Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

རྒྱ་གར་གྱི་གནའ་བོའི་རིག་གཞུང་སླར་གསོ་བྱ་ཐུབ་ངེས་རེད་ཅེས་བཀའ་བསྩལ་བ།

ཁ་སང་ཕྱི་ཟླ་ ༡༠ ཚེས་ ༡༥ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སེར་སྐྱ་མང་ཚོགས་ཁག་ཅིག་ལ་གསེར་ཞལ་མཇལ་ཁ་བསྩལ་བ་དང་འབྲེལ། སྐབས་དེར་བོད་སྐད་ཤེས་མཁན་རྒྱ་གར་སློབ་ཕྲུག་གཅིག་ལ་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་དག་སླར་གསོ་བྱ་རྒྱུའི་ཐོག་ཞབས་འདེགས་བསྒྲུབ་ཐུབ་ངེས་ཡིན་པར་བཀའ་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་ནས་སྐབས་དེར་རྒྱ་གར་བ་སློབ་ཕྲུག་དེར་མཁན་ཆེན་ཞི་བ་འཚོས་མཛད་པའི་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་དག་དུས་རབས་བརྒྱད་པའི་ནང་བོད་པས་སློབ་སྦྱོང་བྱས་ཡོད་པ་དང་། དེ་ལྟ་བུའི་རིག་གཞུང་དེ་དག་རྒྱ་གར་གྱི་རིག་གཞུང་ཞིག་ཆགས་ཀྱི་ཡོད་པ་དེ་ལྟར་ཡང་། བར་སྐབས་ཤིག་ནས་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་དག་ཉམས་རྒུད་དུ་ཕྱིན་ཡོད་པ་རེད། རིག་གཞུང་དེ་དག་མི་ཉམས་རྒྱུན་འཛིན་ཆེད་༸གང་ཉིད་མཆོག་ནས་བསྐྱར་གསོ་གནང་ཐབས་སུ་འབད་བརྩོན་གནང་བཞིན་ཡོད་པ་དང་། ལྷག་པར་དུ་བོད་སྐད་ཤེས་མཁན་རྒྱ་གར་བ་སློབ་ཕྲུག་དེ་ལ་ཁྱེད་རང་ནས་བོད་སྐད་དང་བོད་ཡིག་ཤེས་ཀྱི་ཡོད་སྟབས་དེ་དག་བསྐྱར་གསོ་ཐུབ་པར་ཞབས་ཞུ་བསྒྲུབ་ཐུབ་ངེས་ཡིན་པར་བཀའ་བསྩལ་འདུག མགོན་པོ་མཆོག་གིས་རྒྱ་གར་གྱི་གནའ་རབས་སེམས་ཁམས་རིག་པ་དང་། ཚད་མ་རིག་པ་སོགས་ཀྱི་རིག་གཞུང་དེ་དག་བསྐྱར་གསོ་དང་འབྲེལ་ཏེ་བློ་རིག་ནང་གཙོ་བོ་སེམས་ཁམས་རིག་པའི་རྣམ་བཞག་དང་རྟགས་རིགས་རྣམ་བཞག་བསྟན་ཡོད་པས་མ་འོངས་པར་ཤེས་ཡོན་སྡེ་ཚན་ཁག་ཏུའང་དེ་འབྲེལ་བསླབ་གཞི་གཏན་འབེབས་གནང་རྒྱུར་ཐུགས་རེ་གནང་བཞིན་ཡོད་པ་མ་ཟད། དགེ་རྒན་ཚོར་འོས་སྦྱོང་གྱི་ལས་འཆར་ཞིག་བཀོད་སྒྲིག་གནང་མུས་ཡིན་པ་སོགས་བཀའ་བསྩལ་ཡོད།

༸གོང་ས་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོར་བསྩལ་བའི་བཀའ་སློབ།

