Tibetan Royal Year of 2151 | Year of the Wood Dragon

ARCHIVE

Yearly Archives: 2021

ཧི་མཱ་ཅལ་ནང་དུ་བྱ་ནད་རྐྱེན་གྱིས་བྱ་མང་དག་ཅིག་ཤི་འདུག

ད་ཆ་འཛམ་གླིང་སྤྱིར་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་རྐྱེན་གྱིས་མང་ཚོགས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་ངལ་བ་བཟོད་གླགས་མེད་པ་མྱངས་དང་མྱོང་པའི་དུས་སྐབས་འདིར་ཧི་མཱ་ཅལ་གཙོས་རྒྱ་གར་གྱི་མངའ་སྡེ་ཁག་ཅིག་གི་ནང་བྱ་ནད་དམ་ Bird Flu ཁྱབ་གདལ་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག ཁ་ས་དང་དེ་རིང་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལ་གཞིགས་ན། ཉེ་ལམ་རྒྱ་གར་གྱི་མངའ་སྡེ་ Haryana དང་ Rajasthan དེ་བཞིན་ Kerala དང་ Madhya Pradesh ནང་བྱ་ནད་ཁྱབ་གསལ་གྱི་རྐྱེན་གྱིས་བྱ་རིགས་མང་དག་ཅིག་འཆི་སྐྱོན་བྱུང་བ་ཤེས་རྟོགས་ཐུབ་ཡོད་པར་མ་ཟད། བཞུགས་སྒར་དྷརྨ་ས་ལའི་ཉེ་འདབས་དང་ཀངྒ་རཱ་རྫོང་ཁོངས་སུ་ཡོད་པའི་ Pong Dam འམ་སྤོང་ཆུ་རགས་ཀྱི་མཚོ་ཆུང་སར་འདས་པའི་བདུན་ཕྲག་ནང་དུ་བོད་གཙོས་པའི་རྒྱལ་ཁབ་གཞན་ནས་ཡོང་བའི་བྱ་ ༡༨༠༠ ལྷག་ཞིག་ཤི་ཡོད་པར་ཤེས་རྟོགས་བྱུང་འདུག ཧི་མཱ་ཅལ་རི་སྐྱེས་སྲོག་ཆགས་ཀྱི་གཙོ་འཛིན་ Archana Sharma ལགས་ཀྱིས་རྒྱ་གར་གྱི་གྲོང་ཁྱེར་ Bareilly ནང་དུ་ཡོད་པའི་ Indian Veterinary Research Institute ནས་ཞིབ་འཇུག་གནང་སྐབས་བྱ་རིགས་དེ་དག་ལ་བྱ་ནད་ཕོག་པའི་རྐྱེན་གྱིས་ཤི་ཡོད་པར་ཤེས་རྟོགས་ཐུབ་འདུག གཞི་རྩའི་བྱ་ཤི་བ་དེ་དག་ཁྲོད་བརྒྱ་ཆ་ ༩༠ ཙམ་ཞིག་དཀྱིལ་ཤར་ཨེ་ཤ་ཡ་དང་ཨུ་རུ་སུ། སོག་ཡུལ་སོགས་ནས་ཡོང་བའི་ Bar-Headed Geese འམ་ཆུ་བྱ་ལྟག་ཁྲ་རེད་འདུག   Archana Sharma ལགས་ཀྱིས་དེ་སྔ་སྤོང་ཆུ་རགས་སར་གནས་ཡུལ་གཞན་ནས་བྱ་འབུམ་གཅིག་ལྷག་ཡོང་གི་ཡོད་ཀྱང་འདི་ལོར་ཁྲི་ལྔ་ལས་འབྱོར་མེད་པར་གསུངས་འདུག  བྱ་ནད་ཁྱབ་གདལ་གྱི་དུས་ཡུན་འདིའི་ཁྲོད་ཧི་མཱ་ཅལ་ཀངྒ་རཱ་རྫོང་དཔོན་སྐུ་ཞབས་ Rakesh Prajapati མཆོག་གིས་ Fatehpur དང་།  Dehra དེ་བཞིན་  Jawali དང་ Indora བཅས་སུ་ཁྱིམ་བྱ་གཙོས་པའི་ཉ་རིགས་དང་སྒོ་ང་སོགས་ཉོ་ཚོང་གནང་རྒྱུར་བཀག་སྡོམ་དང་སྤོང་ཆུ་རགས་ཁུལ་དུ་ཡུལ་སྐོར་སྤྲོ་འཆམ་པ་སོགས་འགྲོ་ཆོག་གི་མེད་པའི་བཀོད་ཁྱབ་གནང་འདུག གཞི་རྩའི་ Haryana དང་ Rajasthan དེ་བཞིན་ Kerala དང་ Madhya Pradesh བཅས་ལ་འདས་པའི་ཉིན་ཤས་ནང་ poultry birds འམ་ཁྱིམ་བྱ་འབུམ་གཅིག་ཙམ་ཞིག་དང་ཕོ་རོག ཆུ་བྱ་མང་དག་ཅིག་ལ་བྱ་ནད་ཕོག་རྐྱེན་ཤི་ཡོད་པར་ར་འཕྲོད་བྱུང་ཡོད་པ་རེད། ལྷག་པར་དུ་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་མངའ་ཁུལ་དུ་འཛིན་སྐྱོང་གིས་བྱ་ནད་ཁྱབ་གདལ་མི་འགྲོ་བར་བྱ་ནད་ཁྱབ་ཁུལ་གྱི་ས་ཚིགས་གཡས་གཡོན་དུ་ཡོད་པའི་ཆུ་བྱ་དང་བྱ་མོ། དེ་བཞིན་ཁྱིམ་བྱའི་རིགས་ཁྲི་བཞི་ལྷག་སོད་ཅིག་ཅེས་བཀའ་རྒྱ་བཏང་འདུག རྩ་བའི་བྱ་ནད་ནི་འགོས་ཁྱབ་ཧ་ཅང་ཆེ་བའི་ནད་གཞི་ཞིག་ཡིན་པ་དང་། ནད་གཞི་དེ་གཙོ་བོ་ H5N1 ཞེས་པའི་གཉན་སྲིན་ལས་བྱུང་གི་ཡོད་པར་མ་ཟད། ད་ལན་རྒྱ་གར་ནང་དུ་བྱ་ནད་ཁྱབ་གདལ་འགྲོ་བཞིན་པ་དེ་ས་གནས་གཞན་ནས་ཡོང་བའི་བྱ་རིགས་ལས་འགོས་ཁྱབ་བྱུང་བར་དོགས་པ་གནང་གི་འདུག  འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ནད་གཞི་དེ་མིར་སྐབས་འགར་འགོས་སྲིད་ཀྱང་མི་ནས་མིར་འཆར་ཅན་ལྟར་འགོས་ཁྱབ་བྱུང་གི་མེད་ཅེས་བརྗོད་འདུག

