Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: June, 2022

རེས་གཟའ་ཕུར་བུ། ༢༠༢༢།༠༦།༣༠

ཉན་པ།: Listen ཕབ་ལེན། Download བོད་པའི་བེུད་ཅིག་༸གོང་ས་མཆོག་གི་༸སྐུ་པར་བཤམས་པའི་ཉེས་མིང་འོག་འཛིན་བཟུང་། ཅེཀ་སྤྱི་མཐུན་རྒྱལ་ཁབ་ནས་བོད་དང་རྒྱ་ནག་ཐོག་སྲིད་བྱུས་གསར་པ་གཏན་འབེབས་དགོས་པའི་ཞུ་གཏུག ༸དཔལ་༸རྒྱལ་དབང་ཀརྨ་པ་མཆོག་རྒྱ་གར་ལ་ཕྱིར་ཕེབས་རྒྱུའི་ཐུགས་འདོད་ཡོད་ཅེས་བཀའ་སྩལ་འདུག རྒྱ་ནག་དེ་རྒྱལ་སྤྱིའི་ཁྲོད་ཆེས་སྡུག་ཤོས་ཀྱི་རྒྱལ་ཁབ་ཡིན་པར་མངོན་གསལ། ལོ་ངོ་ ༢༥ རྗེས་སུ་ཧོང་ཀོང་གི་མ་འོངས་པ་ངེས་གཏན་མེད་པར་གྱུར་བ། འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད། ནམ་དུས་དང་མཐུན་པའི་ཤིང་ཏོག་མཆོད་ཕྱོགས་སྐོར། Thursday 30/06/2022 Tibetan woman arrested over possession of Dalai Lama picture Czech Republic urged to promote EU human rights policy on China and Tibet conflict Karmapa Rinpoche expresses wish to return to India Unfavorable views of China at new high in Pew survey Hong Kong in limbo 25 years after British handover to China Health and Wellness: Health benefits of seasonal fruits

དོན་འགྲུབ་གླིངརུ་ཁག་ལ་རྒྱལ་ཁའི་གསལ་བསྒྲགས་དང་སིམ་ལ་རུ་ཁག་ལ་ཉེས་ཆད།

ཁ་སང་འདི་ག་དོན་འགྲུབ་གླིང་གཞིས་ཆགས་སུ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཚོགས་གཙོ་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་འདི་ལོའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གཟེངས་རྟགས་ཀྱི་རྩེ་ཕུད་རྒྱལ་ཁ་ཐོབ་མཁན་དོན་འགྲུབ་གླིང་རུ་ཁག་ལ་གསེར་གྱི་གཟེངས་རྟགས་འབུལ་བཞེས་གནང་ཡོད་པ་རེད། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་དེ་རིང་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཕྱི་ལོ་ ༢༠༢༢ ལོའི་༸རྒྱལ་ཡུམ་ཆེན་མིའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་མཐའ་མའི་རྒྱལ་ཁ་དེ་དོན་འགྲུབ་གླིང་རྐང་སྤོལ་རུ་ཁག་ལ་ཐོབ་ཡོད་པ་འགྲེལ་བརྗོད་དང་སྦྲགས། ཚོགས་པའི་སྒྲིག་གཞི་གཞིར་བཟུང་རྩེད་དཔང་གིས་ཐག་གཅོད་གནང་བ་དེ་མཐའ་མའི་ཐག་གཅོད་ཡིན་པ་དང་རྒྱལ་སྤྱིའི་རྩེད་འགྲན་ནང་དུའས་རྩེད་དཔང་ལ་རོགས་སྐྱོར་གྱི་ཡོ་ཆས་ཡོད་ཀྱང་། རྩེད་དཔང་གིས་ཐག་གཅོད་གནང་བ་དེ་མཐའ་མ་ཡིན་པ་གསལ་ཡོད་ཅེས་གསུངས་འདུགགཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་ཉེ་ཆར་རྙོག་གྲའི་འོག་ནས་སྐར་མ་ ༡༧ ནས་ཐག་གཅོད་གནང་དགོས་པའི་རུ་ཁག་གཉིས་ཀྱི་རྩེད་འགྲན་མཐའ་མ་འདི་ནི་མང་ཚོགས་སྤྱི་དང་བྱེ་བྲག་ཏུ་རྩེད་མོར་དགའ་ཞེན་དང་ལྷག་པར་རྩེད་རིགས་ལ་རྒྱབ་སྐྱོར་དང་མཐུན་འགྱུར་གནང་མཁན་ཚོར་བློ་ཕམ་ཆེན་པོ་ཞིག་བྱུང་ཡོད་པ་རེད། རྩེད་རིགས་ཀྱི་དམིགས་ཡུལ་ནི་སྤྱི་ཚོགས་མཐུན་ལམ་ཇེ་བཟང་དུ་གཏང་རྒྱུ་གཙོས་རྩེད་རིགས་ཀྱི་སྒྱུ་རྩལ་གོང་མཐོར་སྤེལ་ཐབས་ཡིན་པ་སོགས་གསུངས་ཡོད། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་བསྟན་འཛིན་རིན་ཆེན་ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་གནང་བའི་རྩེད་འགྲན་གྱི་ཉིན་མཐའ་མའི་སྐབས་ཁ་གཏད་སིམ་ལ་རུ་ཁག་གིས་ཀུན་སྤྱོད་ལ་གཞིགས་ནས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་སིམ་ལ་རྐང་སྤོལ་རུ་ཁག་གི་རྩེད་འགྲན་པ་དང་། རྐང་རྩེད་སྤོ་ལོའི་སློབ་སྟོན་པ། དེ་བཞིན་རུ་ཁག་གི་འགན་འཛིན་བཅས་སླད་མར་ལོ་ལྔའི་རིང་༸རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ནང་མཉམ་ཞུགས་མི་ཆོག་པའི་ཉེས་ཆད་བཏང་སོང་། ཅི་སྟེ་རུ་ཁག་དེའི་ངོས་ནས་ཟླ་བ་གཅིག་གི་ནང་ཚུད་ཚོགས་པར་དགོངས་སེལ་ཞུ་ཚེ་ཐག་གཅོད་གནང་བ་དེར་ཡང་དགོངས་བཞེས་གནང་རྒྱུ་ཡིན་པ་གསུངས་འདུགཁ་སང་ཕྱི་དྲོ་དོན་འགྲུབ་གླིང་གཞིས་ཆགས་སུ་གོ་སྒྲིག་ཞུས་པའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་ས་གནས་ཀྱི་མང་ཚོགས་དང་། ལྡེ་ར་ལྡུན་ཁུལ་གྱི་ས་གནས་སོའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་མི་མང་བཅས་འདུ་འཛོམས་བྱུང་འདུགཐོག་མའི་འཆར་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དེ་རྩེད་འགྲན་གནང་ཡུལ་གྱི་སྤོན་ཊ་ཆོལ་གསུམ་གཞིས་ཆགས་རང་དུ་གནང་གཏན་ཁེལ་འདུག་ཀྱང་། ས་གནས་འབྲེལ་ཡོད་ཚོས་ངོས་བཞེས་མ་གནང་སྟབས་དོན་འགྲུབ་གླིང་གཞིས་ཆགས་སུ་འབོད་སྐུལ་ཞུས་པ་ཞིག་ཆགས་ཡོད།  

