Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: June, 2022

བོད་ཀྱི་བེུད་རྐང་སྤོལ་རུ་ཁག་འཛམ་གླིང་བེུད་རྐང་སྤོལ་ཀོ་ནི་ཧྥ་རྩེད་འགྲན་ལ་ཞུགས་རྒྱུར་གྲ་སྒྲིག

ཕྱི་ཟླ་ ༧ ཚེས་ ༡ ཪེས་གཟའ་པ་སངས་ནས་འདི་ག་རྒྱ་གར་གྱི་ཧི་མཱ་ཅལ་མངའ་སྡེའི་སྤོན་ཊ་ཆོལ་གསུམ་གཞིས་ཆགས་ནང་འཛམ་གླིང་བེུད་ཀྱི་རྐང་སྤོལ་རྩེད་འགྲན་ Conifa ཞེས་པ་དེ་དབུ་འཛུགས་གནང་གི་ཡོད་པ་དང་།  བོད་ཀྱི་བེུད་རྐང་སྤོལ་རུ་ཁག་རྩེད་འགྲན་དེའི་ནང་ཞུགས་རྒྱུ་དང་ཁ་གཏད་ཀྱི་རུ་ཁག་རྣམས་ལ་གདོང་ལེན་གནང་རྒྱུར་གྲ་སྒྲིག་རེད་འདུག ཕྱི་ཟླ་ ༧ ཚེས་ ༡ ནས་སྤོན་ཊ་ཆོལ་གསུམ་གཞིས་ཆགས་སུ་རྩེད་འགྲན་གནང་རྒྱུའི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་རྐང་སྤོལ་རྩེད་འགྲན་གྱི་ཆེད་དུ་ཨ་ཕི་རི་ཀ་གླིང་ཕྲན་ནས་རྐང་སྤོལ་རུ་ཁག་གཅིག་དང་ཡོ་རོབ་དང་ཨེ་ཤ་ཡ་ནས་རུ་ཁག་གཅིག་རེ་བཅས་ཁྱོན་རུ་ཁག་གསུམ་མཉམ་ཞུགས་གནང་གི་ཡོད་པ་ལྟར། ཡོ་རོབ་སུད་ཌན་ཁུལ་གྱི་ས་གནས་མི་རིགས་ཀྱི་ Sapmi ཪུ་ཁག་ཁ་སང་ཕྱི་དྲོ་སྤོན་ཊ་གཞིས་ཆགས་སུ་འབྱོར་ཡོད་པ་དང་། ཨ་ཕི་རི་ཀའི་ཛིམ་སྦ་ཝི་ཁུལ་ནས་ཡིན་པའི་རུ་ཁག་དེ་རིང་ས་གནས་སུ་འབྱོར་གྱི་ཡོད་པ་རེད།རུ་ཁག་གསུམ་པོ་དེ་དག་དབར་ཕྱི་ཚེས་ ༡ ནས་ ༦ བར་རྩེད་འགྲན་གནང་རྒྱུ་ཡིན་པ་ལྟར་བོད་ཀྱི་བེུད་རྩེད་འགྲན་རུ་ཁག་གི་ངོས་ནས་ཁ་གཏད་ཀྱི་རྩེད་འགྲན་པ་ཚོར་གདོང་ལེན་གནང་རྒྱུའི་གྲ་སྒྲིག་ཨང་གསར་རེད་འདུག   Team Tibet བོད་ཀྱི་བེུད་རུ་ཁག་གི་རུ་དཔོན་འཇམ་དབྱངས་ཆོས་མཚོ་ལགས་ཀྱིས་ནད་ཡམས་རྐྱེན་པས་ལོ་གསུམ་རིང་རྩེད་འགྲན་གནང་རྒྱུ་བྱུང་མེད་ཀྱང་། འདི་ལོར་ཟླ་བ་གཉིས་ལྷག་སྦྱོང་བརྡར་གནང་ཡོད་པར་མ་ཟད་བོད་ཀྱི་མིང་ཐོག་ནས་རྩེད་འགྲན་གནང་གི་ཡོད་སྟབས་ང་ཚོས་གང་ཐུབ་འབད་བརྩོན་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།བོད་ཀྱི་བུད་མེད་རྩེད་འགྲན་རུ་ཁག་ལ་རྐང་སྤོལ་སྦྱོང་བརྡར་གནང་མཁན་མགོན་པོ་རྡོ་རྗེ་ལགས་ཀྱིས་འདི་ལོ་གཞི་རྩའི་བོད་པའི་བེུད་སུམ་ཅུ་ལྷག་ལ་སྦྱོང་བརྡར་གནང་ཡོད་པའི་ཁོངས་ནས་དངོས་སུ་བེུད་ ༢༡ དྲག་འདེམས་གནང་ཡོད་པ་མ་ཚད་པར་བོད་ཀྱི་བེུད་ཚོས་ཕྱི་རྒྱལ་རུ་ཁག་རྣམས་ལ་ཁ་གཏད་གང་ལེགས་གཅོག་ཡོད་སྐོར་གསུངས་སོང་། གཞི་རྩའི་ Conifa རྩེད་འགྲན་ཞེས་པ་ནི། FIFA ལྟ་བུའི་རྒྱལ་སྤྱིའི་ཁྱོན་ཡོངས་ནས་ངོས་འཛིན་ཡོད་པའི་རྩེད་དྲན་ཞིག་མིན་པ་དེ་ལྟར་ནའང་། རྩེད་འགྲན་དེ་འཛམ་གླིང་ནང་རྒྱལ་ཁབ་ངོས་འཛིན་མེད་པ་དང་ས་གནས་ཀྱི་གྲངས་ཉུང་མི་རིགས།  རྩེད་འགྲན་ནས་ཁེར་རྐྱང་ལུས་པའི་མི་རིགས་བཅས་ཀྱི་རྩེད་འགྲན་ཞིག་ཡིན་པ་བཅས་ཀྱི་རྒྱལ་སྤྱིའི་རང་བཞིན་ལྡན་པ་ཞིག་ཆགས་ཀྱི་ཡོད། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ནས་ ༦ བར་རྩེད་འགྲན་གནང་རྒྱུ་དེ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་མགྲོན་བདག་གནང་གི་ཡོད་པར་མ་ཟད། འདི་ལོའི་༸རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་དང་བསྟུན་ཚོགས་ཡུལ་དེ་སྤོན་ཊ་གཞིས་འདམ་ཡོད་པ་རེད། གོ་སྒྲིག་ཚོགས་ཆུང་གི་ངོས་ནས་ཀྱང་སྤོན་ཊ་གཞིས་ཆགས་ཀྱིས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་རྩེད་འགྲན་གྱི་ཆེད་དུ་ཕྱོགས་གང་ས་ནས་གྲ་སྒྲིག་གང་ཡོང་གནང་ཡོད་པར་འགྲེལ་བརྗོད་གནང་གི་འདུག

