འདོད་སྐོང་ཐབས་མེད་པ་དང་༸རྒྱལ་དབང་༸ཀརྨ་པ་མཆོག་གི་སྐུ་སྒེར་གནད་དོན་ཐོག་ཐེ་བྱུས་ཞུ་རྒྱུའི་ཐོབ་ཐང་མེད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་གར་གཞུང་དང་ཕྱོགས་གཉིས་ཀྱི་དབར་བསམ་ཚུལ་བརྗེ་ལེན་གྱི་ཟམ་པ་ལྟ་བུར་མཐུན་རྐྱེན་སྐྲུན་ཐབས་ཤིག་དང་ལར་ནས་འདི་ལོ་༸རྒྱལ་དབང་༸ཀརྨ་མཆོག་དགུང་ལོ་ ༣༧ ལ་ཕེབས་པའི་དགུང་ཀེག་ཡིན་པའི་ཆ་ནས་ཕྱི་མིར་མཇལ་འཕྲད་གནང་གི་མེད་པའི་འགྲེལ་བརྗོད་ཀྱང་གནང་སོང་། སྲིད་སྐྱོང་མཆོག་གིས་ད་དུང་བོད་མིའི་སྒྲིག་འཛུགས་དང་རྒྱ་གར་དབུས་གཞུང་གི་མཐོ་རིམ་དཔོན་ཪིགས་དབར་འབྲེལ་བ་དམ་ཟབ་ཡོད་པ་དང་། རིམ་པས་མ་འོངས་པར་སྲིད་དོན་ཚོགས་པའི་ཆབ་སྲིད་མི་སྣ་ཁག་དང་མཇལ་འཕྲད་གནང་རྒྱུའི་ཆར་གཞི་ཡོད་སྐོར་འགྲེལ་བརྗོད་གནང་སྟེ་ཁ་སང་གི་ལྷན་ཚོགས་དེ་འཇུག་སྒྲིལ་གནང་ཡོད། གནངས་ཉིན་ཕྱི་ཚེས་ ༢༩ ཉིན་སྲིད་སྐྱོང་མཆོག་རྒྱ་གར་བྱང་ཕྱོགས་ཨུ་ཏྲ་ཁནྜ་མངའ་སྡེའི་ལྡེ་ར་ལྡུན་ཁྱབ་ཁོངས་ཀྱི་ས་གནས་འགོ་འཛིན་གྱི་གཞིས་ཆགས་ཁག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གི་ཡོད་པ་རེད།

རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ཀྱི་ལས་ཁུངས་མདུན་དུ་བོད་མིས་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།

ཁ་སང་ཕྱི་ཚེས་ ༢༥ ཉིན་བོད་རང་དབང་ཚོགས་པ་དང་བོད་མི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་དང་བོད་དོན་ལས་འགུལ་བ་འཆི་མེད་ལྷ་མོ་ལགས་གཙོས་བོད་མི་ལས་འགུལ་བ་ཁག་ཅིག་གིས་སླར་འདི་ག་སུད་སུ་གྲོང་ཁྱེར་ Lausanne ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ཀྱི་ལས་ཁུངས་ཨ་མའི་མདུན་དུ་འདས་མཆོད་ཀྱི་ལས་འགུལ་སྤེ་ཏེ་རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ནས་ཨོ་རྩལ་མཐུན་ཚོགས་རང་ཉིད་ཀྱི་རིན་ཐང་ལ་རྒྱབ་གཏོད་བྱས་སོང་ཞེས་པའི་འབོད་ཚིག་འོག་ཨོ་རྩལ་མཐུན་ཚོགས་ལ་ངོ་རྒོལ་གནང་ཡོད་པ་རེད། དེ་བཞིན་སྐབས་དེར་ལས་འགུལ་བ་ཚོས་བོད་ཀྱི་རྒྱལ་དར་འཕྱར་བ་དང་ཕྲེད་དར་ཐོག་ ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་རྩེད་འགྲན་ཚོགས་ཕྱིར་འཐེན་དགོས་པ་དང་རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ནས་འདས་པའི་ལོ་ ༡༠༠ ལྷག་གི་ལོ་རྒྱུས་རྒྱུན་སྐྱོང་བྱེད་བཞིན་པའི་ཨོ་རྩལ་མཐུན་ཚོགས་ཀྱི་མི་རིགས་ཕན་ཚུན་དབར་མཛའ་འབྲེལ་དང་། གུས་བརྩི། དེ་བཞིན་ཁྱད་དུ་འཕགས་པའི་རིན་ཐང་སོགས་ལ་རྒྱབ་གཏོད་བྱས་པར་སྐྱོན་བརྗོད་བྱས་པར་མ་ཟད་ལས་འགུལ་དེའི་བརྒྱུད་རྒྱལ་སྤྱིའི་བརྒྱུད་ལམ་ཁག་དང་རྩེད་འགྲན་པ་ཚོས་ ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་རྩེད་འགྲན་ཚོགས་ཕྱིར་འཐེན་དགོས་པའི་ལས་འགུལ་ཐོག་མཉམ་ཞུགས་གནང་བའི་འབོད་སྐུལ་ཞུས་འདུག