བོད་པའི་བེུད་ཅིག་༸གོང་ས་མཆོག་གི་༸སྐུ་པར་བཤམས་པའི་ཉེས་མིང་འོག་འཛིན་བཟུང་།

རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོང་ཟེར་བའི་བོད་ནག་ཆུ་ཨ་མདོ་རྫོང་ཁོངས་ནས་ཡིན་པའི་བུད་མེད་འཛུམ་དཀར་ལགས་རང་ཁྱིམ་གྱི་མཆོད་ཁང་ནང་དུ་༸གོང་ས་མཆོག་གི་༸སྐུ་པར་བཤམས་ཡོད་པའི་ཉེས་མིང་འོག་ལྷ་སར་བཙན་ཁྲིད་བྱས་འདུགཉེ་སྔོན་ཨ་མདོ་རྫོང་རྩ་རིང་གྲོང་རྡལ་གྱི་ས་གནས་དཔོན་རིགས་ཁག་ཅིག་གིས་བོད་པའི་ཁྱིམ་ཚང་ཁག་ལ་སྔོག་གཤེར་བྱས་ཡོད་པ་ལྟར་ཟླ་བ་འདིའི་ཕྱི་ཚེས་ ༢༣ ཉིན་བེུད་འཛུམ་དཀར་ལགས་ཁོང་གི་ཁྱིམ་ཚང་དུ་མཆོད་ཁང་ཆེན་པོ་ཞིག་གསར་རྒྱག་གནང་ཡོད་པའི་ནང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་བཤམས་ཡོད་ལུགས་ཀྱི་ཉེས་མིང་འོག་ཁོང་རང་ཁྱིམ་ནས་འཛིན་བཟུང་བྱས་ཡོད་པ་དང་། ཁ་ཉིན་ཚེས་ ༢༨ ཉིན་ཨ་མདོ་རྫོང་ནས་ལྷ་སར་བཙན་ཁྲིད་བྱས་ཡོད་པ་རེད། ཁ་སང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བར་འཛུམ་དཀར་ལགས་ནི་ད་ལྟ་རང་ལོ་ ༢༧ ཡིན་པ་དང་། ཁོང་ནག་ཆུ་ས་ཁུལ་ཨ་མདོ་རྫོང་རྩ་རིང་གྲོང་རྡལ་ནས་ཡིན་ཞིང་། ཆུང་དུས་ནས་ཕ་མ་གཉིས་དང་ལྷན་དུ་འབྲོག་ལས་བྱས་ཏེ་འཚོ་བ་བསྐྱལ་ཡོད་པ་དང་། ཁྱིམ་ཚང་གི་གཞི་འཛིན་ཡང་ཡིན་འདུག  ཕྱི་ལོ་ ༢༠༡༦ ལོར་ཁོང་གིས་ནོར་ཚེ་ཞེས་པའི་སྐྱེས་པ་ཞིག་དང་གཉེན་སྒྲིག་གནང་ཡོད་པ་དང་ཁོང་གཉིས་ལ་ཕྲུ་གུ་གཉིས་འདུག སྤྱིར་ཕྱི་ཟླ་ ༧ ཚེས་ ༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་ཉིན་མོ་ཡིན་པ་དང་སྟབས་བསྟུན་འདི་ལོའི་ཕྱི་ཟླ་ལྔ་པ་ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་ས་གཙོ་བོར་གྱུར་པའི་བོད་ཀྱི་ས་ཁུལ་མང་དག་ཅིག་ཏུ་མི་མང་གི་ཁ་པར་དང་ཁྱིམ་ཚང་སྔོག་གཤེར། དེ་བཞིན་བོད་མི་མཆོད་མཇལ་བ་དང་ཡུལ་སྐོར་བ་སོགས་ལ་༸གོང་ས་མཆོག་གི་༸སྐུ་པར་ཡོད་མེད་དང་བཙན་བྱོལ་བོད་མིར་འབྲེལ་བ་ཡོད་མེད་སོགས་ཀྱི་གནད་དོན་འདྲ་མིན་ཐོག་འདྲི་རྩད་བྱེད་བཞིན་ཡོད་པ་རེད། རྒྱ་ནག་གཞུང་གིས་བོད་ཐོག་དམ་དྲག་ཅན་གྱི་སྲིད་བྱུས་ཆེས་ཆེར་སྤེལ་བཞིན་པའི་ཁྲོད་སྔ་ལོར་ཁམས་དཀར་མཛེས་ཁུལ་གྱི་གསེར་ཤུལ་རྫོང་། རྫ་དབོན་པོ་ཁུལ་གྱི་དགོན་གྲོང་གཉིས་ཀར་སྔོག་གཤེར་ཐེངས་ཁ་ཤས་བྱས་ཡོད་པའི་ཁྲོད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་ཉར་ཚགས་བྱེད་མཁན་དང་། ཕྱི་ཕྱོགས་ལ་འབྲེལ་བ་ཡོད་མཁན། དེ་བཞིན་བོད་ཀྱི་སྐད་ཡིག་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་གཉེར་མཁན་བཅས་ཁྱོན་བོད་མི་ ༡༠༠ ལྷག་འཛིན་བཟུང་བྱས་པའི་གནས་ཚུལ་རིམ་པ་ཐོན་ཡོད་པ་རེད། འབྲེལ་ཡོད་པར་གྱི་བདག་དབང་བོད་ཀྱི་དུས་བབ།