རེས་གཟའ་མིག་དམར། ༢༠༢༢།༠༦།༢༨

ཉན་པ།: Listen ཕབ་ལེན། Download བོད་ནག་ཆུ་ཁུལ་ནས་བོད་མི་ཆིག་ཁྲི་བདུན་སྟོང་ལྷག་གཞིས་སྤོ་བྱ་རྒྱུ། སྲིད་སྐྱོང་མཆོག་གིས་ཨ་རིའི་ཝར་མོནཌ་དང་བྷོས་ཊོན་གྱི་བོད་མི་རྣམས་ལ་གསུང་བཤད་གནང་བ། བོད་མིའི་སྒྲིག་འཛུགས་ཀྱིས་བགྲེས་སོང་ལ་གཟིགས་རྟོག་གནང་ཕྱོགས་ཀྱི་ཟབ་སྦྱོང་གནང་མུས། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་བཏང་ཁག་སྣང་མེད་དུ་འཇོག་མི་རུང་བའི་གཞེན་སྐུལ། གླུ་གཞས་ལས་རིམ། བསྟན་པ་དབང་མོ་ལགས་ཀྱི་གླུ་གཞས་རྒྱལ་མོ་ཚ་བ་རོང་པ། Tuesday 28/06/2022 China to relocate over 17000 Tibetans from Nagqu claiming ‘development and ecological protection’ Sikyong Penpa Tsering addresses Tibetan communities in Vermont and Boston CTA organizes 5 days workshop for elderly people caregivers G7 leaders urged to to hold China accountable for human rights abuses MUSIC FEATURE: Gyalmo Tsawa Rongpa by Tenpa Wangmo

