Tibetan Royal Year of 2151 | Year of the Wood Dragon

ARCHIVE

Yearly Archives: 2021

རྗེ་རིན་པོ་ཆེར་དྲན་གསོ་བྱེད་སྟངས་དེ་སློབ་གཉེར་མཛད་རྒྱུ་དེ་ཡིན་པར་བཀའ་སྩལ་སོང་།

དེ་རིང་བོད་ཟླ ༡༠ པའི་ཚེས ༢༥ སྟེ་དགའ་ལྡན་ལྔ་མཆོད་ཉིན་གྱི་སྔ་དྲོ་ཕྱག་ཚོད་དགུ་བའི་ཐོག   བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་མོ་མཆོག་གིས་དགའ་ལྡན་ཁྲི་ཐོག་ཁང་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་དྲ་ལམ་བརྒྱུད་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་དང་། ལམ་རིམ་བསྡུས་དོན་གྱི་བཀའ་ཆོས་ཐད་གཏོང་མཛད་སོང་།དེ་རིང་གི་བཀའ་ཆོས་ཀྱི་ཐོག་མར། མགོན་པོ་གང་ཉིད་མཆོག་གིས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དེ་ལུང་དང་རྟོགས་པའི་བསྟན་པ་ཡིན་དུས། རྗེ་ཙོང་བ་མཆོག་གི་མྱང་འདས་སམ། དགའ་ལྡན་ལྔ་མཆོད་ཀྱི་དུས་དྲན་གྱི་ཉིན་འདིར་བསླབ་པ་སློབ་གཉེར་གནང་བ་བརྒྱུད་ནས་རྗེ་རིན་པོ་ཆེར་རྗེས་དྲན་ཞུ་དགོས་བ་དེ་གལ་ཆེན་པོ་ཡིན་ལུགས་ཀྱི་ལམ་སྟོན་བཀའ་འགྲེལ་གྱིས།  གྲྭ་མང་གིས་རྗེ་རིན་པོ་ཆེའི་བསྟོད་ཚིག་ནང་གི་མང་ཐོས་སྒྲུབ་ལ་བརྩོན་པ་ཞེས་པ་ལྟར་རང་སྟེང་ནས་བསླབ་པ་སློབ་གཉེར་ལག་ལེན་ལ་འཁེལ་བ་ཞིག་གནང་བར་ཐུགས་རེ་སྩལ་སོང་། དེ་བཞིནམགོན་པོ་གང་ཉིད་མཆོག་གིས། ས་དགེ་བཀའ་རྙིང་རིས་སུ་མེད་པའི་བསྟན་པ་དེ་ལུང་རྟོགས་གཉིས་ཀྱི་བསྟན་པ་ཡིན་པ་ལས། ཆོས་བརྒྱུད་བྱེ་བྲག་པ་རེ་རེའི་ཞྭ་མོའི་ཚོན་མདངས་དང་ལུས་ཀྱི་རྣམ་འགྱུར་ལ་རག་ལས་བ་ཞིག་མིན་སྟབས། དགེ་ལུགས་ཀྱི་དགོན་པ་ཁག་གི་ནང་དུ་བཤད་གྲྭ་ཡག་པོ་ཡོད་པ་ལྟར། ཐོས་བསམ་གྱིས་གཏན་ལ་ཕབ་པའི་གྲུབ་དོན་དེ་དག་མི་སྒེར་གྱི་ཉིན་རེའི་འཚོ་བའི་ནང་དུ་ལག་ལེན་འཁེལ་བ་ཞིག་བྱུང་བ་ཡིན་ན་རྗེ་རིན་པོ་ཆེ་ཡི་རྗེས་དྲན་དངོས་དེ་ཆགས་ཡོད་པར་བཀའ་སྩལ་སོང་། ༸གོང་ས་མཆོག་གིས་ད་དུང་མགོན་པོ་གང་ཉིད་མཆོག་གིས་དུས་རྒྱུན་ནས་རྗེ་རིན་པོ་ཆེ་ཡིས་མཛད་པའི་ལམ་གཙོ་རྣམ་གསུམ་དང་། ལམ་རིམ་སོགས་ལ་ཉིན་ལྟར་ཐོས་བསམ་མཛད་ཀྱི་ཡོད་པར་བཀའ་སྩལ་ཏེ།  མང་ཚོགས་ཀྱིས་ཀྱང་ཐོས་བསམ་གནང་བ་ཙམ་མ་ཡིན་པར་དུས་རྟག་ཏུ་གཞུང་དེ་དག་ལ་ཡང་ནས་ཡང་དུ་བསམ་བློ་བཏང་བ་ཡིན་ན་ང་ཚོ་ཚང་མ་རྗེ་རིན་པོ་ཆེ་ཡི་རྗེས་འཇུག་པ་གཅིག་མཚུངས་ཡིན་སྟབས་སེམས་ལ་འགྱུར་བ་ཐེབས་ངེས་བ་ཞིག་ཡིན་པར་དྲན་གསོ་མཛད་དེ།  གཞུང་ཆེན་དེ་དག་ང་ཚོ་མཇལ་ཡ་ཡོད་དུས་དངོས་སུ་སློབ་གཉེར་གནང་ནས་རང་སེམས་ལ་འགྱུར་བ་གཏོང་རྒྱུར་ཧུར་བརྩོན་གནང་དགོས་བའི་ལམ་སྟོན་གནང་སོང་། གཞི་རྩའི་དགའ་ལྡན་ལྔ་མཆོད་དམ་བཅུ་པའི་ལྔ་མཆོད་ནི་བོད་ཟླ་༡༠པའི་ཚེས་༢༥ཉིན་ཡིན་འཁེལ་ཡོད་པ་དང་།  ཉིན་འདི་ནི་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་མྱ་ངན་ལས་འདས་པའི་དུས་མཆོད་ཀྱི་ཉིན་མོ་ཡིན་པ་དང་། བོད་རབ་བྱུང་བདུན་པའི་ས་མོ་ཕག་སྟེ་ཕྱི་ལོ་༡༤༡༩ ལོའི་སྟོན་དུས་སུ།  བོད་ཟླ ༡༠ པའི་ཚེས་༢༥ཉིན་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་གི་གཟིམ་ཁང་དུ་དགོངས་པ་ཆོས་དབྱིངས་སུ་འཐིམ་ཚུལ་མཛད་ཡོད་པ་རེད། བོད་རིགས་འདས་སྡོད་ཀྱི་ས་ཕྱོགས་གང་སར་ཉིན་འདིར་ཁ་འདོན་དགེ་སྦྱོར་གྱིས་མར་མེ་སྒྲོན་པ་དང་དེ་བཞིན་དགོན་པར་མཆོད་མཇལ་གནང་པ་སོགས་བརྒྱུད་ནས་རྗེ་རིན་པོ་ཆེའི་དགོངས་རྫོགས་ལ་དྲན་གསོ་གནང་གི་ཡོད་པ་རེད།