རེས་གཟའ་ཟླ་བ། ༢༠༢༡།༠༡།༠༤

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་ལྕམ་སྐུ་ Nancy Pelosi མཆོག་ལ་འཚམས་འདྲི་མཛད་པ། ལ་དྭགས་ཁུལ་དུ་མི་གྲངས་ ༡༩༢ ཀྱིས་བསྐྱར་དུ་འོས་ཤོག་འཕངས་འདུག རྒྱ་གཞུང་ནས་བཙན་བྱོལ་བོད་མི་ཚོས་མང་གཙོ་ཕྱག་བསྟར་གནང་ཕྱོགས་ལས་མིག་དཔེ་ལེན་དགོས། སྔོན་འགྲོའི་འོས་བསྡུ་ཟིན་རྗེས་འོས་སྒམ་བདག་གཉེར་དང་གྲངས་བཤེར་ཇི་ལྟར་གནང་ངམ། རྒྱ་གར་གཞུང་ནས་རིན་མེད་ཐོག་སྔོན་ཁབ་འགྲེམས་སྤེལ་གནང་གི་རེད། Monday 04/01/2021 Dalai Lama, Tibetan leadership congratulate Nancy Pelosi for Re-election as House Speaker 192 Tibetans cast ballot again in Ladakh after ‘voter fraud’ incident China should learn from our democracy: Sikyong Tibet Election 2021: What happens after the polls close? Oxford vaccine at ₹ 1,000 if centre allows sale

༸གོང་ས་མཆོག་གིས་ལྕམ་སྐུ་ Nancy Pelosi མཆོག་ལ་འཚམས་འདྲི་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་སླར་ཡང་མདང་དགོང་སླར་ཡང་ཐེངས་བཞི་པར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་བསྐོ་བཞག་བྱུང་བར་དགའ་བསུའི་འཚམས་འདྲི་མཛད་འདུགའཚམས་འཕྲིན་དེའི་ནང་དུ་མགོན་པོ་༸གང་ཉིད་མཆོག་གིས་ལྕམ་སྐུ་ Nancy Pelosi མཆོག་གིས་སླར་ཡང་གྲོས་ཚོགས་ཀྱི་ཚོགས་གཙོའི་ངོ་བོའི་ཐོག་ནས་མུ་མཐུད་ཨ་རིའི་མི་མང་གི་རེ་བ་དང་མངོན་འདོན་ཁག་བསྒྲུབ་རྒྱུ་མ་ཟད། འཛམ་གླིང་ཞི་བདེ་དང་འཆམ་མཐུན་སྐྲུན་རྒྱུར་གལ་གནད་ཆེ་བའི་གོ་བབ་ཅིག་འཛིན་རྒྱུར་མགོན་པོ་༸གང་ཉིད་མཆོག་ལ་ཐུགས་དོགས་རྩ་བ་ནས་མེད་ཅེས་བཀའ་སྩལ་འདུག དེ་བཞིན་ལྕམ་སྐུ་མཆོག་གིས་ལོ་མང་གི་རིང་ལ་བོད་དོན་རྒྱབ་སྐྱོར་དང་མགོན་པོ་༸གང་ཉིད་མཆོག་ལ་མཛའ་གྲོགས་ཀྱི་འདུ་ཤེས་བཅིངས་པ་སོགས་ལ་༸གོང་ས་མཆོག་ནས་དུས་རྟག་ཏུ་བཀའ་དྲིན་ཆེན་པོར་ཚོར་བཞིན་ཡོད་སྐོར་བཀའ་སྩལ་བ་དང་འབྲེལ། ལྕམ་སྐུ་མཆོག་ལ་ཕྱི་ལོ་གསར་ཚེས་ཀྱི་འཚམས་འཕྲིན་དང་སྨོན་འདུན་མཛད་འདུགབོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ལྕམ་སྐུ་མཆོག་སླར་ཡང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་པ་དང་སྦྲགས། ལྕམ་སྐུ་མཆོག་གི་འཇིགས་ཞུམ་བྲལ་བའི་དབུ་ཁྲིད་ཀྱིས་དཀའ་ངལ་ལ་ལྟོས་མེད་ཀྱིས་འཛམ་གླིང་ནང་གི་གལ་གནད་ཆེ་བའི་གནད་དོན་ཡོངས་ཀྱིས་མཚོན་པའི་འགྲོ་བ་མིའི་ཐོབ་ཐང་སོགས་ལ་དྲང་བདེན་ཐོག་རྒྱབ་སྐྱོར་བླ་མེད་གནང་ཡོད་སྐོར་སོགས་གསུངས་འདུག ལྷག་དོན་སྲིད་སྐྱོང་མཆོག་གིས་ང་ཚོ་བོད་མི་རྣམས་ནས་ལྕམ་སྐུ་མཆོག་གིས་དུས་རྒྱུན་ནས་རྒྱ་ནག་གིས་བོད་ནང་གི་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་ཁག་གཙོས་པའི་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་ཡོང་བར་རྒྱབ་སྐྱོར་ཤུགས་ཆེར་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་པ་དང་ཆབས་ཅིག་ཏུ་རྒྱལ་ཁབ་གཞན་རྣམས་ཀྱིས་ཀྱང་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་དོན་ལྟར་དེ་མཚུངས་གནང་སྐྱོང་ཡོང་བའི་རེ་སྐུལ་ཡང་ཞུས་འདུག