བོད་ནག་ཆུ་ཁུལ་ནས་བོད་མི་ཆིག་ཁྲི་བདུན་སྟོང་ལྷག་གཞིས་སྤོ་བྱེད་རྒྱུ།  

རྒྱ་ནག་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་དང་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་ལ་ཁ་གཡར་ཏེ་བོད་ནག་ཆུ་ཁུལ་གྱི་བོད་མི་ ༡༧༥༥༥ ལྷོ་ཁ་ཁུལ་དུ་གཞིས་སྤོ་བྱེད་རྒྱུ་རེད་འདུགཁ་སང་ Xinhua རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བར་རྒྱ་ནག་གཞུང་གིས་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་དང་ཁོར་ཡུག་སྲུང་སྐྱོབ་གི་མིང་བྱང་འོག་གཞིས་སྤོའི་ལས་འཆར་གསར་པ་འགོ་འཛུགས་བྱེད་བཞིན་པའི་འོག་རྒྱ་མཚོ་ལས་མཐོ་ཚད་མི་ཊར་ ༤༥༠༠ ཐོག་ཆགས་པའི་ནག་ཆུའི་ས་ཁུལ་དུ་བཅའ་སྡོད་བོད་མི་ ༡༧༥༥༥ ཐམ་པ་རྒྱ་མཚོ་ལས་མཐོ་ཚད་མི་ཊར་ ༣༦༠༠ དང་ནག་ཆུ་ནས་སྤྱི་ལེ་ ༥༠༠ མིན་ཙམ་གྱི་སར་ཆགས་པའི་ལྷོ་ཁ་ཁུལ་དུ་གཞིས་སྤོ་བྱེད་དུ་འཇུག་རྒྱུ་རེད་འདུག་པ་དང་ལས་གཞི་དེ་རིང་མིན་ཟླ་བ་གཅིག་དང་ཕྱེད་ཀ་ནང་ལ་ལག་བསྟར་བྱེདགཞིས་རྒྱུ་རེད་འདུག ས་གནས་ཤིང་ནགས་དང་རྩྭ་ཐང་ལས་ཁུངས་ཀྱི་ངེས་སྟོན་པ་ Wu Wei ཡིས་བོད་མི་དེ་དག་གནམ་གཤིས་ལེགས་པོ་མེད་པ་དང་རྩྭ་ཐང་གི་ས་བཅུད་ཉམས་པའི་ས་ཁུལ་དུ་གནས་བཞིན་ཡོད་པའི་རྐྱེན་གྱིས་གཞིས་སྤོ་བྱེད་བཞིན་ཡོད་པ་དང་བོད་མི་གཞིས་སྤོའི་ལས་འཆར་འདི་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་གཞི་རྩར་བཞག་སྟེ་སྤེལ་བ་ཞིག་ཡིན་སྐོར་བཤད་པར་མ་ཟད། གཞིས་སྤོའི་ལས་གཞི་འོག་མ་འོངས་ལོ་བརྒྱད་ནང་དུ་བོད་པའི་གྲོང་ཁྱེར་ ༡༠༠ ཙམ་ནས་བོད་མི་ཁྱོན་ཆིག་འབུམ་གསུམ་ཁྲི་ཙམ་གཞིས་སྤོ་བྱ་འཆར་ཡོད་པ་བཤད་འདུག ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ནང་གཞིས་སྤོ་བྱེད་རྒྱུ་ཡིན་པའི་བོད་མི་དེ་དག་ལ་གུན་གསབ་གང་སྤྲད་ཡོད་མེད་དང་ལྷོ་ཁ་ཁུལ་དུ་གནས་སྡོད་ཀྱི་གྲ་སྒྲིག མདོར་ན་བོད་མི་དེ་དག་ལ་གཞིས་སྤོ་བྱ་རྒྱུའི་ཐུགས་འདོད་ཡོད་མེད་སོགས་ཀྱི་སྐོར་ལ་གང་ཡང་བཀོད་མི་འདུག དེ་རིང་ ANI སོགས་བརྒྱུད་ལམ་ཁག་གིས་རྒྱ་ནག་གིས་བོད་མི་གཞིས་སྤོའི་ལས་འཆར་སྐོར་གསལ་བསྒྲགས་གང་ཡང་མེད་པ་མངོན་གསལ་དང་སྦྲགས། རྒྱ་ནག་གིས་ Tibet Since  1951 : Liberation, Development and Prosperity from Beijing ཞེས་ཕྱི་ལོ་ ༡༩༥༡ ལོ་ནས་བཟུང་རྒྱ་གཞུང་གིས་བོད་ནང་བཅིངས་བཀྲོལ་དང་འཛུགས་བསྐྲུན་ཡར་རྒྱས་བཏང་ཡོད་ཚུལ་གྱི་རྒྱབ་ཤ་དཀར་པོའི་ཡིག་ཆ་ཞིག་ཡོངས་གྲགས་བྱས་ཡོད་པ་དང་དེའི་ནང་རྒྱ་ནག་གཞུང་གིས་དོན་དངོས་ཐོག་བོད་ཀྱི་ཁོར་ཡུག་ལ་གཏོར་བཤིག་གཏོང་བཞིན་པ་དང་དེ་འབྲེལ་བཟང་ཕྱོགས་ཀྱི་བསམ་བློ་རྩ་བ་ནས་མེད་པར་མ་ཟད་རང་ཉིད་ཀྱི་ཁེ་ཕན་ཆེད་གཏོར་བཤིག་གི་བྱ་སྤྱོད་སྤེལ་བཞིན་པ་མངོན་གསལ་གནང་ཡོད།རྒྱ་ནག་གིས་རང་གི་ནོར་འཁྲུལ་ངོས་ལེན་བྱ་རྒྱུ་ལས་ལྡོག་ནས་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་མིང་ཐོག་ནས་ཁོར་ཡུག་ལ་གནོད་པའི་ལས་གཞི་ཁག་ཅིག་མུ་མཐུད་སྤེལ་བཞིན་ཡོད་པའི་ཁྲོད་བོད་མཐོ་སྒང་གི་ཆུ་རྒྱུན་སྐམ་པ་དང་། འཁྱག་རོམ་ཞུ་བ། ཆུ་ལོག་དང་རྩྭ་ཐང་ཉམས་པ་སོགས་དངོས་ཡོད་གནས་སྟངས་ཁག་མངོན་གསལ་གནང་འདུག བོད་མཐོ་སྒང་ཐོག་གནས་པའི་བོད་མིའི་སྲོལ་རྒྱུན་གྱི་འཚོ་བ་སྐྱེལ་ཕྱོགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་དང་། རྒྱ་གཞུང་གིས་བོད་མི་གཞིས་སྤོའི་ལས་གཞི་དེ་དག་རྐྱེན་གྱིས་བོད་ཀྱི་རྩྭ་ཐང་གི་ས་བཅུད་ཉམས་བཞིན་ཡོད་པ་མངོན་གསལ་དང་ཆབས་ཅིག འདས་པའི་ལོ་ཤས་ནང་ནག་ཆུ་གཙོས་བོད་ཀྱི་ས་ཁུལ་མང་དག་ཅིག་གི་ནང་བོད་མི་ཚོས་གནས་རི་རྩ་ཆེན་ཁག་ལ་རྒྱ་ནག་གཞུང་གིས་འཛེམ་ཟོན་མེད་པར་སྔོག་འདོན་གྱི་ལས་གཞི་སྤེལ་བར་ངོ་རྒོལ་གནང་བའི་གནས་ཚུལ་རིམ་ཁག་ཐོན་ཡོད་པ་རེད། འབྲེལ་ཡོད་པར་ཁག་གི་བདག་དབང་། techquila དང་བརྒྱུད་ལམ་གཞན་ཁག་ཅིག