ཅེཀ་སྤྱི་མཐུན་རྒྱལ་ཁབ་ནས་བོད་དང་རྒྱ་ནག་ཐོག་སྲིད་བྱུས་གསར་པ་གཏན་འབེབས་དགོས་པའི་ཞུ་གཏུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་ Czech བོད་དོན་རྒྱབ་སྐྱོར་ཚོགས་པ་ཟུང་སྦྲེལ་གྱིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོའི་ལས་ཡུན་ཁྲོད་བོད་དང་རྒྱ་ནག་ཐོག་སྲིད་བྱུས་གསར་པ་གཏན་འབེབས་དགོས་པའི་ཞུ་གཏུག་གནང་འདུགཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་བཟུང་ཟླ་བ་དྲུག་གི་རིང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནས་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོའི་ལས་འགན་དབུ་འཛུགས་གནང་གི་ཡོད་པ་དང་འབྲེལ། ཚོགས་པ་དེ་དག་གཉིས་ཀྱིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལ་ཞུ་ཡིག་ཤོག་གྲངས་བརྒྱད་ཅན་ཞིག་ཕུལ་ཏེ་ཡུ་རོབ་མཐུན་ཚོགས་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གཞི་རྩར་བཟུང་སྟེ་རྒྱ་ནག་ཐོག་སྲིད་བྱུས་གསར་པ་ཞིག་གཏན་འབེབས་གནང་དགོས་སྐོར་གསུངས་པ་དང་ཆབས་ཅིག ཡུལ་བབ་སྲིད་བྱུས་གྱི་གནས་སྟངས་ལ་བརྟེན་ནས་བོད་རྒྱའི་གནད་དོན་ཐོག་སྲིད་བྱུས་དང་བཞེངས་ཕྱོགས་གསར་པ་གཏན་འབེབས་གནང་དགོས་པ་སོགས་དོན་ཚན་ལྔ་ཅན་ཞུ་གཏུག་གནང་འདུག དོན་ཚན་ལྔ་པོ་རྣམས་ནི། ཡུ་རོབ་མཐུན་ཚོགས་ནས་རྒྱལ་སྤྱིའི་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་མཐུན་གནས་བབ་འོག་བོད་དོན་ཐོག་སྲིད་བྱུས་དང་བཞེངས་ཕྱོགས་གསར་པ་གཏན་འབེབས་དགོས་པ་དང་བོད་ནང་རྒྱ་ནག་གཞུང་སྒེར་ཅི་རིགས་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་རྣམས་ལ་སྲིད་དོན་ཉེས་ཆད་བཀལ་དགོས་པ། དེ་བཞིན་ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་དང་ལྷན་དུ་བཞག་པའི་ Investment Agreement མ་འཛུགས་ཀྱི་གྲོས་མཐུན་བརྒྱུད་ནས་རྒྱ་ནག་གིས་ International Labour Organisation’s Convention རྒྱལ་སྤྱིའི་ངལ་རྩོལ་ཚོགས་པའི་ཁྲིམས་ལ་རྩིས་སྲུང་དགོས་པ་བཟོ་རྒྱུ། བོད་རྒྱའི་དཀའ་རྙོག་སེལ་བའི་ལས་དོན་ཐོག་འབད་བརྩོན་གནང་དགོས་པར་མ་ཟད་ལྷག་པར་དུ་བོད་མི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་གནད་དོན་ཐད་རྒྱ་ནག་གཞུང་ལ་ཐེ་བྱུས་གང་ཡང་མེད་པའི་སྤྱི་བསྒྲགས་ཤིག་ངེས་གནང་དགོས་པ་བཅས་ཀྱི་ཞུ་སྐུལ་གནང་ཡོད།རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་མཐུན་ཚོགས་ཀྱི་འབྲེལ་མཐུད་པ་སྐུ་ཞབས་ Vincent Metten ལགས་ཀྱིས་ཅེཀ་མི་མང་རྣམས་དམར་ཤོག་སྲིད་དབང་གི་དྲག་གནོན་འོག་གནས་པའི་མྱོང་ཚོར་ཡོད་པ་དང་འབྲེལ། འཛམ་གླིང་ས་ཕྱོགས་གང་དུ་རང་དབང་མེད་པ་དེར་གདུང་སེམས་མཉམ་བསྐྱེད་ཞུ་དགོས་པ་དང་། ལྷག་པར་དུ་ད་ལྟའི་ཆར་བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གོང་སྤེལ་ཆེད་ཡུ་རོབ་མཐུན་ཚོགས་ནས་མཉམ་འབྲེལ་གྱི་གོང་བུ་གཅིག་ལ་འདྲིལ་ནས་ཕྱག་ལས་གཏིང་ཚུགས་པ་ཞིག་གནང་གལ་ཡིན་པ་གསུངས་ཡོད། གཞི་རྩའི་ཞུ་ཡིག་དེ་ཅེཀ་སྲིད་བྱུས་ཉམས་ཞིབ་ཁང་གཉིས་ཀྱིས་ལྷན་དུ་བཀའ་བསྡུར་གནང་སྟེ་ཕྱི་ཟླ་ ༦ ཚེས་ ༢༧ དང་ ༢༨ བཅས་སུ་རིམ་བཞིན་ཅེཀ་ཕྱི་སྲིད་བློན་ཆེན་དང་གྲོས་ཚོགས་འཐུས་མི་ཁག་གཅིག དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ལ་སྤྱན་འབུལ་ཞུས་པ་ཞིག་ཆགས་ཀྱི་ཡོད། དེའི་ནང་བོད་དེ་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་པ་མ་ཟད་བོད་ནང་གི་རང་དབང་དང་འཐབ་རྩོད་ཆེད་ད་བར་བོད་མི་ ༡༦༠ ལྷག་གིས་སྐུ་ལུས་ཞུགས་འབུལ་གནང་ཡོད་པ་སོགས་ཀྱི་གནད་དོན་ཞིབ་རྒྱས་བཀོད་འདུག