ལ་དྭགས་ཁུལ་དུ་མི་གྲངས་ ༡༩༢ ཀྱིས་བསྐྱར་དུ་འོས་ཤོག་འཕངས་འདུག

ཁ་སང་ཕྱི་ལོ་་༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་དང་འབྲེལ་ནས་སྤྱི་ཚོགས་དྲ་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ལ་དྭགས་ནང་གི་བརྒྱ་ཤོག་བརྒྱད་པའི་ཁུལ་དུ་འོས་བསྡུ་གནང་བའི་སྐབས་སུ། ཁུལ་དེའི་ཡིག་རྨོངས་བ་རྣམས་ལ་རོགས་འདེགས་ཀྱི་ཆེད་དུ་ལ་དྭགས་བོད་ཁྱིམ་གྱི་དགེ་རྒན་ཞིག་བསྐོ་བཞག་བྱས་པ་དང་། ཁོང་གིས་ཡིག་རྨོངས་བ་ཞིག་ལ་རོགས་རམ་བྱས་པའི་བརྒྱུད་རིམ་ཁྲོད་དུ་སྲིད་སྐྱོང་གི་འོས་བསྡུའི་འགེངས་ཤོག་གི་ནང་དུ་དོ་བདག་གིས་སྲིད་སྐྱོང་གི་འོས་མི་རྒྱ་རི་སྒྲོལ་མ་ལགས་ཕྲིས་ཞེས་སྐུལ་མ་གནང་ཡོད་ཀྱང་། དགེ་རྒན་དེས་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཀྱི་མཚན་བྲིས་ཡོད་པ་ར་འཕྲོད་བྱུང་ཡོད་ལུགས་ཀྱི་གནད་དོན་ཞིག་ཁྱབ་བརྡལ་འགྲོ་བཞིན་པ་རེད། དེ་རིང་འདི་གའི་གསར་འགོད་པས་ལ་དྭགས་ཀྱི་ལ་སྤྱི་ཚེ་བརྟན་དབང་ཕྱུག་ལགས་སུ་ཞལ་པར་བརྒྱུད་ནས་གནས་ཚུལ་དེའི་ཐད་ལ་རྒྱུས་ལོན་བྱས་པར་ཁོང་གིས། གནས་ཚུལ་དེ་དངོས་བདེན་ཡིན་པ་དང་། ཡིག་རྨོངས་བ་རྣམས་ལ་རོགས་འདེགས་བྱེད་མཁན་གྱི་དགེ་རྒན་དེས་དོ་བདག་གིས་ཕྲིས་ཞེས་པ་དེ་མ་བྲིས་བར་འོས་མི་གཞན་ཞིག་གི་མཚན་བྲིས་ཡོད་པ་ཤེས་རྟོག་བྱུང་མ་ཐག་འཕྲལ་དུ་དགེ་རྒན་དེ་ཡུལ་དངོས་ཀྱི་འོས་བསྡུའི་ལས་གནས་ལས་གནས་དབྱུང་བཏང་ཡོད་སྐོར་ངོ་སྤྲོད་གནང་སོང་། དེ་བཞིན་གསར་འགོད་པས་ལ་སྤྱི་ལགས་སུ་རོགས་འདེགས་བྱེད་མཁན་གྱི་དགེ་རྒན་དེའི་ཁོང་གིས་ཁ་སང་གི་འོས་བསྡུའི་རྙོག་གླེང་དེར་ཁས་ལེན་གནང་ཡོད་མེད་ཀྱི་ཐད་ནས་བཀའ་འདྲི་ཞུས་པར། རོགས་འདེགས་བྱེད་མཁན་གྱི་དགེ་རྒན་དེ་དང་འོས་ཤོག་འཕེན་མཉན་གྱི་དོ་བདག་གཉིས་ངོ་གཏུག་གིས་གནས་ཚུལ་ཞིབ་བསྡུར་བྱས་པའི་སྐབས་སུ་དགེ་རྒན་དེའི་སྐད་ཆར་ཆ་འཇོག་བྱེད་དཀའ་བའི་གནས་སུ་གྱུར་ཡོད་སྟབས། དབུས་འོས་བསྡུ་ལས་ཁང་ལ་སྙན་གསེང་ཞུས་ཏེ་འོས་ཤོག་འཕངས་ཟིན་པའི་མི་ ༡༩༢ གྱིས་བསྐྱར་དུ་འོས་ཤོག་འཕངས་ཡོད་པར་ངོ་སྤྲོད་གནང་སོང་། གཞི་རྩའི་རྒྱ་གར་གྱི་ནང་ཁུལ་ལྟ་བུར་མཚོན་ན་ཁ་སང་གི་འོིས་བསྡུ་དེ་ཞོགས་པའི་ཆུ་ཚོད་ ༨ པ་ནས་དགོང་དྲོའི་ཆུ་ཚོད་ལྔ་བའི་བར་དུ་འོས་འཕེན་གནང་གྲུབ་དགོས་བའི་དབུས་འོས་ལས་ཁང་གི་སྒྲིག་གཞི་སྔོན་སོང་ལྟར། གསར་འགོད་པས་འོས་བསྡུ་བསྐྱར་དུ་གནང་བ་བརྒྱུད་ནས་དགོང་དྲོའི་ཆུ་ཚོད་ ༧ པའི་བར་དུ་འོས་བསྡུ་མཚམས་འཇོག་གནང་མ་ཐུབ་པའི་གནས་ཚུལ་ཞིག་ཡོང་བཞིན་པ་དེར་དབུས་འོས་བསྡུ་ལྷན་ཁང་གི་ཆོག་མཆན་ཐོབ་ཡོད་མིན་དང་། འོས་བསྡུའི་ཁྲིམས་སྒྲིག་གི་དགོངས་དོན་དང་འགལ་འཛོལ་བྱུང་བར་ངོས་འཛིན་གནང་གི་ཡོད་མེད་ཀྱི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གིས། འོས་བསྡུ་བསྐྱར་དུ་བྱེད་དུས་ཆུ་ཚོད་གསུམ་པ་ཡིན་པར་བརྟེན་ཆུ་ཚོད་ཏོག་ཙམ་འཕར་འགྱངས་ཞུ་དགོས་བར་འཁེལ་ཡོད་པ་དང་། དེ་ནི་ས་གནས་འོས་བསྡུ་ལས་ཁང་གི་འགན་དབང་འོག་གི་གུ་ཡངས་ཀྱི་རྣམ་པ་ཞིག་ཡིན་པར་ངོས་འཛིན་གནང་བཞིན་ཡོད་པར་གསུངས་སོང་།དེ་བཞིན་ཁོང་གིས་གཞི་རྩའི་འོས་བསྡུ་བསྐྱར་དུ་བྱས་པ་བརྒྱུད་ནས། མི་མང་གི་སེམས་སུ་འོས་བསྡུའི་ལས་རིམ་དེ་དྲང་པོ་མ་བྱུང་བ་ལྟ་བུའི་དོགས་གཞི་རིགས་ཡོངས་སུ་སེལ་ཟིན་ནའང་། མང་ཚོགས་ཀྱིས་དགེ་རྒན་དེའི་དྲང་བདེན་མིན་པའི་འགལ་འཛོལ་གྱི་བྱས་ཉེས་དེར་འོས་བསྡུའི་ཁྲིམས་སྒྲིག་གི་དགོངས་དོན་འོག་ཉེས་ཆད་གཅོད་དགོས་བའི་དགོངས་ཚུལ་བྱུང་གི་ཡོད་པ་ལྟར། དེ་རིང་དེར་འབྲེལ་གྱི་ཚོགས་འདུ་ཞིག་འཚོག་རྒྱུ་ཡིན་པར་གསུངས་སོང་། གཞི་རྩའི་ཁ་སང་གི་འོས་བསྡུའི་ལས་རིམ་དེ་སྤྱི་ཡོངས་ཀྱི་ཆ་ནས་རྙོག་གླེང་གི་རིགས་མེད་པར་ལེགས་འགྲུབ་བྱུང་ཡོད་ནའང་། མི་རེ་འགའི་རང་འོས་ཤོག་གི་ངོ་བཤུས་པར་བླངས་ཏེ་རང་གི་ངོ་དེབ་ཏུ་སྤེལ་བ་སོགས་ཀྱི་གནད་དོན་ཁག་ཅིག་སྤྱི་ཚོགས་དྲ་ལམ་དུ་ཐོན་ཡོད་པ་དང་། དེ་བཞིན་རང་བཙན་ལག་དེབ་དེབ་སྐྱེལ་གྱི་ཁྲོད་ནས་མི་སྒེར་གྱི་ཆོལ་ཁོངས་དེབ་སྐྱེལ་བྱས་བ་ནོར་བ་དང་། གཞན་ཡང་དེབ་སྐྱིལ་བྱས་ཟིན་ནའང་། སྲིད་སྤྱི་ཞེས་པའི་ཡིག་འབྲུ་གཉིས་འཁོད་མེད་པ་སོགས་ཀྱི་གནད་དོན་དང་འབྲེལ་ནས་མི་འགའ་ཞིག་གིས་དུས་ཐོག་ཏུ་འོས་ཤོག་བླུགས་མ་ཐུབ་སོགས་ཀྱི་གནད་དོན་ཁག་ཅིག་བྱུང་འདུག