ཨ་རིའི་ཝར་མོནཌ་དང་བྷོས་ཊོན་གྱི་བོད་མི་རྣམས་ལ་གསུང་བཤད་གནང་བ། 

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༨ པར་མཉམ་ཞུགས་དང་སྐུ་ཚབ་དོན་གཅོད་རྣམ་པའི་ཚོགས་འདུ་གཙོ་སྐྱོང་གནང་གྲུབ་རྗེས་ཨ་རིའི་མངའ་སྡེའི་ Vermont དང་བྷོས་ཊོན་གྲོང་ཁྱེར་ནང་ཕེབས་ཏེ་བོད་མི་མང་ཚོགས་དང་མཇལ་འཕྲད་ཀྱིས་གསུང་བཤད་གནང་ཡོད། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་ཚེས་ ༢༥ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤༌༣༠ ཙམ་ལ་ཨ་རིའི་མངའ་སྡེའི་ Vermont ནང་ཕེབས་འབྱོར་གྱིས་ཁུལ་དེའི་བོད་རིགས་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་རྣམས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་དང་། ཕྱི་དྲོ་ཆུ་ཚོད་ ༦ ཐོག་ South Burlington  ནང་གི་ Temple Sinai Synagogue དུ་སྲིད་སྐྱོང་མཆོག་གིས་མང་ཚོགས་དང་མཇལ་འཕྲད་ཀྱིས་གསུང་བཤད་དང་བཀའ་འདྲིར་ལན་འདེབས་གནང་ཡོད།དེ་བཞིན་ཕྱི་ཚེས་ ༢༦ ཉིན་སྲིད་སྐྱོང་མཆོག་བྷོས་ཊོན་གྲོང་ཁྱེར་ནང་ཕེབས་འབྱོར་གྱིས་ཀུ་རུ་ཀུ་ལ་བོད་བརྒྱུད་ནང་ཆོས་སློབ་གཉེར་ཁང་དུ་བོད་པའི་གཞོན་སྐྱེས་ཚོ་དང་མཇལ་འཕྲད་ཀྱིས་གསུང་བཤད་གནང་ཡོད་པ་དང་ཕྱི་དྲོར་བྷོས་ཌོན་བོད་རིགས་སྤྱི་མཐུན་ཚོགས་པའི་གངས་ལྗོངས་རིག་པའི་སྐྱིད་ཚལ་ཚོགས་ཁང་དུ་མང་ཚོགས་དང་མཇལ་འཕྲད་ཀྱིས་གསུང་བཤད་དང་དྲི་བར་ལན་འདེབས་གནང་ཡོད། སྲིད་སྐྱོང་མཆོག་གིས་ཉེ་ལམ་ཨ་རིའི་གྲོས་ཚོགས་ནང་ཐེངས་དང་པོ་བོད་ཀྱི་ལོ་རྒྱུས་གནས་བབ་ཐོག་ནས་རང་བཙན་ཡིན་པའི་མཁས་པའི་ཉན་ཞིབ་ཀྱི་ལས་རིམ་ཞིག་ཚོགས་ཡོད་པ་དང་དེ་འབྲེལ་ཁྲིམས་འཆར་ཞིག་ཀྱང་བསྣམས་ཡོད་སྐོར་བཅས་ལོ་རྒྱུས་ལྡན་པའི་གནས་ཚུལ་ཁག་ཅིག་བྱུང་ཡོད་སྐོར་གསུངས་པ་དང་སྦྲགས། ལས་དོན་དེ་དག་གང་ཟག་རེ་གཉིས་ཀྱི་ངོས་ནས་གནང་བ་མ་ཡིན་པར་གནད་དོན་མང་པོ་ཞིག་དང་འབྲེལ་བ་ཆགས་ཡོད་པས་ཐེངས་འདིའི་ལས་དོན་ཁག་ལ་ཐུགས་ཡིད་ཚིམས་པོ་ཞེ་དྲག་བྱུང་ཡོད་པར་བཀའ་གནང་ཡོད།སྲིད་སྐྱོང་མཆོག་གིས་ང་ཚོ་འདིར་འདུ་འཛོམས་གནང་ཐུབ་པ་འདི་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་དང་མགོན་པོ་༸གང་ཉིད་མཆོག་ང་ཚོའི་བླ་མ་དང་ང་ཚོ་མགོན་པོ་༸གང་ཉིད་མཆོག་གི་སློབ་མ་ཡིན་སྟབས་བླ་སློབ་གཉིས་ཀྱི་དམ་ཚིག་ཡག་པོ་འབྱུང་ན་བླ་མའི་༸སྐུ་ཚེ་ཞབས་པད་བརྟན་ཕྱིར་ཕན་ངེས་ཡིན་སྟབས། ང་ཚོ་ནང་ཁུལ་དབར་འཆམ་མཐུན་དང་ལྷག་པར་སྤྱིའི་ལས་དོན་ཐོག་ནུས་པ་མཉམ་སྤུངས་གནང་དགོས་གལ་ཡིན་སྐོར་གསུངས་འདུག དེ་བཞིན་སྲིད་སྐྱོང་མཆོག་གིས་བོད་ཀྱི་ལོ་རྒྱུས་མཁྱེན་དགོས་གལ་དང་བོད་མི་ཚོས་བཀའ་ཤག་ནས་མི་འབོར་གྲངས་བཤེར་གྱི་ལས་གཞིར་མཉམ་ཞུགས་དང་གཞོན་སྐྱེས་ཚོའི་ V-TAG འམ་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ནང་མཉམ་ཞུགས་གནང་དགོས་པའི་འབོད་སྐུལ་སོགས་གནང་སྟེ་བོད་དང་འབྲེལ་བའི་གནད་དོན་ཁག་ཅིག་གི་ཐད་གསུང་བཤད་གནང་ཡོད། གཞི་རྩའི་སྲིད་སྐྱོང་མཆོག་ཕྱི་ཚེས་ ༡༧ ཉིན་ཨ་རིར་ཕེབས་འབྱོར་གྱིས་བྱང་ཀེ་ལི་ཕོར་ནི་ཡ་དང་མི་ནི་སོ་ཊ་བོད་རིགས་མང་ཚོགས་དང་ཐུག་འཕྲད་ཀྱིས་བོད་དོན་གསུང་བཤད་གནང་ཡོད་པ་དང་། དེ་རྗེས་ཕྱི་ཚེས་ ༢༢ དང་ ༢༣ བཅས་ལ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༨ པར་མཉམ་ཞུགས་གནང་བ་དང་།  ཕྱི་ཚེས་ ༢༤ དང་ ༢༥ ཉིན་གུང་བར་སྐུ་ཚབ་དོན་གཅོད་རྣམ་པའི་ཚོགས་འདུ་གཙོ་སྐྱོང་གནང་ཡོད།  