༸དཔལ་༸རྒྱལ་དབང་ཀརྨ་པ་མཆོག་རྒྱ་གར་ལ་ཕྱིར་ཕེབས་རྒྱུའི་ཐུགས་འདོད་ཡོད་ཅེས་བཀའ་སྩལ་འདུག

དེ་རིང་ཕྱི་ཟླ་ ༦ ཚེས་ ༣༠ དང་བོད་ཟླ་ ༥ ཚེས་ ༡ ཉིན་ཀརྨ་པ་རིན་པོ་ཆེ་མཆོག་གི་བླ་བྲང་གིས་ཐུགས་འགན་གཙོ་བཞེས་ཐོག་རྒྱ་བལ་འབྲུག་གསུམ་ནང་གི་དགོན་སྡེ་ཁག་ཅིག་གིས་གོ་སྒྲིག་གནང་སྟེ་དྲ་ཐོག་བརྒྱུད་ནས་༸དཔལ་༸རྒྱལ་བ་དབང་ཀརྨ་པ་མཆོག་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་༸སྐུའི་འཁྲུངས་སྐར་གྱི་ཚོགས་མགོན་དུ་དབུ་བཞུགས་ཐོག་རིན་པོ་ཆེ་མཆོག་བོད་ལུགས་ལྟར་དགུང་གྲངས་ ༣༨ བདག་གིར་བཞེས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་སོང་བ་དང་། སྐབས་དེར་རིན་པོ་མཆོག་གིས་རིན་པོ་ཆེ་༸གང་ཉིད་མཆོག་རྒྱ་གར་ལ་ཕྱིར་ཕེབས་རྒྱུའི་ཐུགས་འདོད་ཡོད་ཅེས་བཀའ་སྩལ་འདུག དེ་རིང་རེས་གཟའ་ཕུར་བུ་ཉིན་དེང་ཆར་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ཕྲན་བུ་བཟང་དུ་ཕྱིན་པར་བརྟེན་འབྲེལ་ཡོད་དགོན་པ་སོ་སོའི་མཁན་བླ་སྤྲུལ་འདུས་མང་ཡོངས་ལྷན་འཛོམས་གནང་སྟེ་དྲྭ་ཐོག་ཏུ་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་འདུག་པ་དང་། སྲུང་བརྩིའི་མཛད་རིམ་ཐོག་༸སྐྱབས་རྗེ་རྒྱལ་ཚབ་བཀྭན་ཏིང་གཽ་ཤྲི་ཆེན་པོ་མཆོག་གིས་དབུས་པའི་༸སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་མཆོག དེ་བཞིན་མཁན་བླ་སྤྲུལ་དང་དགེ་འདུན་འདུས་པ་རྒྱ་མཚོ་བཅས་སོགས་དབུ་བཞུགས་གནང་འདུགསྐབས་དེར་༸དཔལ་༸རྒྱལ་བ་དབང་ཀརྨ་པ་མཆོག་གིས་༸སྐུའི་འཁྲུངས་སྐར་མཛད་སྟོན་ཐོག་ལྷན་ཞུགས་གནང་མཁན་ཡོངས་ལ་འཚམས་འདྲི་མཛད་པ་དང་སྦྲགས། དེ་རིང་བོད་ཟླ་ ༥ ཚེས་ ༡ ཉིན་རིན་པོ་ཆེ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་སྲོལ་དེའང་༸གང་ཉིད་མཆོག་གིས་ཡབ་ཡུམ་གཉིས་ཀྱིས་འཁྲུངས་ཚེས་ནོར་མེད་པར་ངོས་བཞེས་གནང་གི་ཡོད་པ་དང་དེ་སྔ་བོད་ལ་བཞུགས་སྐབས་གདན་ས་ཚུར་ཕུ་ལའང་དེ་ལྟར་སྲུང་བརྩི་ཞུ་སྲོལ་ཡོད་པ་བཀའ་སྩལ་འདུགདེ་བཞིན་རིན་པོ་ཆེ་༸གང་ཉིད་མཆོག་གིས་དེ་རིང་གི་དུས་ཚིགས་འདི་ངོས་ལ་མཚོན་ལ་ཡབ་ཡུམ་གཉིས་ཀྱིས་ཆོས་བསྒྲུབ་པའི་ལུས་རྟེན་གནང་ཞིང་དེ་ལྟར་བསྒྲུབ་པར་མཐུན་རྐྱེན་ཚང་ཡོད་པ་སོགས་བཀའ་སྩལ་བ་དང་སྦྲགས་ཏེ་བཀའ་དྲིན་རྗེས་དྲན་གྱི་དུས་ཚིགས་ཤིག་ཆགས་ཡོད་པ་བཀའ་སྩལ་འདུག རིན་པོ་ཆེ་མཆོག་གིས་ད་དུང་ཚེ་རབས་ནས་ཚེ་རབས་བར་བསྟན་འགྲོ་སྤྱིའི་འཕྲལ་ཕུགས་རྒྱང་གསུམ་གྱི་དོན་བསྒྲུབ་ཐུབ་པའི་ཐུགས་རེ་ཡོད་སྐོར་བཀའ་སྩལ་བ་དང་ཆབས་ཅིག རྒྱ་གར་གཞུང་ནས་གནང་བའི་ IC ལག་དེབ་སེར་པོ་དེ་རང་བཞིན་གྱིས་ནུས་མེད་ཆགས་པར་བརྟེན་འདས་པའི་ལོ་ཤས་ནས་བཟུང་རིན་པོ་ཆེ་༸གང་ཉིད་མཆོག་རྒྱ་གར་ལ་ཕྱིར་ཆིབས་སྒྱུར་མཛད་མ་ཐུབ་པའི་ངལ་བ་མི་ཉུང་བ་འཕྲད་ཡོད་པ་དང་དེ་ལྟར་ངལ་བ་འཕྲད་དོན་གང་ཡིན་གྱི་རྒྱབ་ལྗོངས་ངོ་སྤྲོད་ཞིབ་རྒྱས་མཛད་འདུག་པ་དང་། སླད་མར་ཆིབས་བསྒྱུར་མཛད་བདེ་དང་བསྟན་འགྲོ་དོན་རྒྱ་ཆེར་མཛད་ཕྱིར་རིན་པོ་ཆེ་མཆོག་གིས་ Dominica རྒྱལ་ཁབ་ཀྱི་མི་སེར་བཞེས་ཡོད་པ་དང་དེ་ལྟར་བཞེས་རྐྱེན་རྒྱ་གར་གྱི་ཁྲིམས་དང་མཐུན་མིན་གྱི་གནད་དོན་ཐོག་ནས་དུས་ད་ལྟའང་ངལ་བ་འཕྲད་བཞིན་ཡོད་སྐོར་བཀའ་སྩལ་འདུག རིན་པོ་ཆེ་མཆོག་གིས་རྒྱ་དབུས་གཞུང་དང་འབྲས་ལྗོངས་མངའ་སྡེ་གཉིས་ཀྱི་ངོས་ནས་རིན་པོ་ཆེ་མཆོག་ཕྱིར་རྒྱ་གར་དུ་ཕེབས་པར་ཐུགས་སྣང་ཆེན་པོ་གནང་མུས་ཡིན་པ་བཀའ་སྩལ་བ་དང་འབྲེལ། རྒྱ་གར་དབུས་གཞུང་དང་རིན་པོ་ཆེ་༸གང་ཉིད་མཆོག་དབར་འབྲེལ་བ་དམ་ཟབ་གནང་གལ་དུ་གཟིགས་དོན་ལྟར་རིན་པོ་ཆེ་མཆོག་གིས་དེ་སྔ་རྒྱ་གར་གཞུང་ལ་མཐོང་མཆན་དང་འབྲེལ་བའི་ཕྱག་ཡིག་གནང་ཡོད་པར་བཀའ་སྩལ་བ་དང་འབྲེལ་ཏེ། རིན་པོ་ཆེ་༸གང་ཉིད་མཆོག་རྒྱ་གར་ལ་ཕྱིར་ཕེབས་རྒྱུའི་ཐུགས་འདོད་ཡོད་ཅེས་བཀའ་སྩལ་འདུག གཞན་ཡང་རིན་པོ་ཆེ་མཆོག་གིས་བར་སྐབས་ཤིག་ནས་ང་ཚོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་མཐུན་སྒྲིལ་མེད་པ་དང་ཆིག་སྒྲིལ་མེད་པ། ཟང་ཟིང་ཞེ་དྲག་ཆེ་བའི་གནས་སྟངས་བྱུང་སྐོར་བཀའ་སྩལ་བ་དང་སྦྲགས། གནས་སྟངས་དེ་ནི་ཧ་ཅང་བློ་ཕམ་དགོས་པའི་གནད་དོན་ཞིག་ཡིན་སྟབས་བོད་མི་ཚོས་དེར་ཡིད་གཟབ་གནང་གལ་ཡིན་པའི་ལམ་སྟོན་མཛད་འདུག