རྒྱ་གཞུང་ནས་བཙན་བྱོལ་བོད་མི་ཚོས་མང་གཙོ་ཕྱག་བསྟར་གནང་ཕྱོགས་ལས་མིག་དཔེ་ལེན་དགོས།

ཁ་སང་ཕྱི་ཟླ་ ༡ ཚེས་ ༣ ཉིན་བྱེས་འཁོད་བོད་མི་ཚོས་མང་གཙོའི་ཁེ་དབང་ལོངས་སུ་སྤྱད་ནས་ཕྱི་ལོ་ ༢༠༢༡ ལོའི་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོར་མཉམ་ཞུགས་དང་འབྲེལ། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་གནང་བའི་མང་གཙོ་དེ་རྒྱལ་སྤྱིའི་མང་གཙོའི་རྒྱལ་ཁབ་ཁག་དང་དཔུང་པ་མཉམ་གཤིབ་ཀྱིས་འགྲོ་བཞིན་པ་འདིས་རྒྱ་གཞུང་ལ་བརྡ་ལན་གསལ་པོ་ཞིག་བཏང་ཡོད་པ་གསུངས་ཡོད།ཁ་སང་བཙན་བྱོལ་བོད་མིའི་གནས་ཡུལ་རྒྱ་གར་ནང་གི་གཞིས་སྒར་ཁག་ཏུ་བོད་མི་ཚོས་མང་གཙོའི་ཁེ་དབང་ལོངས་སུ་སྤྱད་ནས་ ༢༠༢༡ ལོའི་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོ་དངོས་སུ་དབུ་འཛུགས་གནང་ཡོད་པ་ལྟར། འདི་ག་རྒྱ་གར་བྱང་ཕྱོགས་༸རྒྱའི་བའི་བཞུགས་སྒར་དྷ་རམ་ས་ལར་མཚོན་ན་འོས་བསྡུ་གནང་ཡུལ་གྱི་ས་ཚིགས་ ༡༦ ཐོག་བོད་མི་སེར་སྐྱ་མི་མང་རྣམས་འཚང་ཁ་ཤིག་ཤིག་ངང་ཕེབས་ཏེ་འོས་ཤོག་འཕངས་ཡོད་ཅིང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་དབུས་པའི་ལྷན་ཁང་ཁག་གི་བཀའ་བློན་རྣམས་དབུས་སྨན་རྩིས་ཁང་དུ་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུར་ཆ་ཤས་བཞེས་ཡོད།སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསར་ཁང་ཁག་གི་བཅར་འདྲིར་དང་ལེན་གནང་སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱེས་འཁོད་བོད་མི་རྣམས་འཛམ་གླིང་ཡུལ་གྲུ་གང་སར་གནས་ཀྱང་ཚང་མས་མང་གཙོའི་ཁེ་དབང་ལོངས་སུ་སྤྱད་ནས་འོས་བསྡུར་ཆ་ཤས་བཞེས་ཡོད་པ་དང་ལྷག་དོན་བོད་ནང་གི་བོད་མིའི་མངོན་འདོད་ནི་མང་གཙོ་ཡིན་པ་དང་། རྒྱ་ནག་ནང་ཡོད་པའི་རྒྱ་རིགས་མང་ཚོགས་རྣམས་ཀྱི་མངོན་འདོད་ཀྱང་མང་གཙོ་ཡིན་སྟབས། རྒྱ་གཞུང་གིས་བཙན་བྱོལ་བོད་མི་རྣམས་ཀྱིས་མང་གཙོའི་ལམ་བཟང་ཕྱག་བསྟར་གནང་ཕྱོགས་ལས་མིག་དཔེ་ལེན་དགོས་གལ་ཡིན་པ་གསུངས་ཡོད།དེ་བཞིན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་ནས་ཐེ་ཝན་དང་ཧོང་ཀོང་ནང་དམ་དྲག་བཀག་སྡོམ་ཤུགས་ཆེ་བྱེད་ཀྱི་ཡོད་ཀྱང་མང་ཚོགས་རྣམས་ཀྱིས་མང་གཙོ་ཕྱག་བསྟར་ཇི་ལྟར་གནང་བཞིན་པ་དེ་དག་ལ་བལྟས་ནས་མང་གཙོ་འདི་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་པ་དང་ལྷག་དོན་བོད་ནི་རྒྱ་ནག་གིས་བཙན་བཟུང་འོག་ཉིན་རེ་བཞིན་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དེ་ལྟར་ཡང་། བཙན་བྱོལ་བོད་མི་རྣམས་ཀྱིས་རྒྱ་གཞུང་གིས་ཀླ་ཀློ་ལྟ་བུའི་བྱ་སྤྱོད་སྤེལ་བཞིན་པའི་གནས་སྟངས་འོག་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་པའི་གཞིས་ལུས་བོད་མི་རྒྱ་ཆེ་མང་ཚོགས་དུས་ནམ་ཡང་བརྗེད་ཐབས་མེད་ཅེས་གསུངས་འདུགསྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ང་ཚོའི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་རྩོད་ཀྱི་ཡོད་པ་ལྟར་མུ་མཐུད་ནས་དེ་ལྟར་གནང་རྒྱུ་ཡིན་ཞེས་འགྲེལ་བརྗོད་དང་སྦྲགས། ད་ལན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་བཞེངས་མཁན་ཡོངས་ལ་རྗེས་སུ་ཡི་རང་དང་ལྷག་དོན་སྲིད་སྤྱི་གཉིས་ཀྱི་འོས་མིར་གང་ཟག་སུ་མི་སུ་འདྲ་ཞིག་ཕེབས་ཀྱང་། ཁོང་རྣམ་པས་བོད་མིའི་སྒྲིག་འཛུགས་ཆེད་དུ་ཐུགས་འཁུར་བཞེས་དགོས་པ་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་དང་མཐུན་པའི་ཞབས་ཕྱི་ཞུ་དགོས་ཡོད་པར་བརྟེན་ཕྱག་ལས་གང་གནང་ཐམས་ཅད་ལམ་ལྷོང་ཡོང་བའི་སྨོན་འདུན་དང་ང་ཚོས་ཁོང་རྣམ་པར་རྡོག་རྩ་ཆིག་སྒྲིལ་གནང་ཐོག་རྒྱབ་སྐྱོར་གནང་དགོས་གལ་ཡིན་པ་སོགས་གསུངས་འདུགགཞི་རྩའི་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོ་སྐབས་འོས་འཕེན་པའི་མིང་གཞུང་དེབ་སྐྱེལ་གནང་མཁན་མི་གྲངས་ཁྲི་བརྒྱད་ལྷག་བྱུང་ཡོད་པ་དང་། ལྷག་པར་དུ་འདི་ལོ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་རྐྱེན་གྱིས་ཁྱོན་འོས་བསྡུ་གནང་ཡུལ་གྱི་སྡེ་ཚན་མི་འདྲ་བ་ ༥༠༠ ལྷག་གྲ་སྒྲིག་གནང་ཡོད་པར་མ་ཟད། བཙན་བྱོལ་བོད་མིའི་འོས་བསྡུ་ལས་རིམ་ཡོངས་རྫོགས་ལེགས་གྲུབ་ཀྱིས་ཚོུད་ ༢༤ རྗེས་སུ་ས་གནས་སོ་སོར་ཉིན་གྲངས་བདུན་གྱི་ནང་ཚུད་སྔོན་འགྲོའི་འོས་ཤོག་གྲངས་བཤེར་གནང་ནས་དབུས་འོས་བསྡུ་ལས་ཁང་ལ་ཕུལ་དགོས་ཀྱི་འདུག དབུས་འོས་བསྡུ་ལས་ཁང་ནས་ཕྱི་ཟླ་ ༢ ཚེས་ ༨ ཉིན་སྒྲིག་གསལ་འོས་དམིགས་དྲུག་ལས་མ་མང་བ་སྔོན་གྲོའི་འོས་གཞིར་གསལ་བསྒྲགས་གནང་གཏན་ཁེལ་ཡོད་པ་རེད།