རེས་གཟའ་པ་སངས། ༢༠༢༡།༡༡།༢༦

ཉན་པ།: Listen ཕབ་ལེན། Download ཡོ་རོ་པཱ་ཚོང་འབྲེལ་གླེང་སྟེགས་ཚོགས་རར་བོད་མིས་ངོ་རྒོལ་གྱི་ལས་འགུལ་སྤེལ་བ། ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་སླར་ཐེ་ཝན་དུ་གཟིགས་སྐོར། སྦེང་ལོར་གྲོང་ཁྱེར་ནས་ལྡི་ལི་བར་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་འཆར། འདས་པའི་བདུན་ཕྲག་ནང་གཉན་རིམས་ཕོག་མཁན་དེ་སྔོན་གྱི་གཟའ་འཁོར་ལས་ཇེ་ཉུང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གཞུང་འབྲེལ་ཕྱོགས་ཕེབས་གནང་བ། བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། སྦེང་ལོར་བོད་ཁྱིམ་སྡོད་ཁང་གི་མ་ཚབ་བཀྲིས་བཟང་མོའི་སྐོར། Friday 26/11/2021 Tibetan youth activists interrupt Europa Forum in Lucerne U.S. lawmakers arrive in Taiwan, second trip in a month TYC to hold bike rally from Bangalore to Delhi Weekly positivity rate less, CTA calls for 100% participation in the vaccination drive Sikyong leaves for Delhi, will visit Tibetan settlements in Uttrakhand and HP DIASPORA: Ama Tashi Sangmo, matron of Bangalore Youth Hostel

ཡོ་རོ་པཱ་ཚོང་འབྲེལ་གླེང་སྟེགས་ཚོགས་རར་བོད་མིས་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།

ཁ་སང་ཕྱི་ཚེས་ ༢༥ ཉིན་སུད་སི་གྲོང་ཁྱེར་ Lucerne ནང་ཚོགས་པའི་ ༢༠༢༡ ལོའི་ Europa Forum ཚོང་འབྲེལ་གླེང་སྟེགས་སྐབས་དབྱིན་ཡུལ་ནང་གི་ལོན་ཊོན་དཔལ་འབྱོར་རིགས་གནས་སློབ་ཆེན་གྱི་དགེ་རྒན་ Keyu Jin གྱིས་ཚོགས་འདུའི་ཐོག་སུད་སི་དང་རྒྱ་ནག་དབར་གྱི་ཚོང་འབྲེལ་ཐོག་རྒྱ་ནག་གི་ལྟ་ཕྱོགས་ཞེས་པའི་བརྗོད་གཞིའི་ཐད་ལ་གཏམ་བཤད་གནང་བཞིན་པའི་སྐབས་སུ་ཡོ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱི་ལས་འགུལ་བ་བཞིས་ཚོགས་བཅར་བ་འདུ་འཛོམས་ཆེ་བའི་ཚོགས་ཁང་ནང་ཡར་བཞེངས་ཏེ་བོད་ཀྱི་རྒྱལ་དར་འཕྱར་བ་དང། ཕྲེད་དར་ཐོག་འགྲོ་བ་མིའི་ཐོབ་ཐང་མེད་ན་ཚོང་འབྲེལ་ཡོང་ཐབ་མེད། མི་གསོད་ལག་དམར་བ་དང་མཉམ་དུ་འབྲེལ་ལམ་མ་གནང་རོགས། བོད་ལ་རང་དབང་དགོས། ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཕྱིར་འཐེན་གནང་དགོས་ཞེས་སོགས་སྐད་འབོད་གནང་སྟེ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུགཡོ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞིས་རྩེ་ཚང་བཀྲིས་ལགས་ཀྱིས་རླུང་འཕྲིན་ཁང་ལ་གླེང་སྟེགས་ཀྱི་དྲ་ཚིགས་འདིའི་སྟེང་ནས་འགྲོ་བ་མིའི་ཐོབ་ཐང་མཚོན་པའི་སུད་སི་རྒྱལ་ཁབ་ཀྱི་གཞི་རྩའི་ལྟ་གྲུབ་གསལ་འདོན་བྱས་ཡོད་ཀྱང། དོན་དངོས་ཐོག་ཉིན་གྲངས་གཉིས་རིང་གི་ཚོགས་འདུ་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་གྲོས་གཞི་ཚོགས་འདུའི་གཞི་ཁོངས་སུ་མེད་པར་བརྟེན་ང་ཚོའི་ངོས་ནས་གླེང་སྟེགས་གོ་སྒྲིག་ཚོགས་ཆུང་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ནི་གུ་ཡངས་མེད་ཅེས་པའི་སུད་སི་རྒྱལ་ཁབ་གཞི་རྩའི་ལྟ་གྲུབ་དྲན་སྐུལ་ཞུ་རྒྱུ་དང་རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་བོད་མི་གཙོས་མི་རིགས་གཞན་ཁག་གི་དངོས་ཡོད་གནས་སྟངས་ཇི་ཆགས་ཀྱི་གོ་རྟོགས་སྤེལ་ཆེད་ངོ་རྒོལ་གྱི་ལས་འགུལ་དེ་སྤེལ་ཡིན་པར་འགྲེལ་བརྗོད་གནང་སོང་། ཁ་སང་གི་གླེང་སྟེགས་ཐོག་ཡོ་རོབ་གཞོན་ནུ་མཐུན་ཚོགས་ཀྱི་ལས་འགུལ་བ་འཇིགས་མེད་ལགས་ཀྱིས་སྐབས་དེར་ཚོགས་བཅར་བ་འདུ་འཛོམས་བྱུང་བའི་གླེང་སྟེགས་ཚོགས་རར་ཡར་བཞེངས་ཏེ་རྒྱ་ནག་གཞུང་གིས་བོད་མི་ཐོག་མནར་གཅོད་དང་འཆར་གཞི་ལྡན་པའི་དྲག་གནོན་སྤེལ་བཞིན་ཡོད་པར་མ་ཟད་ཡུ་གུར་མང་ཚོགས་ས་ཡ་གཅིག་ལྷག་ངལ་རྩོལ་བསྒྱུར་བཀོད་ར་བར་བཅུག་པ་དང་། དེ་བཞིན་ཧོ་ཀོང་གི་ཞི་རྒོལ་བའི་ཐོག་དྲག་གནོན་བྱེད་བཞིན་པ་བཅས་ལུང་འདྲེན་གྱིས་དེ་ལྟ་བུའི་དྲག་གནོན་ཅན་གྱི་རྒྱ་ནག་དང་ལྷན་ཚོང་འབྲེལ་གནང་བ་དེ་ནི་བཟང་སྤྱོད་ཀྱི་ཐོག་ནས་དྲང་བདེན་ཞིག་མ་རེད་ཅེས་གསུངས་པ་དང་ཆབས་ཅིག ངེས་པར་དུ་ཐེངས་འདིའི་གླེང་སྟེགས་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་སླེང་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།གཞི་རྩའི་འདི་ལོའི་ ༢༠༢༡ ལོའི་ Europa Forum ཚོང་འབྲེལ་གླེང་སྟེགས་དེ་ཟླ་ ༡༡ ཚེས་༢༤ དང་ ༢༥ བཅས་ཉིན་གཉིས་རིང་སུད་སི་དང་ཡོ་རོབ་གཉིས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་དང་ཆབ་སྲིད་ཀྱི་འབྲེལ་ལམ་སྤེལ་ཕྱོགས་ཀྱི་གླེང་བརྗོད་ཐོག་ཚོགས་ཡོད་ཅིང། ཚོགས་འདུ་ཐོག་སུད་སི་གཞུང་འབྲེལ་མཐོ་རིམ་མི་སྣ་གཙོས་དཔལ་འབྱོར་དང་ཆབ་སྲིད་རྒྱབ་ལྗོངས་མི་འདྲ་བའི་འབྲེལ་ཡོད་མི་སྣ་ ༧༠༠ ནས་མཉམ་ཞུགས་གནང་ཡོད་པ་རེད།ཚོགས་འདུའི་ཉིན་དང་པོ་ཐོག The Society for Threatened Peoples ཞེས་པའི་ཚོགས་པའི་སྣེ་ཁྲིད་འོག་བོད་མི་དང་ཡུ་གུར་བ། ཧོང་ཀོང། དེ་བཞིན་ཐེ་ཝན་མང་ཚོགས་བཅས་ཀྱིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་ངོ་རྒོལ་དང་འབྲེལ། གླེང་སྟེགས་ཐོག་མཉམ་ཞུགས་གནང་མཁན་གྱི་ཆབ་སྲིད་དང་དཔལ་འབྱོར་འབྲེལ་ཡོད་མི་སྣ་རྣམས་ནས་རྒྱ་ནག་དང་མཉམ་དུ་འབྲེལ་མོལ་ནམ་གནང་ཡིན་ལ་ངེས་པར་དུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གཙོར་བཟུང་དགོས་པའི་སྤྱིར་བསྒྲགས་ཤིག་སྤེལ་འདུག་པ་མ་ཟད། གླེང་སྟེགས་ཚོགས་ཡུལ་ཕྱི་ཕྱོགས་སུའང་ལས་འགུལ་བ་ཚོས་སུད་སི་དང་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་གཉིས་ངན་པ་ལག་འབྲེལ་བྱས་པའི་ཟུར་སའི་རི་མོ་བྲིས་པའི་ཕྲེད་དར་ཐོག་འགྲོ་བ་མིའི་ཐོབ་ཐང་མེད་ན་ཚོང་འབྲེལ་ཡོང་ཐབ་མེད། མི་གསོད་ལག་དམར་བ་དང་མཉམ་དུ་འབྲེལ་ལམ་མ་གནང་རོགས། བོད་ལ་རང་དབང་དགོས། ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཕྱིར་འཐེན་གནང་དགོས་ཞེས་སོགས་སྐད་འབོད་གནང་སྟེ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག

སླར་ཡང་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཐེ་ཝན་ལ་གཟིགས་སྐོར།

ཁ་སང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ལྔ་དང་ཁོང་ཅག་གི་ལས་རོགས་ཁག་ཅིག་གི་གཙོ་བྱས་པའི་གཞུང་འབྲེལ་གྱི་མི་སྣ་བཅུ་བདུན་ཐེ་ཝན་དུ་གཟིགས་སྐོར་ལ་ཕེབས་ཏེ་ཐེ་ཝན་གྱི་སྲིད་འཛིན་ལྕམ Tsai Ing-wen ལགས་དང་བདེ་སྲུང་གི་བློན་ཆེན་སྐུ་ཞབས Chiu Kuo-cheng ལགས་སུ་མཇལ་འཕྲད་གནང་འདུགདེ་རིང་ལྷོ་རྒྱ་ནག་གི་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་དྲོར། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་གཙོ་བྱས་པའི་ལས་རོགས་ཁག་ཅིག་ཨ་རིའི་དམག་སྡེ་གནམ་གྲུ་བརྒྱུད་ནས་ཐེ་ཝན་དུ་ཕེབས་ཡོད་པ་དང་། ཐེངས་འདིའི་སྐོར་སྐྱོད་དེ་ནི་ཨ་རིའི་སྲིད་འཛིན་དང་རྒྱ་ནག་གི་སྲིད་འཛིན་གཉིས་ཀྱིས་ཉེ་སྔོན་དྲ་ལམ་ནས་མཇལ་མོལ་བྱས་ཏེ་གླེང་མོལ་འདྲ་མིན་བྱས་པའི་ཁྲོད་ཐེ་ཝན་ནི་ཕྱོགས་གཉིས་བར་གྱི་རྙོག་གླེང་ཞིག་ཆགས་ཡོད་པའི་རྗེས་ནས་ཨ་རིའི་གྲོས་ཚོགས་འཐུས་མི་ཆེད་དུ་ཐེ་ཝན་དུ་གཟིགས་སྐོར་ལ་ཕེབས་པ་ཞིག་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་པ་དང་།  