རེས་གཟའ་ལྷག་པ། ༢༠༢༢།༠༦།༢༩

ཉན་པ།: Listen ཕབ་ལེན། Download རྒྱ་གཞུང་ཉེན་རྟོག་པས་བོད་གོ་འཇོ་ཁུལ་གྱི་བོད་མི་དྲུག་ འཛིན་བཟུང་བྱས་འདུག G7 ལྷན་ཚོགས་ཀྱི་དབུ་ཁྲིད་རྣམ་པས་བོད་དང་ཤིན་ཅང་ནང་ངལ་རྩོལ་ལས་འགུལ་སྤེལ་བར་བློ་འཚབ། རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཐེངས་གཉིས་པ་འཚོགས་བཞིན་པ། Top Gun : Maverick གློག་བརྙན་དེ་རྒྱ་ནག་གི་རྒྱབ་སྐྱོར་མེད་པའི་ཐོག་ནས་གློག་བརྙན་ཚགས་ཚུད་བྱུང་བ་མངོན་གསལ། བོད་ཀྱི་བེུད་རྐང་སྤོལ་རུ་ཁག་འཛམ་གླིང་བེུད་རྐང་སྤོལ་ཀོ་ནི་ཧྥ་རྩེད་འགྲན་ལ་ཞུགས་རྒྱུར་གྲ་སྒྲིག Wednesday 29/06/2022 China detains six Tibetans in Gonjo County G7 leaders express concerned over China’s forced labor camp in Tibet and East Turkestan Second International Religious Freedom summit begins in Washington DC Top Gun: Maverick earns over $1 Billion without single screening in China Tibetan women’s national football team gear up for CONIFA 2022