སྔོན་འགྲོའི་འོས་བསྡུ་ཡོངས་རྫོགས་ཟིན་རྗེས་འོས་སྒམ་བདག་གཉེར་དང་གྲངས་བཤེར་ཇི་ལྟར་གནང་ངམ།

ཁ་སང་ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༡ ཚེས་ ༣ ཉིན་བཙན་བྱོལ་བོད་མི་རྣམས་ཀྱིས་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོར་མཉམ་ཞུགས་གནང་ཡོད་པ་དང་། ཐོག་མའི་འཆར་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམ་རྐྱེན་པས་ཐེངས་འདིའི་འོས་བསྡུ་ཆེན་མོར་དོ་ཕོག་དང་བར་ཆད་རིགས་འཕྲད་སྲིད་པར་ཐུགས་འཚབ་ཆེན་པོ་བྱུང་ཡོད་ཀྱང་། རྒྱལ་ཁབ་ཁག་ཅིག་ཏུ་སྔོན་འགྲོའི་འོས་བསྡུ་ཉིན་གཅིག་དང་ཁག་ཅིག་ཏུ་ཉིན་གཉིས་བཅས་སོ་སོར་སྔ་སྣུར་གནང་ཡོད་པ་དང་། གཞན་ཡང་ས་གནས་སོ་སོའི་མཐུན་རྐྱེན་ལ་གཞིགས་ཏེ་ཟུར་བཀག་ལ་བཞུགས་པའི་བོད་མི་མི་ཉུང་བ་ཞིག་འོས་བསྡུར་མཉམ་ཞུགས་གནང་མ་ཐུབ་པ་བྱུང་བ་མ་གཏོགས་ད་ལྟ་བར་དུ་ངལ་བ་ཆེ་བ་གང་ཡང་འཕྲད་མེད་པ་རེད།ད་ཆ་སྔོན་འགྲོའི་འོས་བསྡུ་ཆེན་མོ་ལེགས་གྲུབ་དང་བསྟུན་མང་ཚོགས་ཁྲོད་དྲི་བ་ཁག་ཅིག་གླེང་སློང་གནང་བཞིན་པ་ནི་འོས་སྒམ་བདག་གཉེར་དང་གྲངས་བཤེར་གནང་ཕྱོགས། དེ་བཞིན་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་དུས་ནམ་ཡིན་དེ་དག་ཆགས་ཡོད་པ་རེད།རླུང་འཕྲིན་ཁང་ལ་ཁ་སང་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་སྔོན་འགྲོའི་འོས་བསྡུ་ཆེན་མོ་གྲུབ་ཟིན་རྗེས་ཕྱག་ཚོད་ཉི་ཤུ་རྩ་བཞིའི་རྗེས་སུ་་གྲངས་བཤེར་གནང་རྒྱུ་དབུ་འཛུགས་གནང་དགོས་སྟབས་ས་གནས་ཁག་ཁ་ཤས་ཀྱིས་སྔོན་འགྲོའི་འོས་བསྡུ་སྔ་སྣུར་གནང་རྐྱེན་འོས་སྒམ་ཉིན་གྲངས་གཅིག་དང་གཉིས་ཀྱི་རིང་ཉར་གནང་དགོས་པ་ཆགས་ཡོད་ཀྱང་། ས་གནས་ཁག་ཏུ་འོས་སྒམ་ཇི་ཡོད་རྣམས་བདག་གཉེར་ལེགས་པོ་གནང་གི་ཡོད་སྐོར་གསུངས་ཡོད། སྤྱིར་བཙན་བྱོལ་བོད་མའི་འོས་བསྡུའི་སྒྲིག་གཞིའི་ནང་གསལ་དོན་ལྟར་ན། འོས་སྒམ་ལ་རྟགས་ཐེལ་རྒྱག་པའི་སྐབས་ས་གནས་འོས་བསྡུ་ལས་ཁང་དུ་འགན་འཛིན་དང༌འགན་འཛིན་ལས་རོགས། ཟུར་དཔང་གི་གསུམ་ཆ་གཉིས་ངེས་པར་དུ་འཛོམས་དགོས་པ་དང་། བཙན་བྱོལ་བོད་མིའི་སྔོན་འགྲོའི་འོས་དེ་ཡོངས་སུ་གྲུབ་ཟིན་པའི་རྗེས་ཀྱི་ཕྱག་ཚོད་ཉི་ཤུ་རྩ་བཞིའི་རྗེས། ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་  ༡ ཚེས་ ༥ ནས་ཕྱི་ཚེས་ ༡༡ བར་ཉིན་གྲངས་ ༧ རིང་འོས་ཤོག་གྲངས་བཤེར་གནང་རྒྱུའི་དུས་ཚོད་བཞག་ཡོད་པ་རེད།དེ་རྗེས་ཕྱི་ཚེས་ ༢༢ ནང་ཚུད་སྔོན་འགྲོའི་འོས་ཤོག་གི་བྱུང་སོང་བསྡད་གསུམ་གྱི་གནས་སྟངས་དང་གྲངས་བཤེར་ཕྱོགས་བསྡོམས་དབུས་འོས་བསྡུ་ལས་ཁང་དུ་འབྱོར་ནས་ཕྱི་ཟླ་ ༡ ཚེས ༢༩ ནས་ཕྱི་ཟླ་ ༢ ཚེས་ ༠༧ བར་ལ་དབུས་འོས་བསྡུ་ལས་ཁང་ནས་སྔོན་འགྲོའི་འོས་ཤོག་གྲངས་བཤེར་ཕྱོགས་བསྡོམས་གནང་རྗེས། ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༢ ཚེས་ ༠༨ ཉིན་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་གཞིའི་གསལ་བསྒྲགས་དང་། དེ་བཞིན་ཕྱི་ཟླ་ ༣ ཚེས་ ༢༡ ཉིན་དངོས་གཞིའི་འོས་གཞི་གསལ་བསྒྲགས་གནང་རྒྱུ་ཡིན་པ་རེད།དེའི་བར་ན། ཨ་རི་ནང་དེ་སྔ་ས་གནས་ཁག་གི་འོས་སྒམ་ལ་རྟགས་ཐེལ་རྒྱག་པའི་སྒོ་ནས་ས་གནས་འོས་བསྡུ་ལས་ཁང་གི་འགན་འཛིན་དང༌འགན་འཛིན་ལས་རོགས། ཟུར་དཔང་གི་གསུམ་ཆ་གཉིས་ངེས་པར་དུ་ཨ་རི་དོན་གཅོད་ལས་ཁུངས་སུ་ཕེབས་ནས་གྲངས་བཤེར་གནང་གི་ཡོད་རུང་། འདི་ལོར་ཏོག་དབྱིབས་གཉེན་རིམས་ཀྱི་རྐྱེན་གྱིས་དབུས་འོས་བསྡུ་ལས་ཁང་ནས་བཀའ་འཁྲོལ་གནང་བའི་སྒོ་ནས་ས་གནས་ཁག་གི་འོས་སྒམ་བསྣམས་ནས་སྐུ་ཚབ་དོན་ཁང་དུ་ཆེད་བཅར་ཞུ་མི་དགོས་པར་ས་གནས་འོས་བསྡུའི་ཁོངས་སུ་འཕྲལ་སེལ་གྱི་འོས་བསྡུའི་འགན་འཛིན་ལས་རོགས་བསྐོ་བཞག་གནང་སྟེ་ཕྱི་ཚེས་ ༥ ནས་ས་གནས་སོ་སོར་གྲངས་བཤེར་གནང་གི་ཡོད་པ་རེད་འདུག ཁ་སང་འདི་ག་རླུང་འཕྲིན་ཁང་གིས་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་སུ་ས་གནས་ཀྱི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་བཀའ་འདྲི་ཞུས་སྐབས་འདི་ལོར་ཏོག་དབྱིབས་གཉན་རིམས་དང་ས་གནས་གཞུང་གི་ཁྲིམས་སྒྲིག་སོགས་དུ་མར་བརྟེན་ནས་འོས་བསྡུའི་ལས་རིམ་ལ་ཉིན་གྲངས་གཉིས་དང་གསུམ་བཅས་སོ་སོར་སྔ་སྣུར་བྱ་རྒྱུ་གཙོས། དེ་སྔ་ཨ་རིའི་ཁྱབ་ཁོངས་ས་གནས་ཁག་གི་འོས་ལེགས་གྲུབ་རྗེས་སུ་ས་གནས་འོས་བསྡུ་ལས་ཁང་གི་འཐུས་མི་གསུམ་ཆ་གཉིས་ནས་འོས་སྒམ་བསྣམས་ནས་དོན་ཁང་དུ་གྲངས་བཤེར་སླད་ཆེད་ཕེབས་གནང་དགོས་ཀྱི་ཡོད་སྟབས། དོན་ཁང་དུ་འཐུས་མི་བརྒྱ་ལྷག་ལྷན་འཛོམས་བྱུང་གི་ཡོད་སྟབས། འདི་ལོར་ཏོག་དབྱིབས་གཉན་རིམས་དང་ཡུལ་ཁྲིམས་ལ་གཞིགས་ཏེ་དབུས་འོས་བསྡུ་ལས་ཁང་ནས་བཀའ་འཁྲོལ་གནང་ཐོག་ས་གནས་འོས་བསྡུའི་ཁོངས་སུ་འཕྲལ་སེལ་གྱི་འོས་བསྡུའི་འགན་འཛིན་ལས་རོགས་བསྐོ་བཞག་གནང་ནས་ཕྱི་ཚེས་ ༥ ནས་ས་གནས་སོ་སོར་གྲངས་བཤེར་གནང་གི་ཡོད་དང་། གྲངས་བཤེར་གྲུབ་མཚམས་སུ་གློག་འཕྲིན་བརྒྱུད་ཕུལ་དགོས་ཀྱི་ཡོད་པར་མ་ཟད། གློག་འཕྲིན་བརྒྱུད་ཐོ་གཞུང་འབྱོར་མཚམས་སུ་རྒྱལ་སའི་ཁུལ་གྱི་ས་གནས་འོས་བསྡུའི་ཚོགས་ཆུང་གི་ཚོགས་མི་རྣམས་གདན་ཞུ་གནང་སྟེ་ཕྱོགས་བསྡོམས་གནང་ནས་གསལ་བསྒྲགས་གནང་རྒྱུ་ཡིན་པ་གསུངས་ཡོད།ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཨ་རི་ཁུལ་དུ་བོད་མི་ཆིག་ཁྲི་བཞི་སྟོང་ལྷག་ནས་དེབ་སྐྱེལ་གནང་ཡོད་པ་དང་། འོས་བསྡུ་བྱ་ཡུལ་གྱི་སྡེ་ཚན་སུམ་ཅུ་སོ་གཅིག་ཆེད་འཛུགས་གནང་སྐོར་གསུངས་སོང་།