བོད་མིའི་སྒྲིག་འཛུགས་ནས་འདི་ལོ་པྱི་ལོ་ ༢༠༡༨ ལོ་འཁོར་མོ་རྒྱ་གར་གཞུང་མང་གཙོ་གྱུར་བོད་རིགས་གནས་ཡུལ་གྱི་ས་གནས་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༡༠ ཚེས་ ༡༥ ཉིན་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལར་མངའ་སྡེའི་སྲིད་བློན་སྐུ་ཞབས་ Acharya Dev Vrat མཆོག་དང་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ Virbhadra Singh མཆོག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག འཕྲོ་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག གཞན་ཡང་མངའ་སྡེ་གཞུང་གི་གནད་ཡོད་མི་སྣ་ཁག་ཅིག ས་གནས་ཡུལ་མི་དང་བོད་མི་བཅས་ལྷན་འཛོམས་ཐོག་ཧི་མཱ་ཅལ་མངའ་སྡེའི་གཞུང་མང་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་ཡོད་པ་རེད།དེ་རིང་གི་མཛད་སྒོ་དང་འབྲེལ་བོད་མིའི་སྒྲིག་འཛུགས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་མགོན་པོ་༸གང་ཉིད་མཆོག་གིས་བརྙན་པར་བརྒྱུད་གསུང་འཕྲིན་ཞིག་བསྩལ་འདུག་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མིའི་མི་ཚེ་འདི་ངེས་བརྟན་མེད་པ་ཞིག་ཡིན་སྟབས། དེ་སྔ་ནས་བོད་མི་ལ་རོགས་རམ་ཧུར་ཐག་གནང་མཁན་གྱི་མངའ་སྡེ་བློན་ཆེན་མཆོག་གིས་གཙོས་པའི་ལས་བྱེད་དང་མི་མང་ཁག་ཅིག་ད་རེས་དེར་དངོས་སུ་མེད་ཀྱང་། ཁོང་རྣམ་པའི་བཀའ་དྲིན་དྲན་ཞིང་དུས་རྟག་ཏུ་ཐུགས་སྨོན་མཛད་བཞིན་ཡོད་པར་བཀའ་བསྩལ་དང་འབྲེལ་ཏེ་མངའ་སྡེའི་གཞུང་མང་ལ་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་འདུགམགོན་པོ་མཆོག་ནས་འདས་པའི་ལོ་ངོ་དྲུག་ཅུ་ལྷག་མངའ་སྡེ་འདིའི་ནང་བཞུགས་པའི་རིང་ལ་དགའ་སྤྲོ་ཆེན་པོ་བྱུང་བ་མ་ཟད། དུས་རྒྱུན་མགོན་པོ་༸གང་ཉིད་མཆོག་ནི་ཧི་མཱ་ཅལ་མངའ་སྡེའི་མི་སེར་ཞིག་ཡིན་པ་དང་མངའ་སྡེ་འདིའི་སྲིད་བློན་དང་སྤྱི་ཁྱབ་བློན་ཆེན་དེའང་༸གང་ཉིད་མཆོག་གི་སྲིད་བློན་དང་སྤྱི་ཁྱབ་བློན་ཆེན་ཡིན་ཞེས་ཡོངས་གྲགས་གནང་གི་ཡོད་པ་བཀའ་བསྩལ་འདུག ༸གོང་ས་མཆོག་གིས་ད་དུང་དེང་གི་འཛམ་གླིང་འདིའི་ཐོག་འགྲོ་བ་མིའི་སེམས་ཁམས་དང་འབྲེལ་བའི་དཀའ་ངལ་འཕར་མ་ཞིག་འཕྲད་བཞིན་ཡོད་པ་དང་། དཀའ་ངལ་དེ་སེལ་ཐབས་སུ་རྒྱ་གར་གྱི་གནའ་བོའི་རིག་གནས་དེ་དག་ཕན་ནུས་ཆེན་པོ་ཞིག་ཐོན་ངེས་ཡིན་སྟབས། མགོན་པོ་༸གང་ཉིད་མཆོག་ནས་འདས་པའི་ལོ་དུས་དེ་དག་ཁྲོད་དུ་རྒྱ་གར་གི་གནའ་བོའི་རིག་གནས་དེ་དག་ནང་ཡོད་པའི་སེམས་ཁམས་ཀྱི་རྣམ་བཞག་དང་། སེམས་ཚོར་དྲག་པོའི་ཆ་རྣམས་གཉེན་པོ་བསྟན་སྟངས་སོགས་ཀྱི་ཐོག་ལམ་སྟོན་མཛད་བཞིན་པ་མ་ཟད། ཉེ་དུས་ནས་རྒྱ་གར་དུ་རྒྱ་གར་གྱི་ཐུན་མོང་མ་ཡིན་པའི་རིག་གནས་དེ་དག་སླར་གསོ་གནང་བཞིན་ཡོད་པ་སོགས་བཀའ་བསྩལ་དང་སྦྲགས། ཧི་མཱ་ཅལ་མངའ་སྡེ་འདིར་ཆ་མཚོན་ན། ལཱ་ཧོ་དང་སྤི་ཏི་སོགས་ལོ་རྒྱུས་ཐོག་ནས་ནང་པ་དང་ནང་པའི་དགོན་སྡེ་གྲྭ་ཚང་ཡོད་པའི་ས་ཆ་ཞིག་ཆགས་ཡོད་སྟབས། རྒྱ་གར་གི་རིག་གནས་དེ་དག་ཐོག་སློབ་གཉེར་གནང་རྒྱུ་གལ་ཆེན་པོ་རེད་ཅེས་བཀའ་བསྩལ་འདུགསྐབས་དེར་སྲིད་སྐྱོང་མཆོག་གིས་འདས་པའི་ལོ་ངོ་ ༦༠ རིང་ལ་རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་དང་རིག་གཞུང་བཅས་པར་གཏོར་སྐྱོན་འཚབ་ཆེན་བཏང་ཡོད་ཀྱང་། བོད་མི་རྒྱ་ཆེ་མང་ཚོགས་ཀྱི་སེམས་ལ་འགྱུར་བ་མེད་པའི་ཐོག་བོད་ཀྱི་གནད་དོན་གསོན་པོ་གནས་ཡོད་སྐོར་གསུངས་པ་དང་སྦྲགས། དུས་ཚོད་དེའི་རིང་ལ་རྒྱ་གར་གཞུང་མང་ཡོངས་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་པ་དང་ཆབས་ཅིག རྒྱ་གར་ནི་ང་ཚོ་བོད་མི་ཚོར་ནང་གཉིས་པ་ལྟ་བུ་ཆགས་ཡོད་པ་གསུངས་ཡོད།དེ་བཞིན་སྐུ་མགྲོན་གཙོ་བོ་མངའ་སྡེའི་སྲིད་བློན་སྐུ་ཞབས་ Acharya Dev Vrat མཆོག་དང་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ Virbhadra Singh མཆོག་སོ་སོ་ནས་གསུང་བཤད་གནང་ཡོད་པ་དང་། དེའང་བོད་དང་རྒྱ་གར་དབར་གྱི་ཐུན་མིན་འབྲེལ་བའི་སྐོར་དང་ལྷག་དོན་༸གོང་ས་མཆོག་གིས་རྒྱ་གར་སྤྱི་དང་འཛམ་གླིང་ཡུལ་གྲུ་ཀུན་ལ་ཞི་བདེ་དང་འཚེ་བ་མེད་པའི་བསླབ་བྱ་ཁྱབ་སྤེལ་མཛད་ཡོད་པ་སོགས་འགྲེལ་བརྗོད་གནང་བ་དང་ཆབས་ཅིག རྒྱ་གར་གྱི་ངོས་ནས་བོད་མི་རྣམས་རང་ཉིད་ཀྱི་ནང་མིར་ངོས་འཛིན་གནང་བཞིན་ཡོད་པ་དང་བོད་ལ་རང་དབང་གི་ཉི་མ་མགྱོགས་ནས་འཆར་བར་རེ་སྨོན་ཡོད་པ་བཅས་གསུངས་འདུགགཞན་ཡང་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་འཕྲོ་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་བཅས་ཀྱིས་རྒྱ་གར་གཞུང་མང་གཙོ་གྱུར་ཧི་མཱ་ཅལ་མངའ་སྡེའི་གཞུང་མང་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་རེད། བོད་ཀྱི་ཟློས་གར་ཚོགས་པས་ཧི་མཱ་ཅལ་ས་གནས་ཀྱི་གླུ་གཞས་གཟིགས་འབུལ་ཞུས་གནང་འདུག ༸སྐུ་པར་བོད་མིའི་སྒྲིག་འཛུགས།