ལྡི་ལིར་གཉན་རིམས་སྔོན་འགོག་གི་ཉེན་བརྡ་སེར་པོའི་བཀའ་རྒྱ་བསྒྲགས་པ།

འདས་པའི་ཉིན་གྲངས་གཉིས་ཀྱི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཏོག་དབྱིབས་གཉན་རིམས་གསར་པ་ཕོག་པའི་ནད་པ་གྲངས་ ༥༠༠ ཙམ་ཞིག་ཐོན་ཡོད་སྟབས་ཁ་སང་ཕྱི་ཚེས་ ༢༨ ཉིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Arvind Kejriwal མཆོག་གིས་རྒྱལ་ས་ལྡི་ལི་ནང་ནད་ཡམས་ཁྱབ་གདལ་འགོག་ཕྱིར་ Yellow Alert ཞེས་ཉེན་བརྡ་སེར་པོ་ཞེས་པའི་བཀའ་རྒྱ་བཏང་ཡོད་པ་རེད།ཉེན་བརྡ་སེར་པོ་ཞེས་པ་དེ་ནི་ནད་ཡམས་སྔོན་འགོག་གནང་ཐབས་ཤིག་ཡིན་པ་དང་ཉེན་བརྡ་དེའི་འོག་དེ་རིང་ནས་རྒྱལ་ས་ལྡི་ལི་ནང་དགོང་དྲོའི་ཚོུད་ ༡༠ ནས་སྔ་དྲོའི་ཆུ་ཚོད་ ༥ བར་ཐེམ་སྤང་བཀའ་རྒྱ་བསྡམས་ཏེ་ཕྱིར་སྐྱོད་མི་ཆོག་པ་དང་། ཟ་ཁང་་དང་ཆང་ཁང་། དེ་བཞིན་སྤྱི་སྤྱོད་སྐྱེལ་འདྲེན་གྱི་སྣུམ་འཁོར། Metro སྤྱི་སྤྱོད་གླ་འཁོར་སོགས་ཀྱི་ནང་མང་ཚོགས་བརྒྱ་ཆ་ ༥༠ ལྷག་ལས་འགྲུལ་སྐྱོད་མི་ཆོག་པ། ལྷག་པར་དུ་གློག་བརྙན་ཁང་དང་ཚོགས་ཁང་། ལུས་སྦྱོང་ཁང་། བསྐུ་མཉེ་ཁང་ Spa སོགས་སྒོ་རྒྱག་དགོས་ཀྱི་འདུག་པ་དང་། ཉེར་མཁོའི་བཟའ་ཆས་ཚོང་ཁང་མ་གཏོགས་དེ་མིན་གཞན་རྣམས་རེ་མོས་ཀྱི་ཐོག་ནས་ཚོང་གཉེར་གནང་དགོས་པའི་ལམ་སྟོན་གནང་ཡོད།ལྡི་ལིའི་སྤྱི་ཁྱབ་བློན་ཆེན་ Arvind Kejriwal མཆོག་གི་ཁ་སང་གསལ་བསྒྲགས་གནང་བ་དང་བསྟུན་ Yellow Alert ཞེས་པའི་ཉེན་བརྡ་དེ་ནི་ཚན་རིག་གི་ཐབས་ལམ་ཞིག་ཡིན་པ་དང་། འདས་པའི་ཉིན་གྲངས་གཉིས་ཀྱི་ནང་ལྡི་ལི་ནང་བསྟུད་མར་གཉན་རིམས་ཕོག་པའི་གྲངས་ཚད་དེ་བརྒྱ་ཆ་ ༠་༥ ཆགས་ཀྱི་ཡོད་པ་བཞིན་ནད་ཡམས་སྔོན་འགོག་ཆེད་ཚན་རིག་གི་ཐོག་ནས་གནང་ཐབས་རིམ་པ་དང་པོ་དེ་ Yellow Alert ཞེས་ཉེན་བརྡ་སེར་པོ་ཞེས་པ་ལག་བསྟར་བྱས་པ་མ་གཏོགས་ད་ལྟའི་ཆར་ལྡི་ལི་ནང་དངོས་ཡོད་ཀྱི་ཆ་ནས་གནས་སྟངས་དེ་ཙམ་ཛ་དྲག་མེད་པ་རེད། ལྷག་དོན་མང་ཚོགས་ཚོས་དེ་སྔ་བཞིན་སྔོན་འགོག་གྱི་ཐབས་ལམ་ཁ་རས་གྱོན་རྒྱུ་སོགས་ངེས་པར་དུ་བསྟེན་དགོས་གལ་ཡིན་པའི་ལམ་སྟོན་གནང་བ་དང་། ལྡི་ལི་གཞུང་གི་ངོས་ནས་ངལ་བ་ཅི་འདྲ་ཞིག་འཕྲད་ཀྱང་དེར་གདོང་ལེན་གནང་རྒྱུའི་གྲ་སྒྲིག་ཨང་གསར་ཡིན་པའི་འགྲེལ་བརྗོད་ཀྱང་གནང་ཡོད།  གཞི་རྩའི་ Omicron ཞེས་པའི་ནད་ཡམས་དེ་ཛ་དྲག་པོ་དེ་ཙམ་མེད་པར་ཤེས་རྟོགས་བྱུང་ཡོད། ད་བར་ནད་པ་དེ་ཚོར་སྲོག་འཛིན་མཁའ་རླུང་སྤྱོད་དགོས་པ་དང་སྨན་ཁང་ནང་མྱུར་སྐྱོབ་འཕྲུལ་ཆས་ Ventilator འམ་  ICU  སོགས་དེ་ཙམ་སྤྱོད་དགོས་ཀྱི་མེད་པ་དང་། རང་ཤག་ཏུ་ནད་པ་ཚོ་དྲག་སྐྱེད་ཐུབ་ཀྱི་ཡོད་ཀྱང་སྨན་བསྟེན་དགོས་པ་ར་འཕྲོད་བྱུང་ཡོད།རྒྱལ་ས་ལྡི་ལི་ནང་སླར་ནད་ཡམས་ཁྱབ་གདལ་གྱི་རྐྱེན་གྱིས་ Yellow Alert ཞེས་པའི་ཉེན་བརྡས་ཁུལ་དེར་ཡོད་པའི་བོད་མི་སྤྱི་དང་སྒོར་དགུན་ཚོང་གཉེར་མཁན་བོད་མི་ཚོར་དམིགས་བསལ་གྱི་གྱོང་གུད་ཆེན་པོ་ཕོག་ཉེན་ཡོད་པ་དང་།  ལ་དྭགས་དྷརྨ་སཱ་ལཱའི་ཁྲོམ་སྟོན་ཚོགས་པའི་ངོས་ནས་ཁ་སང་གནས་ཚུལ་དེ་ཐོས་སྟབས། དེ་རིང་སྔ་དྲོ་ས་གནས་ཀྱི་འབྲེལ་ཡོད་ཚོར་ཞུ་སྐུལ་ཆེད་ཕེབས་འདུག་པ་མ་ཟད།  གལ་ཏེ་མངའ་སྡེའི་གཞུང་གི་བཀའ་རྒྱ་ལྟར་ཚོང་ཁང་གྲངས་ཆ་རེས་མོས་ Odd Even ཐོག་ནས་སྒོ་ཕྱེ་དགོས་ཚེ་འདས་པའི་ལོ་གཉིས་ཀྱི་རིང་ངལ་བ་ཆེས་ཆེར་འཕྲད་པ་ལྟར་ད་རེས་སླར་གྱོང་གུད་ཆེན་པོ་ཕོག་ངེས་ཡིན་སྐོར་གསུངས་ཡོད།  

༸གོང་ས་མཆོག་རྒྱ་གར་གྱི་ས་ཐོག་ཏུ་༸ཞབས་སོར་འཁོད་སྐབས་རྒྱ་གར་གྱི་སྐུ་སྲུང་ཕེབས་བསུར་བཅར་མཁན་སྐུ་ཞབས་ཙནྡྲ་དཱས་ལགས་འདས་གྲོངས།   