རེས་གཟའ་ཉི་མ། ༢༠༢༡།༠༡།༠༣

ཉན་པ།: Listen ཕབ་ལེན། Download རྒྱ་བལ་འབྲུག་གསུམ་གཙོས་བྱེས་འཁོད་བོད་མི་ཚོས་ཕྱི་ལོ་ ༢༠༢༡ ལོའི་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོར་ཆ་ཤས་བཞེས་ཕྱོགས་སྐོར་ཕྱོགས་སྒྲིག Sunday 03/01/2021 Exile Tibetans cast votes for ‘Sikyong’ and 17th TPiE members: Special Program

རེས་གཟའ་སྤེན་པ། ༢༠༢༡།༠༡།༠༢

ཉན་པ།: Listen ཕབ་ལེན། Download དམངས་གཙོ་དང་འོས་བསྡུའི་རིན་ཐང་སྐོར་དམིགས་བསལ་གླེང་མོལ། Saturday 02/01/2021 Why Vote? Why Democracy? : In conversation with Jamyang Norbu and Prof. Jampa Samten

རེས་གཟའ་པ་སངས། ༢༠༢༡།༠༡།༠༡

ཉན་པ།: Listen ཕབ་ལེན། Download འོས་འཕེན་པར་ངེས་ཕེབས་ཞུ། འོས་འཕེན་པའི་སྐབས་སུ་གཟབ་དགོས་པའི་དོན་གནད་ཁག་ཅིག Friday 01/01/2021 Come out to vote Tips for Voters, Do’s and Don’ts

Latest news