༸གོང་ས་མཆོག་གིས་འཛམ་གླིང་སྤྱི་ལ་ཁྱབ་པའི་ཆོས་ལུགས་མཐུན་སྒྲིལ་གནང་རྒྱུའི་དུས་ལ་བབ་ཡོད་ཅེས་བཀའ་སློབ་བསྩལ་བ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ནང་ལོ་ངོ་སྟོང་ཕྲག་གསུམ་ཙམ་གོང་ནས་ཆོས་ལུགས་འདྲ་མིན་ཁག་འཆམ་མཐུན་མཉམ་གནས་བྱེད་བཞིན་པར་བསྔགས་བརྗོད་མཛད་པ་དང་ཆབས་ཅིག གཅེས་ནོར་དེ་རིམ་བཞིན་འཛམ་གླིང་སྤྱི་ལ་ཁྱབ་སྤེལ་གནང་རྒྱུའི་འགན་བཞེས་དགོས་པར་ལམ་སྟོན་མཛད་སོང་།བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་རྒྱ་གར་བྱང་ཕྱོགས་མ་སུ་རིར་རྟེན་གཞི་བྱས་པའི་ Woodstock རྒྱལ་སྤྱིའི་སློབ་གྲྭ་ནས་ཆེད་བཅར་ཞུས་པའི་དགེ་སློབ་ ༤༨ ལ་ཚོུད་གཅིག་ཙམ་རིང་དམིགས་བསལ་མཇལ་མོལ་དང་བཀའ་འདྲི་ཞུས་ཁག་ལ་བཀའ་ལན་བསྩལ་ཡོད།སྐབས་དེར་༸གོང་ས་མཆོག་གིས་ཐོག་མར་སློབ་མ་རྣམས་ལ་ཉེ་བའི་ཆར་ཆོས་ལུས་དང་འབྲེལ་བའི་ཐོག་ནས་མི་སྟོང་ཕྲག་མང་པོ་བསད་རེས་བཏང་ཡོད་པ་དང་ལྷག་པར་དུ་ཁ་ཆེའི་ Shia དང་ Sunni གཉིས་དབར་རྩོད་རྙོག་རིགས་མང་དག་འབྱུང་བཞིན་ཡོད་སྟབས། དཀའ་ངལ་དེ་དག་སེལ་ཐབས་སུ་ངེས་པར་དུ་རྒྱ་གར་ཁ་ཆེ་ཚོའི་ངོས་ནས་རམ་འདེགས་ཇི་ལྟར་གནང་དགོས་མིན་ཐད་དགོངས་བཞེས་གནང་དགོས་པར་ལམ་སྟོན་བསྩལ་བ་དང་ཆབས་ཅིག་ཏུ་༸གང་ཉིད་མཆོག་ནས་ཉེ་ཆར་ལ་དྭགས་ཀྱི་ཁ་ཆེ་བ་ཚོར་རྒྱལ་ཡོངས་ཀྱི་ཁ་ཆེའི་ལྷན་ཚོགས་ཤིག་དང་དེ་རྗེས་རྒྱལ་སྤྱིའི་ཚད་དང་མཉམ་པའི་ཁ་ཆེའི་ལྷན་ཚོགས་ཤིག་བསྐོང་འཚོགས་གནང་དགོས་གལ་ཡིན་པར་ལམ་སྟོན་མཛད་ཡོད་སྐོར་བཀའ་ནན་བསྩལ་སོང་། ལྷག་དོན་༸གོང་ས་མཆོག་གིས་རྒྱ་གར་ནང་ལོ་ངོ་སྟོང་ཕྲག་གསུམ་གྱི་གོང་ནས་ཡོད་བཞིན་པའི་ཆོས་ལུགས་མཐུན་སྒྲིལ་དེར་ཡིད་སྨོན་ཆེན་པོ་མཛད་བཞིན་ཡོད་པ་བཀའ་བསྩལ་བ་དང་སྦྲགས། ད་ཆ་རྒྱ་གར་གྱི་ཆོས་ལུགས་འདྲ་མིན་ཁག་འཆམ་མཐུན་མཉམ་གནས་བྱེད་བཞིན་ཡོད་པ་འདི་ནས་མིག་དཔེ་བླངས་སྟེ་གཅེས་ནོར་དེ་རིམ་བཞིན་འཛམ་གླིང་སྤྱིའི་ཐོག་ཁྱབ་སྤེལ་ཐུབ་པ་གནང་རྒྱུའི་དུས་ལ་བབ་ཡོད་ཅེས་ལམ་སྟོན་རྒྱ་ཆེ་མཛད་ཡོད།  དེ་རྗེས་ Woodstock སློབ་མ་ཁག་ཅིག་ནས་༸གོང་ས་མཆོག་ལ་གནད་དོན་འདྲ་མིན་ཐོག་བཀའ་འདྲི་ཞུས་པའི་ཁོངས་ནས་སློབ་མ་ཞིག་གིས་སྒེར་གྱི་ངོས་ནས་མི་ཚེ་སྐྱེལ་རྒྱུར་དམིགས་བསལ་དགོས་དོན་གང་ཡང་མཐོང་གི་མེད་པར་བཀའ་འདྲི་ཞུས་པར་བཀའ་ལན་མཛད་པ་ལས་འཕྲོས་ཏེ་མགོན་པོ་༸གང་ཉིད་མཆོག་གིས་དེང་སང་ཕྱིའི་དངོས་པོ་ཡར་རྒྱས་ཆེན་པོ་འགྲོ་བཞིན་ཡོད་ཀྱང་། འགྲོ་བ་མིའི་སྤྱི་ཚོགས་ནང་འཁྲུག་རྩོད་སོགས་ཀྱི་དཀའ་ངལ་མུ་མཐུད་འཕྲད་བཞིན་པ་དེ་གཙོ་བོ་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ཀྱི་ཞན་ཆ་ཞིག་ཡིན་སྟབས། ཚང་མས་ ཕྱི་ལུས་པོའི་འཕྲོད་བསྟེན་ཐད་དོ་སྣང་ཆེན་པོ་བྱེད་བཞིན་པ་ལྟར་ནང་སེམས་ཁམས་ཀྱི་འཕྲོད་བསྟེན་ཐད་ལའང་དེ་མཚུངས་ཀྱི་དོ་སྣང་བྱེད་དགོས་པ་དང་ལྷག་པར་དུ་སེམས་ཁམས་ཀྱི་འཕྲོད་བསྟེན་བདེ་པོ་བྱུང་ཚེ་རང་ཉིད་ཀྱི་ལུས་པོ་དེ་བདེ་ཐང་དང་སྐྱིད་པོ་ཡོང་ངེས་རེད་ཅེས་བཀའ་བསྩལ་ཡོད།དེ་བཞིན་མཆོག་གིས་སློབ་མ་རྣམ་པར་གཙོ་བོར་དམིགས་ཏེ་འདས་ཟིན་པའི་དུས་རབས་ཉི་ཤུ་པ་དེ་མི་ཕན་ཚུན་དབར་མི་བསད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཏུ་གྱུར་ཡོད་པ་བཀའ་བསྩལ་བ་དང་འབྲེལ། ཁྱེད་རང་ཚོའི་ངོས་ནས་ད་ལྟའི་དུས་རབས་ ༢༡ པ་འདི་བྱམས་བརྩེ་དང་བདེ་སྐྱིད་ལྡན་པ་ཞིག་བསྐུན་ཐུབ་རྒྱུའི་གོ་སྐབས་དམིགས་བསལ་བ་ཞིག་ཡོད་སྐོར་ལ་བཀའ་བསྩལ་ཡོད། གཞི་རྩའི་༸གོང་ས་མཆོག་ནས་ཝུཌ་སེཊོཀ་རྒྱལ་སྤྱིའི་སློབ་གྲྭའི་སློབ་མ་ཁག་ཅིག་དང་ལྷན་མཇལ་མོལ་གྱིས་ཁོང་རྣམ་པའི་བཀའ་འདྲིར་བཀའ་ལན་བསྩལ་བའི་ཁྲོད་འབྲུག་དང་ཨཕ་གྷན། ཨ་རི། སིརྱ། དེ་བཞིན་ཨི་ཊ་ལི། པེ་ལིསྚཱན། ཀོ་རི་ཡ་སོགས་རྒྱལ་ཁབ་ཁག་ཅིག་ནས་ཁྱོན་སློབ་མ་ ༤༨ ཆེད་བཅར་ཞུས་ཡོད་པ་རེད།

བོད་ནང་འདྲ་མཉམ་ཐོག་འགྲུལ་བཞུད་ཆོག་དགོས་པའི་འབོད་སྐུལ།

ཁ་ས་ཚེས་ ༡༠ ཉིན་ CECC ཞེས་ཨ་རི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་ནས་འདི་ལོ་ ༢༠༡༨ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་དང་སྦྲགས།  ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གིས་སྣེ་ཁྲིད་པའི་ཨ་རི་སྲིད་གཞུང་དང་གྲོས་ཚོགས་ནས་རྒྱ་གཞུང་ལ་བོད་ནང་འདྲ་མཉམ་ཐོག་འགྲུལ་བཞུད་ཆོག་པ་དང་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་བོད་རྒྱ་འབྲེལ་མོལ་གནང་དགོས་པར་འབོད་སྐུལ་ཞུས་འདུག གཞི་རྩའི་ཟླ་བ་སྔོན་མར་ཨ་རི་གྲོས་ཚོགས་འོག་མའི་ནང་ Reciprocal Access to Tibet ཞེས་པའི་རྒྱ་ནག་དང་བོད་དུ་ཡོད་པའི་གསར་འགོད་པ་དང་མཁས་དབང་རྣམས་རང་དབང་དང་འགོོག་རྐྱེན་མེད་པར་ཨ་རིར་ཕེབས་ཆོག་པ་ལྟར། ཨ་རིའི་མི་སེར་ཡང་རྒྱ་ནག་ནང་འགོག་རྐྱེན་མེད་པའི་ངང་ཕེབས་འཇུག་དགོས་པའི་ཁྲིམས་འཆར་གཏན་འབེབས་གནང་བ་དང་།   ཉེ་ཆར་ཚོགས་པའི་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ པའི་ཐོག་སྤྱི་འཐུས་ཁག་ཅིག་ནས་ཨ་རིར་གནས་སྡོད་བོད་མི་ཚོས་ཐུགས་འགན་བཞེས་པའི་ཐོག་སོ་སོའི་གྲོས་ཚོགས་འཐུས་མི་དང་འབྲེལ་བ་གནང་ནས་གྲོས་ཚོགས་གོང་མའི་ནང་དུའང་གྲོས་ཆོད་དེ་བསླེབ་ཐུབ་པ་ཙམ་དུ་མ་ཟད་དེ་ཁྲིམས་སུ་གཏན་འབེབས་ཐུབ་རྒྱུའི་འབད་བརྩོན་གནང་དགོས་པའི་སྐུལ་མ་གནང་ཡོད་པ་རེད། ད་རེས་ CECC ཚོགས་ཆུང་དེས་འདོན་སྤེལ་གནང་བའི་སྙན་ཐོའི་ནང་ཨ་རི་གཞུང་ནས་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་ལ་བསྒྱུར་བཅོས་གཏང་དགོས་པ་ཐེར་བཏོན་དང་། དེའི་ཁྲོད་ཉེ་ཆར་ཨ་རི་གྲོས་ཚོགས་ནས་གཏན་འབེབས་བྱས་པའི་ཁྲིམས་འཆར་ལུང་འདྲེན་དང་འབྲེལ་ཏེ་རྒྱ་ནག་ནང་ཨ་རི་མི་སེར་ཡིན་པ་གསར་འགོད་པ་དང་། མཁས་དབང་རྣམས་བསྐྱོད་པར་དམ་དྲག་བྱེད་པ་བཞིན། དེ་ལྟར་དམ་དྲག་གནང་མཁན་གྱི་རྒྱ་ནག་གི་སྲིད་ཞུའི་ལས་བྱེད་རྣམས་ཨ་རི་ནང་ཡོང་མི་ཆོག་པ་བཟོ་དགོས་སྐོར་མངོན་གསལ་གནང་འདུག  ཚོགས་ཆུང་དེའི་ཚོགས་གཙོ་སྐུ་ཞབས་ Marco Rubio ལགས་ཀྱིས་གྲོས་ཚོགས་གོང་མའི་ནང་ཁྲིམས་འཆར་དེ་འདི་ལོའི་ལོ་མཇུག་སྔོན་ཚུད་དུ་སྤྱི་མོས་ཀྱིས་གཏན་འབེབས་གནང་དོན་བཞིན་སྲིད་འཛིན་ Trump མཆོག་ནས་དེར་མཚན་རྟགས་སྐྱོན་པ་རེ་བ་གནང་བཞིན་ཡོད་པ་གསུངས་འདུག འདས་པའི་ལོ་དགུའི་ནང་རྒྱ་གཞུང་ནས་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་བོད་རྒྱ་འབྲེལ་མོལ་གཅིག་ཀྱང་གནང་མེད་སྐོར་བརྗོད་པ་སྦྲགས།  བོད་རྒྱ་འབྲེལ་མོལ་སླར་གསོ་གནང་དགོས་པ་དང། ༸མགོན་པོ་མཆོག་ནས་ཡང་ནས་ཡང་དུ་རྒྱ་གཞུང་ལ་བོད་མི་རྣམས་ནས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་རྩོད་བཞིན་པ་མ་གཏོགས་རང་བཙན་རྩོད་ཀྱི་མེད་པ་ཡོངས་བསྒྲགས་གནང་ཡོད་ཀྱང་།  རྒྱ་གཞུང་གིས་ད་དུང་བོད་ནང་གནས་བཞུགས་བོད་མི་རྣམས་ནས་མགོན་པོ་༸གང་ཉིད་མཆོག་གི་ཡང་དག་པའི་དགོངས་གཞིར་རྒྱབ་སྐྱོར་དང་། བཀའ་ཆོས་གསན་པ་།  ༸སྐུ་པར་བསྣམས་པ་མཐོང་ཚེ་དེ་མ་ཐག་འཛིན་བཟུང་དང་ཉེས་བརྡུང་གཏོང་བཞིན་པའི་གནད་དོན་ལུང་འདྲེན་གྱིས་ཨ་རི་གྲོས་ཚོགས་འཐུས་མི་དང་གཞུང་ནས་རྒྱ་གཞུང་ལ་བོད་མིའི་ཆོས་དད་རང་དབང་ལ་བརྩི་སྲུང་དང་། ༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ལ་ཐེ་བྱུས་བྱ་རྒྱུ་མེད་པར་ཞུ་སྐུལ་གནང་འདུག

བཙན་བྱོལ་ནང་གི་སངས་རྒྱས་ཞེས་པའི་༸གོང་ས་མཆོག་གི་༸སྐུ་པར་ཆེད་སྒྲིག་གི་དཔེ་དེབ་གསར་ཐོན།