རེས་གཟའ་ཟླ་བ། ༢༠༢༢།༠༦།༢༧

ཉན་པ།: Listen ཕབ་ལེན། Download ལྷ་ས་ཁུལ་ནས་བོད་མི་གཞོན་སྐྱེས་གཉིས་འཛིན་བཟུང་བྱས་འདུག མནར་གཅོད་འོག་འདས་གྲོངས་སུ་གྱུར་བའི་བོད་མིའི་མཚན་གཞུང་འདོན་སྤེལ་བརྒྱུད་རྒྱལ་སྤྱིའི་མནར་གཅོད་འགོག་རྒོལ་ཉིན་མོ་སྲུང་བརྩི། བོད་མི་རིགས་ལ་མི་གནོད་པ་བྱ་རྒྱུའི་དམ་བཅའ་གཞག་དགོས། བརྒྱུད་གཅིག་ལམ་གཅིག་གི་ལས་གཞིར་གདོང་ལེན་ཆེད་ G7 རྒྱལ་ཁབ་རྣམས་ནས་ཨ་སྒོར་ཐེར་འབུམ་དྲུག་བརྒྱའི་ལས་འཆར་སྤེལ་གཏན་འཁེལ་བ། བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་གྲགས་ཅན་མི་སྣ་ངོ་སྤྲོད། ༸རྒྱལ་དབང་༸སྐུ་ཕྲེང་བཅུ་གསུམ་པའི་སྐོར། Monday 27/06/2022 Two Tibetan youngsters arrested in Lhasa, whereabouts unknown CTA marks World Torture Victims Day by honoring Tibetan victims TPiE Speaker and Deputy speaker address NYNJ Tibetans, urges unity and harmony G7 unveils $600bn plan to rival China’s BRI HISTORY FEATURE: Introduction to Tibetan historical figures: 13th Dalai Lama

རྒྱ་གཞུང་གིས་མནར་གཅོད་འོག་འདས་གྲོངས་སུ་གྱུར་བའི་བོད་མིའི་མཚན་གཞུང་འདོན་སྤེལ་བརྒྱུད་རྒྱལ་སྤྱིའི་མནར་གཅོད་འགོག་རྒོལ་ཉིན་མོ་སྲུང་བརྩི།