ཐེ་ཝན་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གིས་མདང་དགོང་གནས་ཚུལ་སྤེལ་བའི་ནང་དུ་ཐེངས་འདིའི་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱི་གཟིགས་སྐོར་དང་སྟབས་བསྟུན་གྱིས། ཨ་རི་དང་དང་ཐེ་ཝན་གཉིས་ཀྱི་འབྲེལ་ལམ་སྤྱི་དང་ཐེ་ཝན་གྱི་བདེ་འཇགས། དེ་བཞིན་ཕྱོགས་གཉིས་བར་གྱི་གཉིས་མོས་ཀྱི་མངོན་འདོད་སོགས་ཀྱི་ཐད་ནས་གྲོས་བསྡུར་བྱེད་རྒྱུ་ཡིན་པར་བསྒྲགས་འདུགཐེ་ཝན་གྱི་སྲིད་འཛིན་ལྕམ Tsai Ing-wen ལགས་ཀྱི་མགྲིན་ཚབ་པ་སྐུ་ཞབས Xavier Chang ལགས་ཀྱིས་ཨ་རིའི་གྲོས་ཚོགས་འཐུས་མིའི་གཟིགས་སྐོར་དང་འབྲེལ་ནས་གསར་ལམ་ལ་གནས་ཚུལ་འགྲེལ་བརྗོད་གནང་བའི་ནང་དུ། ཐེངས་འདིར་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་གཟིགས་སྐོར་དུ་ཕེབས་པ་ནི་ཟླ་བ་འདིའི་ནང་དུ་ཨ་རིའི་གྲོས་འཐུས་ཁག་ཐེ་ཝན་དུ་ཕེབས་པ་ཐེངས་གཉིས་བ་དེ་ཆགས་ཡོད་པར་འགྲེལ་བརྗོད་ཀྱིས། གྲོས་ཚོགས་འཐུས་མིའི་གཟིགས་སྐོར་རིམ་པ་དེ་ནི་ཨ་རི་དང་ཐེ་ཝན་གཉིས་ཀྱི་མཛའ་གྲོགས་མཚོན་པ་ཞིག་ཡིན་པ་མ་ཟད། ཨ་རིའི་གྲོས་ཚོགས་ཀྱིས་ཐེ་ཝན་ལ་རྒྱབ་སྐྱོར་ཤུགས་ཆེན་ཡོད་པའི་མཚོན་བྱེད་ཅིག་ཀྱང་ཡིན་ལུགས་ངོ་སྤྲོད་ཀྱིས། ཐེ་ཝན་གྱི་སྲིད་འཛིན་ལས་ཁུངས་ཀྱིས་གྲོས་ཚོགས་འཐུས་མི་རྣམས་ལ་སྣེ་ལེན་ཟབ་རྒྱས་གནང་ཡོད་པར་གསུངས་འདུགཁོང་གིས་ད་དུང་། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མིས་ཐེ་ཝན་ལ་གཟིགས་སྐོར་གནང་བ་དེ་ཡིས་ཨ་རིའི་ངོས་ནས་ཐེ་ཝན་ལ་རྒྱབ་སྐྱོར་གྱིས་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ཀྱི་གཙོ་བྱས་པའི་རྒྱལ་སྤྱིའི་ཚོགས་སྡེ་སྣ་མང་གི་ནང་དུ་ཐེ་ཝན་མཉམ་ཞུགས་བྱ་རྒྱུར་ཨ་རིའི་རྒྱབ་སྐྱོབ་བྱེད་བཞིན་པ་ཞིག་དང་།  དེ་བཞིན་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཇེ་ཟབ་ཏུ་གཏོང་བཞིན་པ་ཞིག་ཡིན་མ་ཟད། ཕན་ཚུན་གྱི་བདེ་འཇགས་ཀྱི་མཚོན་པའི་གནད་དོན་མང་པོ་ཞིག་གི་ཐོག་ལ་གྲོས་བསྡུར་བྱེད་རྒྱུར་ཕན་རླབས་ཐོན་རྒྱུ་ཡིན་པར་བསྒྲགས་འདུག སྤྱིར་དེ་སྔོན་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཐེ་ཝན་དུ་ཕེབས་པ་དང་བསྟུན་ནས།  