ཁ་སང་ཕྱི་ཚེས་ ༢༨ ཉིན་སྔ་དྲོ་ཆུ་ཚོད་ ༥༌༤༥ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༥༩ ལོར་རྒྱ་གཞུང་གི་དྲག་པོའི་བཙན་འཛུལ་འོག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་སྐབས་རྒྱ་གར་གྱི་ས་ཐོག་ཏུ་ཐོག་མར་༸ཞབས་སོར་བདེ་བར་འཁོད་མཚམས་སུ་རྒྱ་གར་གཞུང་གི་སྐུ་སྲུང་ཕེབས་བསུར་བཅར་མཁན་དམག་ཟུར་སྐུ་ཞབས་ Naren Chandra Das ལགས་དགུང་ལོ་ ༨༢ ལ་སྟེང་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུགབོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གཞུང་གི་དྲག་པོའི་བཙན་འཛུལ་འོག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་པ་བཞིན་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༣༡ ཉིན་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་སྐབས་རྒྱ་གར་གྱི་ས་ཐོག་ཏུ་ཐོག་མར་༸ཞབས་སོར་བདེ་བར་འཁོད་མཚམས་སུ་རྒྱ་གར་གཞུང་གི་ངོས་ནས་༸སྐུ་ཕྱྭ་དང་འབྲེལ་ཏེ་༸སྐུའི་སྲུང་བྱ་དང་ཕེབས་བསུ་ཞུ་བར་ཆེད་བཅར་ཞུ་ཕྱིར་ཨ་སམ་རཡི་ཧྥེལ་ཞེས་པའི་དམག་དཔུང་རུ་ཁག་གི་དམག་མི་ཁག་ཅིག་ཆེད་བརྫངས་གནང་བའི་ཁོངས་སུ་ཡོད་པ་སྐུ་ཞབས་ Naren Chandra Das ཁོང་ནི་ 5 Assam Rifles གྱི་དམག་མི་མཐའ་མ་དེ་ཡིན་པ་རེད།སྐུ་ཞབས་ Naren Chandra Das ལགས་དམ་པ་ཁོང་སྐུ་ཚེ་མ་ཟིན་པའི་གནས་སྟངས་གྱུར་བར་བརྟེན་ཁོང་གི་ཤུལ་ལུས་ནང་མི་ཚོ་ཐུགས་ཕམ་ཆེན་པོ་གནང་གི་ཡོད་ཀྱང་ཕྱོགས་གཞན་ཞིག་ནས་འདས་པོ་ཁོང་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བརྩེ་ཆེན་པོས་དམིགས་བསལ་མཇལ་ཁ་སྩལ་མྱོང་ཡོད་པ་མ་ཚད་པར་ཁ་སང་ཁོང་འདས་གྲོངས་སུ་གྱུར་སྐབས་ཨ་སམ་རཡི་ཧྤེལ་གྱི་དམག་དཔུང་རུ་ཁག་གིས་ཀྱང་ཆེ་བསྟོད་ཚུལ་དུ་སྐུ་ཕུང་ལ་རྒྱ་གར་རྒྱལ་ཁབ་ཆེན་པོའི་རྒྱལ་དར་སྒྲོན་ནས་གུས་བཀུར་ཆེན་པོའི་ཐོག་ནས་སྐུ་ཕུང་ཞུགས་འབུལ་གནང་ཡོད་སྟབས་དགའ་སྤོབས་ཆེན་པོ་བྱུང་འདུགགཞི་རྩའི་སྐུ་ཞབས་ནཱ་རེན་ཙནྡྲ་དཱས་ལགས་དམ་པ་དེ་ཉིད་ཕྱི་ལོ་ ༢༠༡༧ ཕྱི་ཟླ་ ༤ ཚེས་ ༢ ཉིན་རྒྱ་གར་གྷུ་བཱཧཱ་ཊྀ་ Brahmaputra དུས་སྟོན་ཐོག་མི་ལོ་ ༥༨ རྗེས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཞལ་མཇལ་གྱི་སྐལ་བཟང་སྐབས་བྱུང་ཡོད་པ་མ་ཟད། དེ་རྗེས་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༣༡ ཉིན་༸རྒྱལ་བའི་བཞུགས་སྒར་དྷརྨ་སཱ་ལཱའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་ཚོགས་སྐབས་སུ་ཁོང་ཆེད་མངགས་གདན་ཞུ་གནང་སྟེ་ཆེ་བསྟོད་ཀྱི་གཟེངས་རྟགས་འབུལ་ལམ་ཞུས་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བརྩེ་ཆེན་པོས་མཇལ་ཁ་སྩལ་ཡོད།