བི་བི་སི་ BBC གསར་ཁང་གིས་དེ་རིང་གནས་ཚུལ་སྤེལ་བར་རྒྱལ་སྤྱིའི་སྟེང་སྐད་གྲགས་ཡོད་པའི་རྒྱ་གར་གྱི་པར་པ་སྐུ་ཞབས་ Raghu Rai ལགས་ཀྱིས་ལོ་ངོ་དུ་མིའི་རིང་ཆེད་དུ་ཉར་ཚགས་གནང་ཡོད་པའི་༸གོང་ས་མཆོག་གི་༸སྐུ་པར་ཕྱོགས་སྒྲིག་གི་དཔེ་དེབ་ཞིག་དབུ་འབྱེད་གནང་ཡོད་པ་དང་།   སྐུ་ཞབས་ཁོང་གིས་དཔེ་དེབ་དེ་ནི་ཁོ་རང་ཉིད་སྒེར་གིས་རྒྱ་གར་ནང་དུ་ཆེས་དགའ་མོས་བྱེད་བཞིན་པའི་སྐུ་མགྲོན་༸གོང་ས་མཆོག་ལ་ཕྱག་རྟགས་སུ་ཕུལ་བ་ཞིག་ཡིན་པར་འགྲེལ་བརྗོད་གནང་འདུགརྩ་བའི་༼ཏཱ་ལའི་བླ་མ། བཙན་བྱོལ་ནང་གི་སངས་རྒྱས།༽ ཞེས་པའི་༸སྐུ་པར་ཕྱོགས་སྒྲིག་གིས་ཕྱག་དེབ་དེ་ནི་༸གོང་ས་མཆོག་གི་ཐུགས་གཤིས་གསལ་པོར་མཚོན་པའི་པར་ལམ་གྱི་རྣམ་ཐར་ལྟ་བུ་ཞིག་ཡིན་ཞིང་།  ༸སྐུ་པར་དེ་དག་ནི་ལོ་ངོ་དུ་མའི་རིང་པར་པ་ Raghu Rai ལགས་ནས་དངོས་སུ་༸གོང་ས་མཆོག་དང་མཇལ་བཅར་ཞུས་སྐབས་དང་། ཡང་ན་མགོན་པོ་༸གང་མཆོག་གིས་མང་ཚོགས་ལ་མཇལ་ཁ་སྩལ་སྐབས་སུ་སྒྲོན་པ་འབའ་ཞིག་ཡིན་པ་དང། པར་པ་ཁོང་གིས་༸གོང་ས་མཆོག་ནི་འཕྲུལ་ལས་དང་རྩི་ཤིང་འདེབས་འཛུགས། སེམས་ཅན་ལ་ཐུགས་མཉེས་ཆེན་པོ་གནང་མཁན་ཞིག་ཡིན་པར་འགྲེལ་བརྗོད་གནང་བ་ལྟར། ཁོང་གི་དཔེ་དེབ་དེའི་ནང་དུའང་༸སྐུ་མདུན་ནས་འཕྲུལ་ལས་ཞིག་གསོ་དང་མེ་ཏོག་གསར་འཛུགས་སོགས་ཀྱི་ཕྱག་ལས་གནང་བཞིན་པའི་༸སྐུ་པར་ཡང་མང་དག་ཅིག་དང་ལྷག་དོན་རྣམ་ཀུན་ནས་མཇལ་དཀོན་པའི་མགོན་པོ་༸གང་ཉིད་མཆོག་ནས་རྒྱ་གར་གྱི་རྟོག་སྒྲུང་མ་ཧཱ་བྷ་ར་ཏཱའི་མི་འབྲེལ་བརྙན་འཕྲིན་ལ་གཟིགས་བཞིན་པ་ཡང་མཇལ་རྒྱུ་འདུག དེ་བཞིན་དྲ་ཐོག་གི་ཚོང་ར་ Amazon གྱིས་དཔེ་དེབ་ཚོང་འགྲེམ་གྱི་འགྲེལ་བརྗོད་སྤེལ་བར་༸སྐུ་མདུན་དང་པར་པ་ Rai ལགས་གཉིས་ལ་ཐུན་མོང་གི་ཆ་ཞིག་ཡོད་པ་ནི་ཁོང་གཉིས་ཆུང་དུས་ནས་རང་ཡུལ་དང་བྲལ་བའི་ཡུལ་གྱར་བ་གཅིག་མཚུངས་ཡིན་ཚུལ་དང་སྦྲགས།  པར་པ་ Raghu Rai ལགས་ལོ་ངོ་དྲུག་གི་སྟེང་དུ་རྒྱ་གར་དང་པ་ཀིས་ཐན་གཉིས་ལོགས་སུ་གྱེས་རྐྱེན་ཁོང་ཕྱིར་རང་གི་སྐྱེས་ཡུལ་དུ་འགྲོ་ཐབས་མ་བྱུང་བ་དང་། རྗེས་སུ་༸སྐུ་མདུན་དང་ཐག་ཉེ་བའི་གྲོགས་པོར་གྱུར་རྗེས་ཁོང་གིས་༸སྐུ་མདུན་གྱི་བཞད་གད་རང་བཞིན་དང་། སྐུ་རྩེད་གནང་སྟངས། ད་དུང་གུ་ཡངས་རང་བཞིན་གྱི་ཕྱག་ལས་གནང་སྟངས་སོགས་ཀྱི་གནས་སྟངས་འདྲ་མིན་མངོན་པའི་༸སྐུ་པར་མང་པོ་ཞིག་བསྒྲོན་ཡོད་པར་གསལ་བཤད་གནང་བ་དང་འབྲེལ། ༸གོང་ས་མཆོག་དགུང་ལོ་ ༨༠ ལ་ཕེབས་པའི་༸སྐུའི་གྱ་སྟོན་སྐབས་སུ་ཡང་པར་པ་ཁོང་གིས་ཡབ་གཞིས་སྐུ་འཁོར་དང་བཅས་པར་མཉམ་ཞུགས་ཀྱིས་མཛད་སྒོར་བཅར་ནས་གསོལ་ཚིགས་ལྷན་བཞེས་གནང་བ་སོགས་ཀྱང་འགྲེལ་བརྗོད་གནང་འདུག རྩ་བའི་པར་པ་ Raghu Rai