ཕྱི་ཟླ་ ༦ པའི་ཚེས་ ༢༦ སྟེ་རྒྱལ་ཚོགས་ནས་གཏན་འབེབས་གནང་བའི་ International Day in Support of Victims of Torture འམ་རྒྱལ་སྤྱིའི་མནར་གཅོད་འགོག་རྒོལ་ཉིན་མོ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱིས་ཕྱི་ལོ་ ༢༠༠༨ ནས་ཕྱི་ལོ་ ༢༠༢༢ བར་རྒྱ་དམར་གྱིས་མནར་གཅོད་འོག་འདས་གྲོངས་སུ་གྱུར་བའི་བོད་མི་ལྔ་བཅུའི་མཚན་གཞུང་འདོན་སྤེལ་གནང་བའི་བརྒྱུད་ཉིན་མོ་དེ་སྲུང་བརྩི་ཞུས་གནང་འདུག དེ་ཡང་ཁ་སང་ཕྱི་ཚེས་ ༢༦ ཉིན་བོད་མིའི་སྒྲིག་ཕྱི་དྲིལ་ལས་ཁུངས་ཀྱི་རྒྱལ་ཚོགས་དང་ཡུ་རོབ་མཐུན་ཚོགས། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ཚན་པས། ཕྱི་ལོ་ ༢༠༠༨ ནས་བཟུང་འདི་ལོ་ ༢༠༢༢ བར་རྒྱ་ནག་གཞུང་གིས་མནར་གཅོད་འོག་འདས་གྲོངས་སུ་གྱུར་བ་ཤེས་རྟོགས་བྱུང་བའི་བོད་མི་ ༥༠ ཡི་མཚན་གཞུང་འདོན་སྤེལ་གནང་སྟེ་བོད་མི་དེ་དག་གི་བློས་གཏོང་དྲན་གསོ་དང་སྦྲགས། རྒྱ་ནག་གཞུང་ལ་བོད་ནང་མི་སྤྱོད་ལས་འདས་པའི་མནར་གཅོད་དེ་དག་མཚམས་འཇོག་གིས་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ནང་འཁོད་པའི་རྒྱལ་སྤྱིའི་མནར་གཅོད་འགོག་རྒོལ་གི་ཁྲིམས་སྒྲིག་ལ་བརྩི་སྲུང་ཞུ་དགོས་པའི་ནན་སྐུལ་བྱས་འདུགཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པས། སྤྱིར་རྒྱལ་སྤྱིའི་རྒྱལ་ཁབ་སུ་ཡིན་རུང་རྒྱལ་སྤྱིའི་ཁྲིམས་ཁག་ལ་རྩིས་སྲུང་ཞུ་དགོས་ངེས་ཡིན་པ་དང་། སྒོས་སུ་རྒྱ་ནག་དེ་བཞིན་རྒྱལ་སྤྱིའི་མནར་སྤྱོད་འགོག་རྒོལ་གྱི་ཁྲིམས་གཞིར་རྒྱབ་སྐྱོར་གྱིས་མཚན་རྟགས་འགོད་མཁན་རྒྱལ་ཁབ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་བོད་མི་ཆབ་སྲིད་བཙོན་པའི་ཐོག་སྤེལ་བཞིན་པའི་བྱ་སྤྱོད་དེ་དག་མང་ཚོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། རྒྱལ་སྤྱིའི་ཁྲིམས་ལས་ཡོངས་སུ་བརྒལ་གྱི་ཡོད་པ་ཤེས་དགོས། དེ་ལྟར་ཡང་། བོད་ནང་རྒྱ་གཞུང་གིས་མུ་མཐུད་བོད་མིའི་ཐོག་མནར་སྤྱོད་སྤེལ་བཞིན་པའི་ཁྲོད། རྒྱལ་ཁབ་བདེ་འཇགས་དང་ཁ་བྲལ་གྱི་བྱ་སྤྱོད་སོགས་ལ་ཁ་གཡར་སྟེ་བོད་མི་གང་བྱུང་འཛིན་བཟུང་གིས་དེ་དག་ཐོག་མི་སྤྱོད་ལས་འདས་པའི་མནར་སྤྱོད་བཏོང་བཞིན་པའི་འོག་ཚེ་སྲོག་ཤོར་བ་མ་ཟད། རྒྱ་མིར་མགོ་བཏགས་མ་ཞུས་བར་དུ་མནར་སྤྱོད་དེ་རིགས་མུ་མཐུད་གནས་རྒྱུའི་ལམ་སྲོལ་ངན་པ་ཞིག་ཆགས་ཡོད་པ་མངོན་གསལ་དང་སྦྲགས། ད་བར་བོད་ནང་བོད་མི་ཆབ་སྲིད་བཙོན་པའི་གཞི་རྩའི་ཐོབ་ཐང་ཁག་རྩིས་མེད་ཀྱིས་མནར་སྤྱོད་ཚད་མེད་གཏོང་བཞིན་པའི་འོག་བོད་མི་ཁག་གཅིག་བཙོན་ཁང་ནང་དུ་འདས་གྲོངས་སུ་གྱུར་བ་དང་། ཁག་གཅིག་བཙོན་གྲོལ་བཏང་ནས་རིང་པོ་མ་སོང་བར་འདས་གྲོངས་སུ་གྱུར་བ་སོགས་ཀྱི་གནད་དོན་རིམ་པ་བྱུང་བཞིན་ཡོད་ཀྱང་། དེ་དག་ཐོག་ཞིབ་འཇུག་སོགས་ཀྱི་གནད་དོན་བྱུང་མྱོང་མེད་པ་ཐེར་འདོན་དང་འབྲེལ། རྒྱ་གཞུང་ནས་གནད་དོན་དེ་དང་འབྲེལ་ནས་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱས་འཇུག་དགོས་པའི་དགོས་འདུན་བཏོན་འདུགད་རེས་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ཚན་པའི་བཏོན་པས་མཚན་གཞུང་འདིའི་ནང་དུ། ཕྱི་ལོ་ ༢༠༡༩ ལོར་བོད་ནང་རང་དབང་དགོས་པའི་སྦྱར་ཡིག་བགོ་འགྲེམས་བྱས་པའི་ཉེས་འཛུགས་འོག་འཛིན་བཟུང་གིས་བཀག་ཉར་འོག་མནར་སྤྱོད་ཚད་མེད་བཏང་བའི་རྗེས་སུ་གློད་བཀྲོལ་བཏང་རྗེས་སྨན་ཁང་གང་དུ་ཁྲིད་ཀྱང་དྲགས་སྐྱེད་མ་བྱུང་བར་མཐར་ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༡ པོའི་ནང་སྐུ་འདས་གྲོངས་སུ་གྱུར་བའི་རང་ལོ་ ༡༩ ཡིན་པའི་གྲྭ་བསྟན་འཛིན་ཉི་མ་ལགས་དང་། ཕྱི་ལོ་ ༢༠༡༣ ལོར་བོད་ཀྱི་ངོ་རྒོལ་གནས་ཚུལ་ཕྱིར་བསྒྲགས་བྱས་པའི་ཉེས་འཛུགས་འོག་མི་ལོ་ ༢༡ རིང་བཙོན་འཇུག་ཁྲིམས་ཆད་བཀལ་བའི་རྗེས་སུའང་བཙོན་ཁང་ནང་མནར་སྤྱོད་ཚད་མེད་འོག་ཀླད་ཁྲག་འདྲེས་པ་དང་དབང་པོ་སྐྱོན་ཅན་ཆགས་པའི་གནས་སྟངས་ཁྲོད་སྔ་ལོའི་ཕྱི་ཟླ་ ༢ པའི་ཚེས་ ༦ ཉིན་འདས་གྲོངས་སུ་གྱུར་བའི་བོད་མི་ཆབ་སྲིད་བཙོན་པ་དཀོན་མཆོག་སྦྱིན་པ་ལགས་གཉིས་ཀྱི་གཙོས་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་སོགས་བོད་མི་ ༥༠ ཡི་མཚན་གཞུང་དང་ཁོང་རྣམས་འཛིན་བཟུང་བྱས་པའི་རྒྱུ་མཚན། དེ་བཞིན་གནས་སྟངས་གང་གི་འོག་ནས་འདས་གྲོངས་སུ་གྱུར་བ་སོགས་ཀྱི་གནས་ཚུལ་ཞིབ་ཁྲ་བཀོད་གནང་འདུག A-List-of-Torture-related-Deaths-in-Tibet