རྒྱ་གཞུང་ནས་བོད་ནང་དུ་དགོན་པ་དང་སློབ་གྲྭ་ཁག་གཏོར་བཤིག་མཚམས་འཇོག་དགོས།

འདི་ལོའི་ཕྱི་ཟླ་༡༡ པའི་ཟླ་མཇུག་ཙམ་ལ་ཁམས་བྲག་མགོ་རྫོང་དམར་ཤོག་དྲུང་ཆེ་ཝང་ཏུང་ཧྲིན་(王东升) ཟེར་བའི་བཀོད་སྡོམ་འོག་ཁམས་དཀར་མཛེས་ཁུལ་ཏྲེ་ཧོར་བྲག་མགོ་རྫོང་ཐོག་ཏུ་ཡོད་པའི་བྲག་མགོ་དགའ་ལྡན་རྣམ་རྒྱལ་གླེང་དགོན་པའི་སློབ་གྲྭ་སྒོ་རྒྱག་བཅུག་པར་མ་ཟད་ཕྱི་ཟླ་༡༢ ཚེས་ ༡༢ ནས་བཟུང་དགོན་པའི་ཉེ་འཁྲིས་ཀྱི་སྐུ་བརྙན་ཆེན་པོ་གཉིས་དང་། མ་ཎི་དུང་འཁོར་ ༤༥ ཡས་མས་ཤིག་ཡོད་པ་ཚང་མ་གཏོར་བཤིག་བཏང་ཡོད་པའི་གནས་ཚུལ་ཐོན་སྟབས། ཁ་སང་དགོང་དྲོ་ཚོུད་ ༥ སྟེང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཟུང་སྦྲེལ་གྱིས་ཁམས་བྲག་མགོ་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་བཞུགས་སྒར་གྱི་མེག་གྷན་ཁྲོམ་གཞུང་དུ་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ཡོད།   གཉུག་མར་གནས་པ་དང་གློ་བུར་ལྷགས་པའི་བོད་མི་རྣམས་ཀྱིས་དྷ་སའི་ཁྲོམ་གཞུང་དུ་རྒྱ་གཞུང་གིས་བྲག་མགོ་ཁུལ་དུ་གཏོར་བཤིག་བཏང་བའི་འདྲ་པར་དང་རྒྱ་གཞུང་གིས་བོད་ནང་དམ་དྲག་དང་དྲག་གནོན་ཅན་གྱི་སྲིད་བྱུས་སྤེལ་བཞིན་ཁག་འཕྲལ་མར་མཚམས་འཇོག་དགོས་པ་སོགས་ཀྱི་འབོད་ཚིག་འཁོད་པའི་སྦྱར་ཡིག་བསྣམས་ཏེ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་སྐབས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཀྱིས་རྒྱ་གཞུང་གིས་བོད་ནང་དམ་དྲག་ཅན་གྱི་སྲིད་བྱུས་སྤེལ་བ་དེ་ལོ་རེ་ནས་ལེ་རེ་བཞིན་ཆེས་ཇེ་ཞན་དང་ཇེ་སྡུག་ཏུ་གྱུར་ཡོད་པ་མ་ཟད་དགོན་སྡེ་གྲྭ་ཚང་དང་སློབ་གྲྭ་ཁག་རྩ་གཏོར་དང་བཙན་དབང་གིས་སྒོ་བརྒྱབས་པ། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་དགོས་པའི་ལས་གཞི་བཙན་འགེལ་གྱིས་བོད་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་ལ་རྩིས་མེད་རྡོག་རོལ་གྱིས་དེ་སྔའི་རིག་གནས་གསར་བརྗེའི་སྐབས་ཀྱི་གདུག་རྩུབ་ཅན་གྱི་སྲིད་བྱུས་ངན་པ་བསྐྱར་དུ་ལག་བསྟར་རྒྱུན་འཛིན་བྱེད་བཞིན་ཡོད་སྟབས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཁག་གིས་ངེས་པར་དུ་འགན་བཞེས་དགོས་པ། ལྷག་དོན་རྒྱ་ནག་གཞུང་གིས་སྤེལ་བཞིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུང་དེ་དག་འཕྲལ་མར་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་སོང་། སྐབས་དེར་འབྲེལ་ཡོད་གྲྭ་དཔལ་ལྡན་ལགས་ཀྱིས་མང་ཚོགས་ལ་ཁམས་བྲག་མགོའི་ཛ་དྲག་གནས་སྟངས་ངོ་སྤྲོད་གནང་བ་དང་འབྲེལ་ཏེ་རྒྱ་ནག་གཞུང་གིས་ད་ལྟ་བྲག་མགོ་ནང་སྤེལ་བཞིན་པའི་བྱ་ངན་དག་ལ་བརྟེན་ནས་སླད་མར་བྲག་མགོ་ནང་མི་མང་གིས་རྒྱ་གཞུང་ལ་ངོ་རྒོལ་དང་སྐུ་ལུས་ཞུགས་འབུལ་གྱི་གནད་དོན་སོགས་གང་བྱུང་ཡང་དེས་འགན་ཆ་ཚང་རྒྱ་གཞུང་ལ་ཡོད་ཅེས་གསུངས་སོང་། ལྷག་པར་དུ་རྒྱ་གཞུང་གིས་སྟོན་པའི་སྐུ་བརྙན་གཏོར་བཤིག་བཏང་བ་དེས་བོད་བརྒྱུད་ནང་བསྟན་ཙམ་མ་ཟད་སངས་རྒྱས་ཀྱི་བསྟན་པར་རྗེས་སུ་འཇུག་མཁན་ཚང་མར་མཐོང་ཆུང་ཁྱད་གསོད་བྱས་པར་བརྟེན་རྒྱལ་ཚོགས་གཙོས་ཆོས་དད་རང་དབང་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མཐོང་གནང་མཁན་ཚོས་དོན་སྨིན་སོན་པའི་ཕྱག་ལས་གནང་གལ་ཡིན་པའི་འབོད་སྐུལ་ཞུས་ཡོད།རྒྱ་གཞུང་གིས་དགོན་པའི་ཡིག་ཆ་ཚད་ལྡན་མིན་ལུགས་དང་སྐུ་བརྙན་དེ་འདྲ་ཆེན་པོ་བཞེངས་མི་ཆོག་པ། སྲིད་གཞུང་གི་ངོས་ནས་སློབ་གྲྭ་གསར་འཛུགས་བྱ་རྒྱུ་ཡིན་ལུགས་སོགས་ལ་ཁ་གཡར་ནས་བཙན་དབང་གིས་ཁམས་བྲག་མགོ་ཁུལ་དུ་དམག་མི་འགྲེམས་འཇོག་བྱས་ཏེ་དགེ་ལྡན་ནང་བསྟན་སློབ་གྲྭ་སྒོ་བརྒྱབ་པ་དང་ས་གནས་ཀྱི་ཡུལ་མིའི་དད་རྟེན་གྱི་སྐུ་བརྙན་དང་མ་ཎི་དུང་འཁོར་སོགས་གཏོར་བཅོམ་བྱས་འདུགརྩ་བའི་རྒྱ་གཞུང་གིས་གཏོར་བཤིག་བཏང་བའི་ཁྲུ་ ༩༩ ལྷག་གི་ཐུབ་དབང་གི་སྐུ་བརྙན་ནི་རང་བྱུང་ས་ཡོམ་གྱི་ཆག་འཇིག་དང་མུ་གེ། ནད་ཡམས་སོགས་ལྡོག་ཐབས་སུ་ས་གནས་མང་ཚོགས་ཀྱིས་འགྲོ་གྲོན་རྒྱ་སྒོར་ ༤༠༠༠༠༠ ལྷག་བཏང་ནས་ཕྱི་ལོ་ ༢༠༡༥ ལོར་ཁྲིམས་མཐུན་ངང་བཞེངས་སྐྲུན་གནང་བ་ཞིག་ཡིན་པ་རེད།བྲག་མགོ་དགའ་ལྡན་རྣམ་རྒྱལ་གླེང་དགོན་པའི་ཉེ་འཁོར་གྱི་མ་ཎི་དར་ལྕོག་དང་སྒོ་དར་སོགས་མར་ཕབ་ཏེ་མེར་བསྲེགས་བཏང་ཡོད་པ་རེད། དགེ་ལྡན་ནང་བསྟན་སློབ་གྲྭ་ནི་ཕྱི་ལོ་ ༡༩༩༠ ནང་བཙུགས་པ་ཞིག་ཡིན་པ་དང་སློབ་གྲྭའི་སློབ་གཉེར་བ་ཚང་མ་གྲྭ་པ་ཡིན་ཀྱང་། དབྱར་དགུན་གཉིས་ཀྱི་གུང་གསེང་སྐབས་སུ་ས་ཆ་དེའི་སློབ་འགྲིམ་སློབ་ཕྲུག་ཚོར་དབྱིན་ཡིག་དང་རྒྱ་ཡིག ནང་ཆོས་ངོ་སྤྲོད། ལྷག་པར་དུ་བོད་ཀྱི་སྐད་ཡིག་སློབ་གསོ་གཙོ་ཁྲིད་བྱེད་བཞིན་ཡོད་པ་རེད། སློབ་གྲྭ་དེ་གར་ཁང་མིག་ཆེ་ཆུང་ ༥༠ ཙམ་དང་སློབ་གཉེར་བ་གྲྭ་ཆུང་ ༡༠༠ ལྷག་ཡོད་ཅིང་། སློབ་གྲྭ་སྒོ་བརྒྱབ་རྗེས་སློབ་མ་གྲྭ་ཕྲུག་ ༡༠༠ ལྷག་ཕྱིར་རང་ཁྱིམ་དུ་ལོག་དགོས་བྱུང་ཡོད།

རེས་གཟའ་མིག་དམར། ༢༠༢༡།༡༢།༢༨

ཉན་པ།: Listen ཕབ་ལེན། Download རྒྱ་གཞུང་གིས་གཞིས་བཞུགས་ཤེས་ལྡན་མི་སྣར་དམིགས་བཀར་གྱིས་དམ་དྲག་བྱེད་བཞིན་པ་མངོན་གསལ། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པའི་གཞུང་འབྲེལ་འཚམས་གཟིགས་ཆེས་ཐོག་མ་དབུ་འཛུགས། པེ་ཅིང་དགུན་དུས་ཨོ་རྩལ་ལ་ཕྱི་འབྲེལ་མི་སྣ་ཕྱིར་འཐེན་ཐོག་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཕྱོགས་གཉིས་སུ་གྱེས། རྒྱ་གཞུང་གིས་ཡི་ཤུའི་འཁྲུངས་སྐར་དུས་ཆེན་ཉིན་མོ་སྲུང་བརྩི་ཞུ་བར་དམ་དྲག་བྱས་པ། བོད་གནས་མཁས་པ་སྐུ་ཞབས་བྱམས་བསྟན་ལགས་ཀྱིས་དགའ་ལྡན་ལྔ་མཆོད་སྐོར་ངོ་སྤྲོད་གནང་བ། གླུ་གཞས་ལས་རིམ། ཚེ་རིང་འགྱུར་མེད་ལགས་ཀྱིས་བླངས་པའི་སྙིང་སྡུག Tuesday 28/12/2021 Tibetan rights group slam crackdown on intellectuals and cultural leaders in Tibet Tibetan Parliamentary visitation program commences Allies split on Biden's diplomatic boycott of Beijing Olympics China bans Christmas as 'forbidden Western celebration' Introuction to ‘Ganden Ngamchoe’, Je Tsongkhapa's Parinirvana anniversary MUSIC FEATURE: ‘Wai Nyingduk’ by Tsering Gyurmey