རྒྱ་གཞུང་ཉེན་རྟོག་པས་བོད་གོ་འཇོ་ཁུལ་གྱི་བོད་མི་དྲུག་འཛིན་བཟུང་བྱས་འདུག

དེ་རིང་བོད་ནང་གི་གནས་ཚུལ་ཤེས་རྟོགས་བྱུང་བར་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོང་ཟེར་བའི་ཆབ་མདོ་ས་ཁུལ་གོ་འཇོ་རྫོང་ཁོངས་ཀྱི་བོད་མི་དྲུག་ཉེ་ཆར་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་འདུག མཚན་བརྗོད་འདོད་མེད་པའི་བོད་མི་ཞིག་གིས་གནས་ཚུལ་ངོ་སྤྲོད་གནང་དོན་ལ་དེང་སྐབས་བོད་ནང་དུ་ དབྱར་རྩྭ་དགུན་འབུ་རྐོ་བའི་དུས་ཚོད་ཡིན་པ་དང་བསྟུན། བོད་མི་དྲུག་པོ་དེ་དག་གིས་རང་གི་ས་ཆའི་ཐོག་དབྱར་རྩྭ་དགུན་འབུ་རྐོ་སྐབས་ས་གནས་ཉེན་རྟོག་པས་རྒྱ་སྒོར་ ༢༠༠༠ ཐམ་པའི་དཔྱ་ཁྲལ་འཕར་མ་སྤྲོད་དགོས་ཟེར་བར་དང་ལེན་མ་གནང་རྐྱེན་ཁོང་རྣམས་འཛིན་བཟུང་བྱས་ཡོད་པ་དང་། ཁོང་རྣམས་འཛིན་བཟུང་བྱས་པའི་རྗེས་སུ་བཀག་ཉར་འོག་ཆབ་སྲིད་ཀྱི་སློབ་གསོ་སྤེལ་བཞིན་ཡོད་པ་ཤེས་རྟོགས་བྱུང་འདུག རྩ་བའི་རྒྱ་གཞུང་ཉེན་རྟོག་པས་ཉིན་བཅོ་ལྔ་ནས་བཟུང་སྟེ་ཟླ་བ་དགུ་བར་སྲིད་འཛིན་བཀག་ཉར་ཞེས་བྱེད་སྲོལ་ཡོད་པ་ལྟར་ད་ལྟའི་ཆར་གློད་བཀྲོལ་ཐོབ་ཡོད་མེད་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མི་འདུགཁ་ཉིན་བོད་ཀྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བར་འདི་ལོའི་ཕྱི་ཟླ་དང་པོའི་ནང་དར་རྩེ་མདོ་ས་གནས་ཉེན་རྟོག་པས་བོད་རིགས་ཞིབ་འཇུག་སློབ་མ་ཉི་མ་ལགས་ལ་གསང་ཉུལ་གྱི་དོགས་གཞིའི་འོག་གློ་བུར་དུ་འཛིན་བཟུང་བྱས་ཡོད་པར་མ་ཟད་ཟླ་འདིའི་ཕྱི་ཚེས་ ༥ ཉིན་གྱི་སྔ་དྲོར་དར་རྩེ་མདོ་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་ཉི་མ་ལགས་སུ་ངན་པར་ལག་འབྲེལ་དང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་གྱི་ཉེས་མིང་གཡོགས་ཏེ་ལོ་ ༣ གྱི་ཁྲིམས་ཐག་བཅད་པ་བཀོད་འདུག ཉི་མ་ལགས་ནི། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་རྩེ་མདོ། ཧྲི་ལེན་གྲོང་ཚོ་ནས་ཡིན་པ་དང་། སི་ཁྲོན་མི་རིགས་དགེ་འོས་སློབ་ཆེན་དུ་བོད་ཀྱི་རིག་གཞུང་ཞིབ་འཇུག་སྐོར་ལ་སློབ་གཉེར་གནང་གི་ཡོད་འདུག ཁོང་དུས་རྒྱུན་བོད་ཀྱི་སྐད་ཡིག་ལ་དམིགས་བསལ་དོན་གཉེར་གནང་མཁན་ཞིག་ཡིན་པར་མ་ཟད་དར་རྩེ་མདོའི་ཕྱི་གླིང་བ་མང་པོར་བོད་ཀྱི་ལོ་རྒྱུས་དང་སྤྱིའི་གནས་བབ་ངོ་སྤྲོད་སོགས་ཀྱི་ཕྱག་ལས་གནང་གི་ཡོད་སྟབས་ངོ་ཤེས་པའི་གཞོན་སྐྱེས་མང་པོ་ཞིག་གིས་ཁོང་ལ་ལོ་ཙཱ་བ་ཞེས་འབོད་ཀྱི་འདུག

རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཐེངས་གཉིས་པ་འཚོགས་བཞིན་པ།  

རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཐེངས་གཉིས་པ་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཌི་སི་ནང་གི་ Renaissance Hotel ནང་འཚོགས་བཞིན་ཡོད་པ་རེད། ལྷན་ཚོགས་འདི་ཕྱི་ཟླ་ ༦ ཚེས་ ༢༨ ནས་དབུ་འཛུགས་ཀྱིས་ཚེས་ ༣༠ བར་ཉིན་གྲངས་གསུམ་རིང་འཚོགས་བཞིན་ཡོད་པ་དང་ལྷན་ཚོགས་ཀྱི་མཛད་སྒོར་ལྷན་ཚོགས་ཀྱི་ཚོགས་གཙོ་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཆེས་མཐོའི་སྐུ་ཚབ་ཟུར་པ་སྐུ་ཞབས་ Sam BrownBack མཆོག་གིས་གསུང་བཤད་གནང་བར་དུས་རབས་འདིའི་ནང་དཀའ་ངལ་ཆེ་ཤོས་འཕྲད་པའི་མི་རྣམས་རང་རང་སོ་སོའི་ཡིད་ཆེས་དང་དད་པར་རང་དབང་མེད་པའི་ཁར་གཞན་གྱིས་དམ་བསྒྲགས་བྱས་པ་དེ་ཆགས་ཀྱི་ཡོད་པ་དང་། དེ་ནི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཆེས་ཆེར་བཏང་བ་ཞིག་ཡིན་སྐོར་བཤད་པར་མ་ཟད། རྒྱ་ནག་གིས་གནད་དོན་དེའི་རྐྱེན་གྱིས་མི་རྣམས་འཛིན་བཟུང་གིས་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཞག་མུས་ཡིན་པ་ནན་བརྗོད་གནང་འདུག ཨ་རིར་གནས་བཞུགས་ Indiana མངའ་སྡེའི་ Blomington ས་གནས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྐོ་བཞག་མཛད་པའི་བོད་སོག་རིག་གཞུང་བསྟི་གནས་ཁང་གི་འགན་འཛིན་སྐུ་འབུམ་དགོན་པའི་མཁན་ཟུར་ཨ་ཀྱ་རིན་པོ་ཆེ་མཆོག་གིས་རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་རྡོག་རོལ་བཏང་བ་དང་འབྲེལ་བའི་གསུང་བཤད་གནང་རྒྱུ་དང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་སྐུ་ཞབས་ Michael R. Pompeo མཆོག་དང་སྐུ་ཞབས་  Enes Kantre Freedom  ལགས་གཙོས་རྒྱལ་སྤྱིའི་གནད་ཡོད་ཆབ་སྲིད་མི་སྣ་དང་། ཆོས་ལུགས་ཁག་གི་དབུ་ཁྲིད་དང་སྐུ་ཚབ། དེ་བཞིན་ཆོས་ལུགས་ཀྱི་ལས་འགུལ་བ་བཅས་ཁྱོན་གསུང་བཤད་པ་ ༢༤༠ མཉམ་ཞུགས་གནང་ཡོད། རྩ་བའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་དགོས་དམིགས་གཙོ་བོ་ནི་རྒྱལ་ཚོགས་ཀྱིས་གཏན་འབེབས་གནང་བའི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་རྩ་ཁྲིམས་ཀྱི་འབྲུ་དོན་ཁག་ལ་རྩིས་སྲུང་དགོས་པ་དང་། ཆོས་ལུགས་དང་ཚོགས་པ་ཆེ་ཁག་རྣམས་ལྷན་འཛོམས་ཀྱིས་མཉམ་འབྲེལ་ཐོག་ནས་འཛམ་གླིང་ནང་ཆོས་དད་རང་དབང་གི་ནུས་པ་རྒྱ་བསྐྱེད་དང་། འཛམ་གླིང་མི་མང་རྣམས་ལ་ཆོས་དད་རང་དབང་གི་གོ་རྟོགས་སྤེལ་རྒྱུ། རྒྱལ་སྤྱིའི་ནང་ཆབ་སྲིད་ཀྱི་རྒྱབ་བརྟེན་གཏིང་ཚུགས་པ་བཟོ་བའི་ཐོག་ནས་ཆོས་དད་རང་དབང་སྲུང་སྐྱོབ་གནང་རྒྱུ་ཡིན་པ་རེད། གཞི་རྩའི་ཐེངས་འདིའི་ལྷན་ཚོགས་ནང་ཚོགས་ཐེངས་ ༤༠ ཡོད་པ་དང་ཚོགས་པ་དང་ཚོང་གི་སྡེ་ཁག་ ༦༠ ནས་མཉམ་འབྲེལ་གྱིས་མཐུན་འགྱུར་གནང་ཡོད་པ་རེད། དེ་བཞིན་རྒྱལ་སྤྱིའི་ཆོས་དད་རང་དབང་ཐེངས་དང་པོ་དེ་ཕྱི་ལོ་ ༢༠༢༡ ཟླ་ ༧ ནང་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཌི་སི་ནང་ཚོགས་ཡོད། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མིའི་བསམ་བློ་འདྲ་མིན་ལ་བརྟེན་ནས་ཆོས་ལུགས་རྣམས་བྱུང་ཡོད་པ་དང་། ཆོས་དད་རང་དབང་ནི་བམས་བློའི་རང་དབང་ཞིག་ཡིན་པ་གསུངས་ཡོད། དེ་བཞིན་ཆོས་ལུགས་ཚང་མས་བྱམས་པ་དང་སྙིང་རྗེ་སོགས་བཟང་པོའི་ཡོན་ཏན་ནམ་ལམ་ཡང་དག་པར་བསླབ་ཀྱི་ཡོད་སྟབས་གང་ཟག་ཕན་ཚུན་དབར་འཆམ་མཐུན་དགོས་གལ་སོགས་ལམ་སྟོན་བཀའ་སློབ་བཀའ་དྲིན་ཆེ་བ་མཛད་ཡོད།