ལྷ་ས་ཁུལ་ནས་བོད་པའི་གཞོན་སྐྱེས་གཉིས་འཛིན་བཟུང་བྱས་པ།

བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་གྱི་མཁར་གྲོང་གྲོང་ཁྱེར་ནས་ཡིན་པའི་བོད་པའི་གཞོན་སྐྱེས་སྟོབས་དགའ་ལགས་དང་གསར་གྲགས་ལགས་ཞེས་པ་གཉིས་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་རྗེས་གར་ཡོད་ཤེས་རྟོགས་མེད་པར་གྱུར་འདུག དེ་ཡང་ཟླ་འདིའི་ཕྱི་ཚེས་ ༡༨  ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་གྲོང་ཁྱེར་མཁར་གྲོང་ཁུལ་རྨེ་རུ་དགོན་པའི་ཉེ་འདབས་ནས་མཚན་ལ་སྟོབས་དགའ་ལགས་དང་གསར་གྲགས་ལགས་ཞེས་པའི་བོད་པའི་གཞོན་སྐྱེས་གཉིས་དུས་ཚོད་ངེས་མེད་ལ་འཛིན་བཟུང་བྱས་འདུག་པ་དང་།   ཁོང་གཉིས་པོ་འཛིན་བཟུང་བྱས་པའི་རྒྱུ་མཚན་དང་། བཙོན་ཁང་གང་དུ་བཙོན་འཇུག་བྱས་ཡོད་མེད་སོགས་གང་ཡང་ཤེས་རྟོགས་མེད་པའི་གནས་སྟངས་སུ་ལྷུང་ཡོད་པ་རེད་འདུག འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་པས་གསུངས་པར་གཞིགས་ན། སྟོབས་དགའ་ལགས་དང་གསར་གྲགས་ལགས་ཁོང་གཉིས་དུས་རྒྱུན་གཞིས་ཀ་རྩེ་བཀྲ་ཤིས་ལྷུན་པོ་དགོན་པའི་སྒོ་ཆེན་གྱི་ཉེ་འཁྲིས་སུ་མར་དང་ཁ་གཏགས་ལ་སོགས་པ་བཙོང་ནས་འཚོ་བ་སྐྱེལ་ནས་སྡོད་མཁན་ཞིག་དང་།   ཟླ་བ་འདིའི་ཚེས་ ༡༨ ཉིན་ཁོང་གཉིས་བོད་ཀྱི་རྒྱལ་ས་ལྷ་སའི་གྲོང་ཁྱེར་མཁར་གྲོང་ཁུལ་དུ་རྟེན་གཞི་བྱས་པའི་རྨེ་རུ་དགོན་པའི་ཉེ་འདབས་ནས་ཉེན་རྟོག་པས་གློ་བུར་དུ་འཛིན་བཟུང་བཙན་ཁྲིད་བྱས་པ་མ་ཟད། སྐབས་དེར་ཉིན་རྟོག་པས་ཁོང་གཉིས་ཀྱི་ལག་ཐོག་ཁ་པར་སྔོག་བཤེར་ཐེངས་མང་པོ་བྱས་རྗེས། པེ་ཅིན་ཤར་ལམ་༡༢ ཟེར་བའི་ས་གནས་ཉེན་རྟོག་ཁང་དུ་འཁྲིད་འདུག གཞི་རྩའི་འཛིན་བཟུང་བྱས་པའི་གཞོན་སྐྱེས་སྟོབས་དགའ་ལགས་ནི་རང་ལོ་ ༢༠ ཡས་མས་ཡིན་པ་དང་གསར་གྲགས་ལགས་རང་ལོ་ ༢༥ རེད་འདུག ཁོང་གཉིས་མཚོ་སྔོན་ཞིང་ཆེན་ཆུ་དམར་ལེབ་རྗོང་ནས་ལྷ་སར་ཕེབས་པ་ཞིག་རེད་འདུག