རྒྱ་ནག་གིས་ཨ་རིའི་བྱེད་བབ་དེ་ནི་རྒྱ་ནག་ལ་ཁོང་ཁྲོ་སློང་བསླངས་བ་ཞིག་ཡིན་པར་ཕྱིར་བསྒྲགས་ཀྱིས། དེ་མ་ཐག་མཐའ་མཚམས་སུ་དམག་སྦྱོང་བྱས་ཏེ་ཨ་རིའི་བྱེད་བབ་དེ་ནི་ནོར་འཁྲུལ་རང་བཞིན་ཞིག་ཡིན་པའི་བརྡ་ལན་སྤྲད་ཡོད་ཀྱང་། ཨ་རིའི་ངོས་ནས་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཐེ་ཝན་ནང་འཚམས་འདྲིར་ཕེབས་པ་དེ་ནི་ཨ་རིའི་ངོས་ནས་ཐེ་ཝན་སྲུང་སྐྱོབ་ཐོག་ཉེན་ཁ་ཡོད་པར་ཐུགས་ཚབ་ཀྱིས་རྟོག་ཞིབ་གནང་བ་ཞིག་ཡིན་པར་བསྒྲགས་ཡོད་པ་རེད།གཞི་རྩའི་ཐེངས་འདིའི་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མིའི་སྐུ་ཚབ་དེ་སྐུ་ཞབས Mark Takano ལགས་ཀྱིས་སྣེ་ཁྲིད་ཡོད་པ་དང་།  སྐུ་ཚབ་ཚོགས་པ་དེས་ཐེ་ཝན་གྱི་མཐོ་རིམ་དཔོན་རིགས་ལ་མཇལ་འཕྲད་ཀྱིས་ཕྱོགས་གཉིས་ཀྱི་ཐུན་མོང་གི་མངོན་འདོད་ཁག་ཅིག་གི་ཐོག་ཏུ་གླེང་མོལ་བྱེད་རྒྱུ་ཡིན་པ་མ་ཟད། ཉིན་གཉིས་ཀྱི་རིང་ལ་གཟིགས་ཞིབ་ཀྱིས་རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་དུ་ཡང་རྟོག་ཞིབ་གནང་རྒྱུ་ཡིན་པ་དང་། ཨ་རིའི་སྲིད་འཛིན་གྱི་ངོས་ནས་ཟླ་བ་རྗེས་མའི་ནང་དུ་རྒྱལ་སྤྱིའི་མང་གཙོའི་ཚོགས་ཆེན་གྱི་ཐོག་ཏུ་རྒྱལ་ཁབ་ ༡༡༠ ལྷག་མགྲོན་འབོད་གནང་ཡོད་པའི་ཁོངས་སུ་ཐེ་ཝན་ཡང་མགྲོན་འབོད་གནང་ཡོད་པ་སོགས་ཀྱིས། ད་ལྟའི་ཆར་རྒྱ་ནག་གིས་ཨ་རིའི་བྱེད་བབ་དེར་སྡང་སེམས་ཆེན་པོ་འཛིན་བཞིན་པ་རེད་འདུག

རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་ནས་རྒྱལ་ས་ལྡི་ལི་བར་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་འཆར།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སླར་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་གཏན་ཁེལ་ཡོད་པ་དང་སྔ་ལོར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་བཞུགས་སྒར་དྷརྨ་ས་ལ་ནས་དབུ་འཛུགས་ཀྱིས་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་འཕགས་བོད་གཉིས་ཀྱི་ས་མཚམས་ཁག་ཅིག་བརྒྱུད་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་སྦག་སྦག་ལྔ་བཅུ་ལྷག་ཡོད་པའི་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་ཀྱང་། ད་རེས་ལྡི་ལི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་མོ་སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་བསྟུན་རྒྱ་གར་ལྷོ་ཕྱོགས་ཀྱི་སྦེང་ལོར་གྲོང་ཁྱེར་ནས་རྒྱལ་ས་ལྡི་ལི་བར་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་གྱི་ཡོད་པ་རེད།ལྡི་ལི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་ཀྱིས་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་དེའི་དམིགས་ཡུལ་གཙོ་བོ་ནི་རྒྱ་ནག་གཞུང་ལ་ཕྱི་ལོ་ ༢༠༢༢ ལོའི་ཨོ་རྩལ་མགྲོན་བདག་བྱ་རྒྱུའི་འོས་བབ་མེད་པའི་གནད་དོན་དེ་ས་གནས་ཀྱི་ཡུལ་མི་དང་སྒོས་རྒྱལ་སྤྱིའི་ནང་བདེན་པ་ར་འཕྲོད་ཐུབ་ཐབས་སླད་དུ་ཡིན་པར་གསུངས་སོང་། ཚེ་རིང་ཆོས་འཕེལ་ལགས་ཀྱིས་ད་དུང་ཐེངས་འདིའི་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་དེ་སྦེང་ལོར་གྲོང་ཁྱེར་ནས་དབུ་འཛུགས་ཀྱིས་རྒྱ་གར་ལྷོ་ཕྱོགས་དང་བྱང་ཕྱོགས་བཅས་ཀྱི་མངའ་སྡེ་ཁག་ ༨ ཙམ་གྱི་ནང་སྐོར་སྐྱོད་གནང་རྒྱུ་མ་ཟད་དུས་ཡུན་ཟླ་བ་གཅིག་གི་རིང་སྐོར་སྐྱོད་གནང་རིང་ལ་མངའ་སྡེ་སོ་སོའི་དཔོན་རིགས་ཚོ་དང་ཐུག་འཕྲད་ཀྱིས་བོད་དོན་ཞུ་གཏུག་དང་ས་གནས་ཀྱི་ཡུལ་མི་ཚོར་བོད་དོན་ངོ་སྤྲོད། གསར་འགྱུར་བརྒྱུད་ལམ་ཁག་ཏུ་བོད་ནང་གི་ཛ་དྲག་གནས་སྟངས་གསལ་བཤད་ཞུ་ཐབས་བཅས་ལ་ཆེད་དམིགས་གནང་བ་ཡིན་སྐོར་གསུངས་ཡོད། ཕྱི་ཟླ་ ༡༢ ཚེས་ ༡༠ སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ནས་དབུ་འཛུགས་གནང་རྒྱུའི་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་དེ་རྒྱ་གར་ལྷོ་ཕྱོགས་ཀྱི་སྦེང་ལོར་གྲོང་ཁྱེར་ནས་སྦག་སྦག་ ༡༠ ནས་ ༡༥ བར་གྱིས་ཟླ་བ་གཅིག་ཙམ་གྱི་རིང་ས་ཐག་ཀི་ལོ་མི་ཀྲར་ ༣༠༠༠ ལྷག་ཙམ་ལ་སྐོར་སྐྱོད་གནང་སྟེ་ཕྱི་ཟླ་དང་པོའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ལས་འགུལ་མཇུག་སྒྲིལ་གནང་འཆར་ཡོད་པ་དང་། ལས་འགུལ་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཁོ་ནས་མཉམ་ཞུགས་གནང་གི་ཡོད་པ་རེད། གཞི་རྩའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པ་དང་། ཚོགས་པའི་ངོས་ནས་རྒྱལ་སྤྱིའི་ནང་ས་གནས་ཀྱི་ཡན་ལག་ཁག་ ༤༠ ཙམ་ཆེད་འཛུགས་དང་ཚོགས་མིར་མི་གྲངས་ ༤༠༠༠༠ མ་ཟིན་ཙམ་ཡོད་པར་གདེང་འཇོག་གནང་གི་ཡོད་པར་མ་ཟད། མང་ཚོགས་ཀྱི་ངོས་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེ་བཙན་བྱོལ་ནང་ནས་ནུས་པ་ལྡན་པའི་བོད་དོན་གྱི་ལས་འགུལ་གཞི་རྒྱ་ཆེ་ཤོས་དང་མང་ཤོས་སྤེལ་མཁན་གྱི་གཞུང་འབྲེལ་མིན་པའི་ཚོགས་པར་ངོས་འཛིན་གནང་གི་ཡོད་པ་རེད། ལྡི་ལི་དེ་ཕྱོགས་གཅིག་ནས་རྒྱ་གར་གྱི་རྒྱལ་ས་དང་ལྷག་པར་དུ་ཕྱིའི་རྒྱལ་ཁབ་ཁག་གི་གཞུང་ཚབ་ཚང་མའི་བསྟི་གནས་ཤིག་ཆགས་ཡོད་སྟབས་ལྡི་ལི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ་ཆབ་སྲིད་ཀྱི་ཐོག་ནས་དབུས་ལས་གནད་འགག་ཆེ་བའི་ཡན་ལག་ཞིག་ཀྱང་ཆགས་ཀྱི་ཡོད་པ་རེད།

Latest news