རྒྱ་གཞུང་གིས་གཞིས་བཞུགས་ཤེས་ལྡན་མི་སྣར་དམིགས་བཀར་གྱིས་དམ་དྲག་བྱེད་བཞིན་པ་མངོན་གསལ།

རྒྱ་ནག་གིས་བོད་ས་གང་སར་ཞི་དྲག་གཉིས་ལྡན་གྱི་ཐོག་ནས་བོད་མི་རྣམས་ལ་བསླུ་བྲིད་དང་སྟངས་འཛིན་ནན་མོ་བྱེད་བཞིན་པའི་ཁྲོད་དུ། འདས་བའི་ལོ་གཅིག་གི་ནང་དུ་བོད་ཁུལ་དུ་གྲགས་ཆེ་བའི་ཤེས་ལྡན་མི་སྣ་དང་རྩོམ་པ་པོ་ཁག་ཅིག་འཛིན་བཟུང་བཙན་ཁྲིད་ཀྱིས་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་ཡོད་པ་རེད།ཁ་སང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་གི་བྱེད་བབ་དེ་དང་འབྲེལ་ནས་གཞིས་བཞུགས་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་དང་དྷི་ལྷ་ལྡན། དེ་བཞིན་གྲྭ་རིན་ཆེན་ཚུལ་ཁྲིམས། གཞན་ཡང་གྲྭ་འཕྲིན་ལས་རྒྱ་མཚོ་སོགས་ཀྱི་མཚོན་པའི་རྒྱ་ནག་གིས་བཀག་སྐྱིལ་བྱས་པའི་ཤེས་ལྡན་མི་སྣ་བརྒྱད་ཀྱི་ལོ་རྒྱུས་འཁོད་པའི་གནས་ཚུལ་ཞིག་ཁྱབ་སྤེལ་གྱིས། རྒྱ་ནག་གིས་ཁོང་རྣམས་འཛིན་བཟུང་བཙོན་འཇུག་བྱས་པའི་གནད་དོན་དེ་ནི་རྒྱ་ནག་གི་རྩ་ཁྲིམས་དང་ས་གནས་རང་སྐྱོང་གི་བཅའ་ཁྲིམས་སོགས་ལ་ཡོངས་སུ་འགལ་བའི་བྱ་སྤྱོད་ཅིག་ཡིན་པར་སྐྱོན་བརྗོད་ཀྱི་སྙན་ཐོ་ཞིག་འདོན་སྤེལ་གནང་འདུག གོང་གི་གནད་དོན་དེ་དང་འབྲེལ་ནས་འདི་གའི་གསར་འགོད་པས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་ཉི་མ་འོད་ཟེར་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། རྒྱ་ནག་གིས་དུས་རྒྱུན་ནས་བོད་ཀྱི་རིག་གཞུང་རྩ་མེད་བཏང་སྟེ་བོད་ཀྱི་ངོ་བོ་རྒྱ་བསྒྱུར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་ལམ་ལུགས་ཀྱི་འོག་ཏུ་བོད་ཁུལ་གྱི་ཤེས་ལྡན་མི་སྣ་དང་རིག་གཞུང་ལ་ཤ་ཞེན་ཡོད་པའི་བོད་མི་ཚོར་སྡང་སེམས་ཆེན་པོས་བཙན་ཁྲིད་བཙོན་འཇུག་བྱེད་བཞིན་པ་ཞིག་ཡིན་པར་གསུངས་སོང་། གཞན་ཡང་ཁོང་གིས། གཞི་རྩའི་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡོངས་ཁྱབ་གསལ་བསྒྲགས་དང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་ཟེར་བའི་གྲོས་ཆོད་ནང་དུ་སྤྱིར་རྒྱ་ནག་རྒྱལ་ཡོངས་སུ་རྒྱའི་སྐད་ཡིག་དར་སྤེལ་སྔར་ལས་ཤུགས་ཆེར་གཏོང་དགོས་པ་སོགས་ཀྱི་ཁྲིམས་སྒྲིག་དང་སྲིད་བྱུས་དངོས་སུ་གཏན་འབེབས་ཀྱིས་ཚིགས་ཟིན་དངོས་སུ་བཀྲམས་སྟེ་ལས་གཞི་ལག་བསྟར་བྱེད་བཞིན་པ་དང་འབྲེལ་ནས། བོད་ནང་གི་སྤྱི་ཚོགས་སྐད་ཡིག་དང་ཆོས་རིག་ལ་མཁྱེན་དཔྱོད་ལྡན་ཞིང་རང་རེའི་སྤྱི་ཚོགས་ཀྱི་ནང་དུ་ཤུགས་རྐྱེན་ཆེ་བའི་བོད་མི་ཚོར་སྔར་ལྷག་དམ་དྲག་བྱེད་བཞིན་པ་ཞིག་ཡིན་མངོན་གསལ་གནང་སོང་།དེ་དང་འབྲེལ་ནས་ཁོང་གིས་མུ་མཐུད་དུ་གསུངས་དོན།  རྒྱ་ནག་གི་རྩ་ཁྲིམས་དོན་ཚན་ ༤ དང་དོན་ཚན་ ༡༡༩ པ་སོགས་སུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྒྱུན་འཛིན་དང་སྲུང་སྐྱོབ་ཀྱི་ཐོབ་ཐང་ཡོད་ཚུལ་འཁོད་པ་དང་། དེ་བཞིན་ས་ གནས་རང་སྐྱོང་གི་བཅའ་ཁྲིམས་དང་སྐད་གཉིས་སློབ་གསོའི་སྲིད་ཇུས་སོགས་ཀྱི་ནང་དུ་རང་སྐད་རང་ཡིག་རྒྱུན་འཛིན་དར་སྤེལ་བྱ་ཆོག་པར་གསལ་བོར་བསྒྲགས་ཡོད་ཀྱང་། གོང་གི་ཤེས་ལྡན་མི་སྣ་བརྒྱད་དེ་འཛིན་བཟུང་བཙན་ཁྲིད་བྱས་པའི་གནད་དོན་དེ་ནི་རྒྱ་ནག་གི་རྩ་ཁྲིམས་ཀྱི་འབྲུ་དོན་དང་ལག་བསྟར་ལ་རྒྱབ་འགལ་དུ་ཕྱིན་པའི་དཔེ་མཚོན་གསར་ཤོས་ཤིག་ཡིན་པར་མངོན་གསལ་གྱིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོ་བྱས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་བོད་ནང་གི་དངོས་ཡོད་གནས་སྟངས་ལ་རྒྱུས་ལོན་གྱིས་རྒྱ་ནག་གི་བྱེད་བབ་དེར་དགག་གཞག་གནང་རྒྱུའི་ཞུ་སྐུལ་བྱ་རྒྱུ་ཡིན་པར་གསུངས་སོང་། གཞི་རྩའི་རྒྱ་ནག་གིས་དུས་རྒྱུན་ནས་བོད་ཁུལ་དུ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་འཛུགས་དང་སྤྱི་ཚོགས་བརྟན་བརླིང་དཀྲུག་པའི་བསྙད་འདོགས་ཀྱི་འོག་ནས་བོད་མི་རྣམས་གང་བྱུང་འཛིན་བཟུང་གིས་མི་སྒེར་གྱི་ཁྲིམས་གཏུགས་ཀྱི་བྱ་རིམ་གང་ཡང་མེད་པར་བཙོན་འཇུག་མནར་གཅོད་གཏོང་བཞིན་པ་ཞིག་པ་མ་ཟད། བོད་མི་རེ་འགའ་བཙོན་ཁང་ནས་མི་སྤྱོད་ལས་འདས་བའི་གཅར་རྡུང་གིས་དམར་གསོད་ཐེབས་ཡོད་པ་དང་། རེ་འགའ་སྨན་ཁང་གི་མནར་གཅོད་ཀྱི་འོག་ཏུ་ནད་གཅོང་དུ་གྱུར་ནས་བཙོན་གྲོལ་ཐོབ་ཀྱང་འཕྲོད་བསྟེན་གྱི་གནས་བབ་ཞན་པའི་འོག་སྐུ་ཚེ་མ་ཟིན་པའི་གནས་ཚུལ་བསྟུན་མར་བྱུང་མུས་ཡིན་པ་རེད།པར་དབང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་།

སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པའི་གཞུང་འབྲེལ་འཚམས་གཟིགས་ཆེས་ཐོག་མ་དབུ་འཛུགས།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་འདེམས་ཐོན་བྱུང་བའི་འཐུས་མི་རྣམ་པ་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཞུས་རྗེས་བོད་མི་གནས་ཡུལ་གྱི་ས་གནས་ཁག་ས་འགོས་གནང་སྟེ་གཞུང་འབྲེལ་འཚམས་སུ་ཕེབས་སྲོལ་ཡོད་པ་སྟར་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པའི་གཞུང་འབྲེལ་འཚམས་གཟིགས་ཆེས་ཐོག་མ་དབུ་འཛུགས་གནང་འདུག འདི་ལོའི་ཕྱི་ཟླ་ ༡༠ ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོའི་མཚན་ཐོག་ནས་སྤྱི་བསྒྲགས་ཤིག་སྤེལ་བར་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པའི་གཞུང་འབྲེལ་འཚམས་གཟིགས་དང་འབྲེལ་བའི་ལམ་སྟོན་ནང་ཐེངས་འདིའི་གཞུང་འབྲེལ་འཚམས་གཟིགས་འདི་ཕྱི་ ༡༡ ཚེས་ཤར་ནས་ཕྱི་ཟླ་ ༣ བདུན་ཕྲག་དང་པོའི་ནང་ཚུད་དུ་མཇུག་སྒྲིལ་ཐུབ་དགོས་ཞེས་གསལ་དོན་ལྟར། ཁ་སང་ཕྱི་ཚེས་ ༢༧ ཉིན་བོད་མི་མང་སྤྱི་འཐུས་སྤྱི་འཐུས་དོན་གྲུབ་བཀྲ་ཤིས་ལགས་དང་སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་ལགས་རྣམ་གཉིས་བཞུགས་སྒར་དྷརྨ་སཱ་ལཱ་ནས་ཕེབས་ཐོན་གྱིས་ཟླ་བ་རྗེས་མའི་ཕྱི་ཚེས་ ༡༡ བར་ཁྱོན་ཉིན་གྲངས་ ༡༥ རིང་རྒྱ་གར་བྱང་ཤར་ཁུལ་གྱི་བོད་མི་གནས་ཡུལ་གྱི་ས་གནས་ཏི་ཛུ་དར་རྒྱས་གླིང་དང་། ཀྲུ་ཀྲིང་། མེའོ་ཆོས་འཕེལ་གླིང་། ཨི་ཊཱ་ན་གྷར་བཅས་སུ་གཞུང་འབྲེལ་འཚམས་གཟིགས་གནང་གི་འདུགགཞི་རྩའི་ཐེངས་འདིའི་སྤྱི་འཐུས་རྣམ་པའི་གཞུང་འབྲེལ་འཚམས་གཟིགས་ནི་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་བདམས་ཐོན་བྱུང་བའི་སྤྱི་འཐུས་གསར་པ་ཚོའི་གཞུང་འབྲེལ་འཚམས་གཟིགས་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་སྟབས། ཁོང་རྣམ་པ་ཕེབས་སའི་ས་གནས་ཁག་ཏུ་སྤྱི་འཐུས་རྙིང་པ་རེ་ལྷན་དུ་ཕེབས་ཀྱི་ཡོད་པ་དང་འཚམས་གཟིགས་དང་འབྲེལ་བའི་ལམ་སྟོན་ཡིག་ཆའི་ནང་གསལ་ལྟར་བྱས་ན། སྤྱི་འཐུས་རྣམ་པས་ས་གནས་ས་ཐོག་ཏུ་ཡོད་པའི་བོད་མི་དང་གཞིས་ཆགས་ཀྱི་གནས་སྟངས་རྒྱུས་ལོན་གནང་རྒྱུ་ཙམ་མ་ཟད། ས་གནས་མང་ཚོགས་རྣམས་ལ་རྐང་༸གོང་ས་མཆོག་གི་མཛད་འཕྲིན་དང་བོད་ནང་གི་ཛ་དྲག་གནས་སྟངས་སྐོར། དེ་བཞིན་བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབས། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ལས་རིམ་སོགས་ཀྱི་ཐོག་གསུངས་བཤད། མང་ཚོགས་ཀྱི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་སོགས་གནང་འཆར་ཡོད་པ་རེད།

རེས་གཟའ་ཟླ་བ། ༢༠༢༡།༡༢།༢༧

ཉན་པ།: Listen ཕབ་ལེན། Download ཡི་ཤུའི་བླ་ཆེན་ཨར་ཆི་བྷི་ཤོབ་ཌེ་སི་མོན་ཊུ་ཊུ་མཆོག་སྐུ་ཚེ་འཕེན་པ་རྫོགས་པར་ཐུགས་གསོ་མཛད་པ། ཁམས་བྲག་མགོ་དགོན་པར་སྟོན་པའི་སྐུ་བརྙན་དང་མ་ཎི་དུང་འཁོར་སོགས་བཙན་དབང་གིས་གཏོར་བཤིག ཨ་རིའི་སྲིད་དོན་ཉེས་ཆད་ཕོག་པའི་ཤིན་ཅང་དམར་ཤོག་ཚོགས་པའི་འགོ་གཙོ་བརྗེ་བསྒྱུར། རྒྱ་གར་དབུས་གཞུང་གིས་ཏོག་དབྱིབས་འགོག་ཁབ་གསུམ་པ་བསྐྱོན་འཆར་གྱི་གསལ་བསྒྲགས། ཉི་ཧོང་གཞུང་གིས་པེ་ཅིན་དགུན་དུས་ཨོ་རྩལ་ལ་ཕྱི་འབྲེལ་མི་སྣ་གཏོང་རྒྱུ་ཕྱིར་འཐེན། དམིགས་བསལ་ལས་རིམ། བོད་ཀྱི་ཡིག་སྲོལ་སྐོར། Monday 27/12/2021 Dalai Lama, Tibetan leadership condoles demise of Archbishop Desmond Tutu 99-foot Buddha statue and prayer wheels forcibly demolished in Drago CCP removes top Xinjiang official sanctioned by US Indian government declares COVID booster shot plans with vaccination for Children Japan joins US and others in diplomatic boycott of 2022 Beijing Olympics HISTORY FEATURE: Evolution of Tibetan calligraphy

༸གོང་ས་མཆོག་གིས་ཡི་ཤུ་ཆོས་དཔོན་ཌེས་མིན་ཊུ་ཊུ་མཆོག་དགོངས་པ་རྫོགས་པར་ཐུགས་གསོ་སྩལ་བ་དང་བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་མཆོད་འབུལ་ཚོགས་པ།