བོད་དང་ཤིན་ཅང་ནང་བཙན་དབང་གིས་ངལ་རྩོལ་ལས་འགུལ་སྤེལ་བར་བློ་འཚབ་གནང་འདུག

ཁ་སང་ཡུ་རོབ་རྒྱལ་ཁབ་ Germany ཀྱི་ Elmau གྲོང་ཁྱེར་ནང་འདི་ལོའི་ G7 ལྷན་ཚོགས་ཀྱི་དབུ་ཁྲིད་རྣམ་པའི་ཉིན་གྲངས་གསུམ་རིང་གི་ཚོགས་འདུ་མཇུག་སྒྲིལ་དང་འབྲེལ་ཏེ་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་བར་རྒྱ་ནག་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་སྒོས་སུ་བོད་དང་ཤིན་ཅང་ནང་བཙན་དབང་གིས་ངལ་རྩོལ་གྱི་ལས་འགུལ་སྤེལ་བའི་གནད་དོན་ཐོག་བློ་འཚབ་ཡོད་པའི་རྣམ་པ་མངོན་གསལ་གནང་བ་དང་སྦྲགས། རྒྱ་གཞུང་གིས་བོད་དང་ཤིན་ཅང་གཙོས་རྒྱ་ནག་མང་ཚོགས་ཀྱི་གཞི་རྩའི་ཐོབ་ཐང་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་བཅས་ལ་གུས་བརྩི་ཞུ་དགོས་པའི་དགོས་འདུན་བཏོན་པར་མ་ཟད་ལྷན་ཚོགས་ཀྱིས་ཀྱང་གོ་ལའི་བཟང་ཕྱོགས་ཀྱི་རིན་ཐང་གོང་འཕེལ་ཐོག་མུ་མཐུད་ཕྱག་ལས་གནང་ངེས་ཡིན་པ་གསུངས་འདུགཁ་སང་ G7 ལྷན་ཚོགས་ཀྱིས་ཤོག་གྲངས་ ༢༨ ཅན་གྱི་གསར་འགོད་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་སྟེ་དེང་སྐབས་འཛམ་གླིང་ཁྲོད་འགལ་ཟླ་དང་ཟང་ཟིང་གི་ཉེན་ཁ་ཆེ་རུ་འགྲོ་བཞིན་སྐབས་འདིར་ G7 ལྷན་ཚོགས་ཀྱིས་ནུས་པ་མཉམ་སྤུངས་ཐོག་མཐུན་ཕྱོགས་རྒྱལ་ཁབ་རྣམས་དང་ལྷན་དུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་རིན་ཐང་སྲུང་སྐྱོབ་གནང་རྒྱུའི་ཆོད་སེམས་གཏན་པོ་ཡོད་པ་མངོན་གསལ་གནང་བ་དང་ཆབས་ཅིག ཨུ་རུ་སུས་ཡུཀ་རེན་ཐོག་བཙན་འཛུལ་བྱས་པར་མཐའ་གཅིག་ཏུ་ངོ་རྒོལ་དང་སྦྲགས། ལྷན་ཚོགས་ཀྱི་ངོས་ནས་ཡུཀ་རེན་ལ་དཔལ་འབྱོར་དང་དམག་སོགས་གཞུང་འབྲེལ་ཐོག་ནས་རྒྱབ་སྐྱོར་གནང་རྒྱུར་མོས་མཐུན་གནང་སྟེ། ཡུཀ་རེན་རྒྱལ་ཁབ་ལ་རང་གི་ངོ་བོ་སྲུང་སྐྱོབ་དང་མ་འོངས་མང་གཙོའི་ཕུགས་བསམ་སྲ་བརྟན་བཟོ་བར་རྒྱབ་སྐྱོར་གང་ཐུབ་གནང་རྒྱུ་ཡིན་པ་དང་། འདི་ལོར་ལྷན་ཚོགས་ཀྱིས་ཡུཀ་རེན་ལ་ཨ་སྒོར་ཐེར་འབུམ་ ༢་༨ ཀྱི་ངལ་སེལ་རོགས་སྐྱོར་དང་ཨ་སྒོར་ཐེར་འབུམ་ ༢༩་༥ གཞུང་འབྲེལ་རོགས་སྐྱོར་གནང་གཏན་ཁེལ་ཡོད་པར་མ་ཟད་རྒྱལ་སྤྱིའི་འཛུགས་སྐྲུན་བསྐྱར་གསོའི་ལྷན་ཚོགས་ཀྱི་ལས་འཆར་འོག་ཡུཀ་རེན་རྒྱལ་ཁབ་བསྐྱར་གསོ་གནང་རྒྱུར་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་གཏན་པོ་ཡོད་པ་གསུངས་འདུགདེ་བཞིན་མཉམ་རུབ་ཀྱི་ནུས་པའི་ཐོག་ནས་དུས་ཚོད་ངེས་ཅན་ནང་དུ་ཨུ་རུ་སུའི་ཐོག་སྲིད་དོན་ཉེས་ཆད་འགེལ་རྒྱུ་དང་ཨ་སྒོར་ཐེར་འབུམ་ ༡༠༠ ལྷག་གི་འགྲོ་གྲོན་བཏང་བ་བརྒྱུད་ནས་ཨུ་རུ་སུའི་དཔལ་འབྱོར་དང་ཚོང་འབྲེལ། དེ་བཞིན་ཨུ་རུ་སུའི་ཟས་སྣ་རིགས་ཚོང་འབྲེལ་བཀག་སྡོམ་གྱི་ངན་བྱུས་ལ་གདོང་ལེན་གནང་རྒྱུ། དེ་བཞིན་གོ་ལའི་ཁོར་ཡུག་སྲུང་སྐྱོབ་དང་སྒོས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ལ་རྒྱབ་སྐྱོར་ཚུལ་དུ་རིང་མིན་ལོ་ལྔའི་ནང་ཚུད་ཨ་སྒོར་ཐེར་འབུམ་ ༦༠༠ ཙམ་གྱི་འཛུགས་སྐྲུན་ལས་གཞི་སྤེལ་རྒྱུ་དང་། ཏོག་དབྱིབས་གཉན་རིམས་སྔོན་འགོག་ཐད་ཕྱག་ལས་དང་མཐུན་འགྱུར་མུ་མཐུད་གནང་སྟེ་མདུན་བསྐྱོད་གནང་རྒྱུ་ཡིན་པ་གསུངས་འདུག རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ས་ཁུལ་དུ་དྲག་ཤུགས་དང་བཙན་འཛུལ་གྱི་བྱ་སྤྱོད་དེ་དག་ཁྲིམས་འགལ་ཡིན་པར་སྐྱོན་བརྗོད་དང་སྦྲགས། རྒྱ་ནག་ལ་ས་ཁུལ་དེའི་བདེ་འཇགས་དང་འབྲེལ་བའི་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་རྩིས་སྲུང་ཞུ་དགོས་པ་དང་དེ་བཞིན་རྒྱ་ནག་གིས་ཨིན་ཡུལ་དང་ལྷན་དུ་བཞག་པའི་ཧོང་ཀོང་རྩིས་སྤྲོད་ཀྱི་གྲོས་མཐུན་ལ་རྩིས་སྲུང་ཞུས་ཏེ་ཧོང་ཀོང་མང་ཚོགས་ཀྱི་གཞི་རྩའི་མང་གཙོའི་རང་དབང་ལ་གུས་རྩིས་ཞུ་དགོས་པ། ལྷག་པར་དུ་ལྷན་ཚོགས་ཀྱི་ངོས་ནས་བོད་དང་ཤིན་ཅང་ནང་དུ་བཙན་དབང་གིས་ངལ་རྩོལ་བསྒྱུར་བཀོད་ཀྱི་གནད་དོན་གཙོ་བོར་གྱུར་པའི་རྒྱ་ནག་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་སེམས་འཚབ་ཆེས་ཆེར་ཡོད་སྐོར་དང་གསུངས་པ་དང་འབྲེལ། རྒྱ་ནག་གཞུང་ལ་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་རྩིས་སྲུང་ཞུ་དགོས་པ་གསུངས་འདུག

Latest news