བོད་མི་རིགས་ལ་མི་གནོད་པ་བྱ་རྒྱུའི་དམ་བཅའ་གཞག་དགོས།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་མཆོག་ནས་ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་མི་རྣམས་ལ་གསུང་བཤད་དང་སྦྲགས། བོད་མི་མི་རེ་ངོ་རེ་ནས་བོད་པའི་སྤྱི་ཚོགས་ཀྱི་མཐུན་སྒྲིལ་གོང་འཕེལ་ཡོང་ཐབས་ཐོག་འགན་ཁུར་བཞེས་དགོས་པ་མ་ཟད། རྒྱུན་དུ་བོད་མི་རིགས་ལ་མི་གནོད་པ་བྱ་རྒྱུའི་དམ་བཅའ་ངེས་པར་དུ་གཞག་དགོས་ཀྱི་རེད་ཅེས་གསུངས་སོང་།དེ་ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་དབུས་སྤྱི་འཐུས་ཁག་ཅིག་ཨ་རིའི་རྒྱལ་ས་Washington DC ནང་གི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་ཆེན་མཇུག་སྒྲིལ་ཟིན་རྗེས་ཕྱི་ཚེས་ ༢༥ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཆེད་ཕེབས་གནང་སྟེ་ནེའུ་ཡོག་དང་ནིའུ་ཇར་སི་བོད་རིགས་སྤྱི་འཐུན་ཚོགས་པའི་ཚོགས་ཁང་ནང་དུ་ས་གནས་མང་ཚོགས་རྣམས་ལ་གསུང་བཤད་དང་དྲི་བ་དྲིས་ལན་གྱི་མཛད་རིམ་ཞིག་བསྐྱངས་སོང་བ་དང་། སྐབས་དེར་ཚོགས་གཙོ་མཆོག་ནས་ཨ་རིའི་རྒྱལ་སར་ཚོགས་པའི་ཚོགས་ཆེན་ཐོག་གྲོས་བསྡུར་གཏན་འབེབས་གནང་བའི་བསྒྲགས་གཏམ་གྱི་དོན་ཚན་ཁག་ངོ་སྤྲོད་དང་སྦྲགས། བོད་མིའི་ངོས་ནས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ལ་གོ་སྐབས་དམ་འཛིན་གནང་རྒྱུ་དང་། ལྷག་པར་དུ་རྒྱ་གཞུང་གི་གནོན་ཤུགས་ཡོད་མིན་ལ་མ་ལྟོས་པར་རྒྱལ་སྤྱིའི་ཐོག་ལ་བོད་དོན་རྒྱབ་སྐྱོར་གྱི་ནུས་པ་ཆེ་རུ་གཏོང་ཐབས་སོགས་ཀྱི་ཐད་མུ་མཐུད་འབད་རྩོན་དགོས་གལ་ཡིན་པ་གསུངས་སོང་།ལྷག་པར་དུ་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་བོད་མིའི་བླ་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུན་དུ་ཞི་བེད་དང་སེམས་པ་བཟང་པོ་བྱ་རྒྱུ། དེ་བཞིན་སྤྱི་ཚོགས་འཆམ་མཐུན་དགོས་གལ་སོགས་ཀྱི་ཐོག་ལ་བཀའ་སློབ་ལམ་སྟོན་ཡང་ཡང་སྩལ་དོན་བཞིན་ང་ཚོ་བོད་མི་རྣམས་ནས་མགོན་པོ་༸གང་ཉིད་མཆོག་གི་བཀའ་སློབ་ལམ་སྟོན་དེ་དག་ལ་དགོངས་པ་བཞེས་རྒྱུ་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་ང་རང་ཚོའི་སྤྱི་ཚོགས་ནང་ལ་དོན་མེད་ཀྱི་རྙོག་གླེང་བྱས་ན་ཕན་ཐོག་གང་ཡང་མེད་པ་དང་ཆབས་ཅིག མི་མི་རེ་ངོ་རེ་ནས་བོད་པའི་སྤྱི་ཚོགས་ཀྱི་མཐུན་སྒྲིལ་གོང་འཕེལ་ཡོང་ཐབས་ཐོག་འགན་ཁུར་བཞེས་ཏེ།  རྒྱུན་དུ་བོད་མི་རིགས་ལ་མི་གནོད་པ་བྱ་རྒྱུའི་དམ་བཅའ་ངེས་པར་དུ་གཞག་དགོས་ཀྱི་རེད་ཅེས་གསུངས་སོང་། གཞན་ཡང་ཚོགས་གཙོ་མཆོག་ནས་༸གོང་མཆོག་གི་ཐུགས་བསྐྱེད་དམ་བཅའ་ཁག་ངོ་སྤྲོད་དང་འབྲེལ་ས་གནས་བོད་མི་རྣམས་ནས་སོ་སོའི་རིག་གཞུག་རྩ་ཆེན་པོར་རྩིས་ཏེ་རྒྱུན་དུ་བུ་ཕྲུག་རྣམས་ལ་སློབ་གསོ་སོགས་གནང་སྟེ་བོད་མི་རིགས་ཚད་ལྡན་ཞིག་བཟོ་ཐུབ་རྒྱུ་གལ་ཆེན་པོ་ཡིན་པ་སོགས་ཀྱི་ལམ་སྟོན་གནང་ཡོད།གཞན་ཡང་སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་ནས་ང་ཚོ་ཨ་རི་དང་རྒྱ་གར། ཡོ་རོབ་སོགས་ས་གནས་གང་དུ་གནས་ཡོད་ཀྱང་། སྐྱབས་བཅོལ་བ་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་ཆགས་ནས་གནས་རྒྱུ་ཡོད་པ་འདི་ནི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་། ད་ཆ་མགོན་པོ་༸གང་ཉིད་མཆོག་དགུང་ལོ་བགྲེས་པོར་ཕེབས་པའི་སྐབས་འདིར་ང་ཚོས་མགོན་པོ་༸གང་ཉིད་མཆོག་གིས་རྨང་གཞི་ནས་དབུ་བཙུགས་ཏེ་བོད་ཀྱི་འཐབ་རྩོད་སླད་དུ་སྐུ་ངལ་འཛེམས་མེད་སྐྱོན་པ་དེ་དག་ང་ཚོས་མཇུག་སྐྱོང་ཡག་པོ་ཞིག་ཐུབ་དགོས་གལ་ཡིན་པ་གསུངས་སོང་། མ་ཟད་ཚོགས་གཞོན་མཆོག་ནས་ང་ཚོ་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་ཡིན་སྟབས་གཅིག་སྒྲིལ་ནི་མེད་དུ་མི་རུང་བ་ཞིག་ཆགས་ཀྱི་ཡོད་པ་དང་། ང་ཚོས་ཕྱག་ལས་དང་སྐད་ཆ་གང་འདྲ་ཞིག་བཤད་ཀྱི་ཡོད་ནའང་༸གོང་ས་མཆོག་གི་ཞབས་འདྲེན་རྒྱུ་དང་། སོ་སོའོ་སྤྱི་ཚོགས་རྩ་གཏོར་མི་འགྲོ་བ་ཞིག་གནང་གལ་ཡིན་པ་གསུངས་ཡོད། གཞན་ཡང་ཚོགས་གཞོན་མཆོག་ནས་ང་ཚོའི་འཐབ་རྩོད་རྒྱུན་བསྲིང་བྱ་རྒྱུ་ཆེད་བུ་ཕྲུག་སྐྱེ་བསྲིང་བྱ་རྒྱུ་གལ་ཆེན་པོ་ཡིན་པ་སོགས་ཀྱི་ལམ་སྟོན་ཁག་ཅིག་གནང་སོང་བ་དང་། སྐབས་དེར་བཅར་བའི་ས་གནས་བོད་མི་རྣམས་ནས་བཀའ་འདྲི་ཞུས་པའི་དྲི་བ་ཁག་ལ་ཚོགས་གཙོ་ཚོགས་གཞོན་རྣམ་གཉིས་ནས་ལན་འདེབས་གསལ་བཤད་སོགས་གནང་ཡོད།རྩ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་རྣམ་གཉིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་ཆེན་སླད་ཨ་རིར་ཆེད་ཕེབས་གནང་བ་ཞིག་ཆགས་ཀྱི་ཡོད་པ་དང་། ཚོགས་གཙོ་མཆོག་ཨ་རི་ནང་གི་མཛད་རིམ་ཁག་གྲུབ་རྗེས་ཟླ་བ་རྗེས་མའི་ཕྱི་ཚེས་ ༥ ཉིན་བཞུགས་སྒར་དུ་ཕེབས་འབྱོར་གནང་རྒྱུ་དང་། ཚོགས་གཞོན་མཆོག་ཕྱི་ཟླ་ ༧ པའི་ཚེས་ཤར་ལ་ནིའུ་ཡོག་ནས་རྒྱལ་ས་ལྡིར་ཕེབས་ཐོན་གྱིས་ལྡི་ལི་ནང་གི་གཞུང་འབྲེལ་ལས་དོན་ཁག་ཅིག་གྲུབ་མཚམས་བཞུགས་སྒར་དུ་ཕེབས་འབྱོར་གནང་གི་ཡོད་པ་རེད།

རེས་གཟའ་ཉི་མ། ༢༠༢༢།༠༦།༢༦

ཉན་པ།: Listen ཕབ་ལེན། Download མཇུག་སྒྲིལ་ཟིན་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་སྐོར་གླེང་བ། Sunday 26/06/2022 In depth: Discussion on recently concluded 8th World Parliamentarians Convention on Tibet.

Latest news