ཁ་སང་ཕྱི་ཚེས་ ༢༦ ཉིན་དགུང་ལོ་ ༩༠ ལ་ཕེབས་པའི་༸གོང་ས་མཆོག་གི་ཐུགས་ཉེ་བའི་མཛའ་གྲོགས་ནོ་སྦེལ་ཞི་བདེའི་དེད་དཔོན་ལྷོ་ཨ་ཕི་རི་ཀའི་ཡེ་ཤུའི་བླ་ཆེན་ Archbishop Desmond Tutu མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་སྟབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བླ་ཆེན་དམ་པ་ཁོང་གི་སྲས་མོ་ Mpho Tutu ལགས་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་བསྩལ་བ་དང་།  དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་ཏེ་བསྔོ་སྨོན་གསུང་འདོན་གནང་བ་མ་ཟད། དེ་རིང་ཉིན་རྒྱབ་ནས་དབུས་ལས་ཁུངས་ཁག་ནས་ལས་མཚམས་བཞག་ཡོད།༸གོང་ས་མཆོག་གིས་གསུང་འཕྲིན་ནང་ལ་ངོས་ཀྱིས་སྐུ་ཉིད་ཀྱི་ཡབ་དམ་པ་མཆོག་ལ་ཐུགས་སྨོན་ཞུ་རྒྱུ་ཡིན། སྐུ་ཉིད་ཀྱིས་མཁྱེན་གསལ་ལྟར་ཡབ་དམ་པ་ཁོང་དང་ངོས་དབར་ཡུན་རིང་གི་གྲོགས་འདྲིས་ལོངས་སུ་སྤྱད་རྒྱུ་བྱུང་ཡོད། སྐུ་ཉིད་ཀྱི་ཡབ་དམ་པ་མཆོག་དང་ལྷན་དུས་སྐབས་མང་པོའི་རིང་མཉམ་དུ་དུས་ཚོད་བསྐྱེལ་ཡོད་པ་དང་ལྷག་པར་དུ་ཕྱི་ལོ་ ༢༠༡༥ ལོར་དྷརྨ་སཱ་ལཱར་གཟའ་འཁོར་གཅིག་རིང་འཛམ་གླིང་ལ་ཞི་བདེ་དང་བདེ་སྐྱིད་ཀྱི་ཁོར་ཡུག་ཇེ་བཟང་དུ་གཏོང་བའི་ཐད་ལ་བསམ་ཚུལ་བརྗེ་ལེན་བྱས་མྱོང་ཡོད་ལ། ངེད་གཉིས་དབར་གྲོགས་པོའི་འདུ་ཤེས་དང་ཆོས་ཕྱོགས་ཀྱི་འབྲེལ་བ་དམིགས་བསལ་ཞིག་ཡོད་པ་དེ་ནི་ངེད་གཉིས་ཀྱིས་གཙིགས་ཆེར་བརྩིས་ཡོད་ཅེས་བཀའ་སྩལ་མཛད་འདུགཌེས་མིན་ཊུ་ཊུ་མཆོག་ནི་མང་ཚོགས་ཀྱི་ཐུན་མོང་གི་ཁེ་ཕན་སླད་ཆོད་སེམས་བརྟན་པོའི་ཐོག་ནས་ཞབས་འདེགས་སྒྲུབ་མཁན་ཞིག་ཡིན་པ་མ་ཟད་འགྲོ་བ་མིའི་རིགས་ཀྱི་བེད་སྡུག་ལ་ཐུགས་འཁུར་བཞེས་མཁན་དང་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་ཞིག་ཡིན་པའི་ཁར་ཁོང་གིས་དྲང་བདེན་དང་བར་འདུམ་སླད་ཕྱག་ལས་གནང་བ་ནི་འཛམ་གླིང་སྤྱིར་སེམས་འགུལ་ཐེབས་གཞི་ཞིག་ཏུ་གྱུར་ཡོད།བླ་ཆེན་དམ་པ་ཁོང་སྐུ་ཚེའི་འཕེན་པ་རྫོགས་པ་དེ་ནི་ང་ཚོར་ཆ་མཚོན་ན་རླབས་ཆེན་གྱི་མི་སྣ་ཞིག་སྐུ་གཤེགས་པ་ཆགས་ཡོད། ཁོང་གིས་སྐུ་ཚེ་དོན་སྙིང་ལྡན་པའི་ཐོག་བསྐྱལ་ཡོད། ང་ཚོས་ཁོང་ལ་རྗེས་སུ་ཡི་རང་ཞུ་རྒྱུ་ལེགས་ཤོས་ནི་ཁོང་གི་ཕྱག་ལས་ལ་འཇུག་རྒྱུ་དང་ལྷག་པར་དུ་དུས་ནས་དུས་སུ་གཞན་ལ་རོགས་རམ་ཇི་ལྟར་ཞུ་རྒྱུའི་སྐོར་ལ་གཟིགས་གནད་ཡིན་པ་བཅས་བཀའ་སྩལ་ཡོད།དེ་རིང་ཉིན་རྒྱབ་ཕྱག་ཚོད་ ༣ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་ནང་དུ་གནས་ཆུང་སྒྲ་དབྱངས་གླིང་གི་དགེ་འདུན་པ་ཁག་གཅིག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་གཙོས་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། སྲི་ཞུ་བ་ལྷན་འཛོམས་ཀྱིས་བསྔོ་སྨོན་གསུང་འདོན་གནང་བ་བརྒྱུད་ Archbishop Desmond Tutu དམ་པ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་མྱ་ངན་གུས་བཏུད་དང་གདུང་སེམས་མཉམ་བསྐྱེད་ཀྱི་གཞུང་འབྲེལ་མཆོད་འབུལ་གནང་ཡོད།སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཌེས་མིན་ཊུ་ཊུ་དམ་པ་མཆོག་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཚེ་འདིའི་ནང་ཐུགས་ཉེ་བའི་མཛའ་གྲོགས་མང་དག་ཅིག་ཡོད་པའི་ཁོངས་ནས་གཙོ་བོ་གཅིག་ཆགས་ཀྱི་ཡོད་པ་དང་ལྷག་དོན་ཁོང་ནི་བོད་དོན་ཐད་ཐུགས་སྣང་དང་དེ་བཞིན་འཛམ་གླིང་ནང་སྐུ་ངལ་འཕྲད་པར་མཐུན་འགྱུར་དང་རོགས་རམ་གནང་མཁན་ཞིག་ཆགས་ཀྱི་ཡོད་སྐོར་སོགས་གསུངས་ནས་དམ་པ་ཁོང་གི་སྐུ་ཚེའི་ལོ་རྒྱུས་ངོ་སྤྲོད་གནང་སོང་། སྤྱིར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ Twitter  དྲ་གནས་ཐོག་ Desmond Tutu དམ་པ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་བོད་མི་རྣམས་ནས་མྱ་ངན་ཞུ་བཞིན་ཡོད་སྐོར་གསུངས་པ་དང་སྦྲགས།  དམ་པ་ཁོང་གིས་བྱམས་བརྩེ་དང་ཞི་བདེའི་ཐོག་གནང་བའི་གསུང་འཕྲིན་དང་ཁོང་གི་མཛད་རྗེས་ཁག་མུ་མཐུད་ནས་གནས་ཀྱི་རེད་ཅེས་གསུངས་པ་མ་ཟད་དམ་པ་ཁོང་གི་ཤུལ་ལུས་སྐུ་འཁོར་ནང་མི་ཉེ་འབྲེལ་རྣམས་ལ་ཐུགས་གསོ་ཞུས་ཡོད། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཀྱང་ Archbishop Desmond Tutu མཆོག་གི་ཤུལ་ལུས་ནང་མིར་ཐུགས་གསོ་ཞུས་འདུག ཌེས་མིན་ཊུ་ཊུ་དམ་པ་མཆོག་གི་སྲས་མོའི་མཚན་ཐོག་ཏུ་ཕུལ་བའི་ཐུགས་གསོའི་ཕྱག་ཡིག་ནང་ཌེས་མིན་ཊུ་ཊུ་དམ་པ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པ་དེ་ནི་བོད་མི་ཚོར་དམིགས་བསལ་གྱི་ཡིད་སྐྱོའི་གནས་ཚུལ་ཞིག་ཡིན་པ་དང་། ཚོགས་གཙོ་མཆོག་ནས་ཕྱི་ལོ་ ༢༠༡༥ ལོར་བཞུགས་སྒར་དྷརྨ་སཱ་ལཱར་དམ་པ་ཁོང་དང་མཇལ་འཕྲད་ཞུ་རྒྱུའི་གོ་སྐབས་བྱུང་བ་དང་༸གོང་ས་མཆོག་དང་ལྷན་ཆོས་ཕྱོགས་ཀྱི་འབྲེལ་བ་དམིགས་བསལ་ཡོད་པ་མ་ཟད་བོད་དོན་ཐད་རྒྱབ་སྐྱོར་གནང་མཁན་ཡིན་པ་སོགས་གསུངས་པ་དང་ཆབས་ཅིག ང་ཚོས་དམ་པ་ཁོང་གིས་བྱམས་བརྩེ་དང་འགྲོ་བ་མིའི་རིགས་ཀྱི་བདེ་རྩར་དམིགས་པའི་ལམ་སྟོན་གནང་ཁག་ལ་འཇུག་ཐུབ་པའི་རེ་བ་ཡོད་ཅེས་དང་དམ་པ་ཁོང་གི་མཛད་རྗེས་ལ་ཡི་རང་ཞུས་འདུག གཞི་རྩའི་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལ་གཞིགས་ན། Archbishop Desmond Tutu མཆོག་འབྲས་ནད་རྐྱེན་གྱིས་སྐུ་ཚེའི་འཕེན་པ་རྫོགས་པ་རེད་ཅེས་གསལ་འདུག་པ་དང་། ཁ་སང་ Archbishop Tutu མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་ཐོན་འཕྲལ་ལྷོ་ཨ་ཕི་རི་ཀའི་མང་ཚོགས་དང་ཡི་ཤུའི་བླ་ཆེན་ Pope Francis མཆོག ཨ་རིའི་སྲིད་འཛིན་སྐུ་ཞབས་ Joe Biden མཆོག དེ་བཞིན་དབྱིན་ཡུལ་གྱི་རྒྱལ་མོ་ཨི་ལེ་ཛི་བྷཐ་མཆོག སྲིད་འཛིན་ཟུར་པ་སྐུ་ཞབས་ Barack Obama མཆོག གཞན་ཡང་མང་ཚོགས་དུ་མས་ཐུགས་གསོ་དང་དམ་པ་ཁོང་ལ་མྱ་ངན་གུས་འདུད་ཞུས་འདུག ནོ་སྦེལ་ཞི་བདེའི་དེད་དཔོན་ལྷོ་ཨ་ཕི་རི་ཀའི་ཡེ་ཤུའི་བླ་ཆེན་ Archbishop Desmond Tutu མཆོག་ནི་ཕྱི་ལོ་ ༡༩༣༡ ལོར་ South Africa རྒྱལ་ཁབ་ཀྱི་བྱང་ནུབ་ཁུལ་གྱི་ས་གནས་ Klerksdorp ནང་གི་ཁྱིམ་ཚང་ཉམ་ཆུང་ཞིག་ཏུ་འཁྲུངས་ཤིང་། ཆུང་དུས་ཀྱི་སློབ་སྦྱོང་ཁག་གནང་བའི་རྗེས་སུ་དགེ་རྒན་གྱི་ཕྱག་ལས་དང་དེ་ནས་རིམ་པས་དབྱིན་ཡུལ་དུ་ཕེབས་ཏེ་ཡི་ཤུའི་ཆོས་ཕྱོགས་ཐོག་ལ་སློབ་གཉེར་འཐུས་ཚང་གནང་སྟེ་སླར་ South Africa ནང་ལ་ཡི་ཤུའི་ཆོས་ཕྱོགས་ཀྱི་ལས་གནས་འདྲ་མིན་ཐོག་ཕྱག་གནང་བ་མ་ཟད། ལྷག་པར་དུ་ ༡༩༨༦ ལ་ཡུལ་དེའི་ནང་གི་ཡི་ཤུའི་ཆོས་དཔོན་གྱི་གོ་གནས་མཐོ་ཤོས་དེ་བཞེས་སྐབས་བེུད་རྣམས་ཀྱང་ཆོས་དཔོན་གྱི་གོ་གནས་ཐོག་ཕེབས་ཆོག་པའི་ལམ་སྲོལ་གསར་གཏོད་མཛད་ཡོད།བླ་ཆེན་དམ་པ་ཁོང་གི་སྐུ་ཚེའི་མཛད་རྗེས་ནང་ལ་ཆོས་ཕྱོགས་ཀྱི་ཕྱག་ལས་ཙམ་མ་ཟད་ས་གནས་སུ་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་པའི་མི་རིགས་དབྱེ་འབྱེད་དང་འདྲ་མཉམ་གྱི་ཐོབ་ཐང་སོགས་དང་འབྲེལ་བའི་ལས་འགུལ་སྣ་ཚོགས་ཁོངས་སུ་ཕྱག་ལས་གནང་མྱོང་ཡོད་པ་མ་ཚད་པར་ལྷག་དོན་ anti-apartheid ཞེས་པའི་ལས་འགུལ་ནང་ལ་ནུས་པ་ལྡན་པའི་ཕྱག་ལས་སྣ་ཚོགས་གནང་བའི་བརྒྱུད་རིམ་ཁྲོད་རྒྱལ་སྤྱིའི་འགོ་ཁྲིད་མང་པོས་བླ་ཆེན་དམ་པ་ཁོང་ལ་ཆེད་བསྟོད་དང་གཟེངས་རྟགས་འབུལ་བཞེས་སོགས་གནང་ཡོད་པ་རེད། ཕྱི་ལོ་ ༡༩༨༤ ལོར་འཛམ་གླིང་ནོ་སྦེལ་ལྷན་ཚོགས་ཀྱིས་དམ་པ་ཁོང་གི་མཛད་རྗེས་ལ་ཆེད་བསྟོད་ཞུས་པ་འབྲེལ་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་བསྐྱངས་ཡོད།དམ་པ་ཁོང་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་ཉེ་བའི་མཛའ་གྲོགས་ཤིག་ཡིན་པ་ དང་། ཁོང་གིས་བོད་ཀྱི་གནད་དོན་དང་འབྲེལ་གོ་སྐབས་ནམ་བྱུང་ལ་རྒྱ་ནག་ལ་ཡོང་གྲགས་ཀྱི་ཐོག་ནས་ཁ་གཏད་བཅག་ཡོད་ལ། ལྷག་པར་དུ་༸གོང་ས་མཆོག་གིས་དམ་པ་ཁོང་བཞུགས་སྒར་དྷ་སར་གདན་ཞུ་མཛད་དོན་ལྟར་ཆེད་ཕེབས་གནང་སྐབས་མགོན་པོ་༸གང་ཉིད་མཆོག་ཁ་བྲལ་བ་གཏན་ནས་མིན་པ་དང་རྒྱ་ནག་ནས་བོད་མིར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཁེ་དབང་སྤྲོད་དགོས་པར་ནན་སྐུལ་གནང་མྱོང་ཡོད་པ་རེད།༸གོང་ས་མཆོག་ལྷོ་ཨ་ཕི་རི་ཀར་གདན་འདྲེན་ལན་མང་ཞུས་ཡོད་ཀྱང་རྒྱ་ནག་གིས་གནོན་ཤུགས་ཆེས་ཆེར་སྤྲད་རྐྱེན་ལྷོ་ཨ་ཕི་རི་ཀར་ཆིབས་བསྒྱུར་མཛད་མ་ཐུབ་སྟབས་སྐབས་དེར་ཁོང་གིས་ལྷོ་ཨ་ཕི་རི་ཀའི་གཞུང་འཛིན་ལ་ཡོངས་གྲགས་ཀྱི་ཐོག་ནས་སྐྱོན་བརྗོད་ཀྱི་རྣམ་པ་ཤུགས་ཆེ་བསྟན་ཡོད།

Latest news