ལགས་ནི་དེང་སྐབས་པ་ཀིས་ཐན་གྱི་མངའ་ཁོངས་ཡིན་པའི་ས་གནས་ Punjab’s Jhang ཞེས་པར་ཕྱི་ལོ་ ༡༩༤༢ ལོར་སྐྱེས་ཤིང་། ཕྱིས་སུ་ཆེད་ལས་པར་པ་ཞིག་ཏུ་གྱུར་ནས་ India Today ཞེས་པའི་གསར་ཁང་གི་པར་པའི་འགན་འཛིན་གནང་བཞིན།   world press photo འམ་རྒྱལ་སྤྱིའི་པར་རིས་གསར་ཁང་གི་གཟུ་དཔང་ཐེངས་གསུམ་གནང་མྱོང་ཡོད་པའི་པར་པ་གྲགས་ཅན་ཞིག་ཡིན་པ་དང་། བརྩམས་ཆོས་ཀྱི་ཐད་ནས་ཀྱང་ Reflections in Black and White སོགས་ཡོད་པར་འཁོད་འདུག

མ་འོངས་པར་སོག་པོ་དང་ཁྱིམ་མཚེས་ཡུལ་གྲུ་ཁག་ཏུ་སངས་རྒྱས་ཀྱི་བསྟན་པ་སླར་གསོ་རྒྱུན་འཛིན་ཚད་ལྡན་ཞིག་གནང་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་དང་དེ་རིང་བཅས་ཉིན་གྲངས་གཉིས་རིང་གི་སྔ་ཐོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སོག་པོའི་གྲྭ་ཆུང་ ༨༩ ལ་དགེ་ཚུལ་གྱི་སྡོམ་པ་བསྩལ་འདུག དེ་ཡང་ཉེ་ཆར་བཞུགས་སྒར་གཙུག་ལག་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དད་ལྡན་མང་ཚོགས་རྣམས་ལ་དབུ་མ་འཇུག་པའི་ཆོས་འབྲེལ་བཀའ་དྲིན་སྐྱོང་སྐབས་སོག་ཡུལ་གྱི་ནང་པའི་གྲྭ་ཆུང་མི་ཉུང་བ་ཞིག་ཆེད་བཅར་ཞུས་ཡོད་པ་རྣམས་མགོན་པོ་༸གང་ཉིད་མཆོག་གི་སྐུ་མདུན་ནས་རབ་བྱུང་གི་སྡོམ་པ་ཞུ་མཁན་ཆགས་ཀྱི་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༨ ཉིན་སྔ་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སོག་པོའི་གྲྭ་ཆུང་ ༣༠ ལ་དགེ་ཚུལ་གྱི་སྡོམ་པ་བསྩལ་ཡོད་པ་དང་། དེ་མིན་གྲྭ་ཆུང་ ༥༩ ལ་དེ་རིང་སྔ་ཐོག་དགེ་ཚུལ་གྱི་སྡོམ་པ་བསྩལ་འདུགསྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གྲྭ་ཆུང་རྣམས་ལ་བོད་དང་སོག་པོ་གཉིས་དབར་གྱི་ཐུན་མོང་མ་ཡིན་པའི་འབྲེལ་བའི་སྐོར་ངོ་སྤྲོད་དང་སྦྲགས། སོག་ཡུལ་འདི་བཞིན་ཕ་མེས་ནས་ནང་པའི་རྒྱལ་ཁབ་ཅིག་ཡིན་སྟབས་སངས་རྒྱས་ཀྱི་ཆོས་ལ་སློབ་གཉེར་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་སོག་ཡུལ་ནི་རང་དབང་ཡོད་པའི་ནང་པའི་རྒྱལ་ཁབ་ཅིག་ཡིན་སྟབས་སོག་པོའི་གྲྭ་བ་གཞོན་སྐྱེས་ཚོས་གདན་ས་ཁག་ཏུ་སློབ་གཉེར་གནང་སྟེ་མ་འོངས་པར་སོག་པོ་དང་ཁྱིམ་མཚེས་ཡུལ་གྲུ་ཁག་ཏུ་སངས་རྒྱས་ཀྱི་བསྟན་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་ཚད་ལྡན་ཞིག་གནང་དགོས་པའི་ལམ་སྟོན་བསྩལ་འདུགགཞི་རྩའི་ད་རེས་༸གོང་ས་མཆོག་གི་སྐུ་མདུན་ནས་དགེ་ཚུལ་གྱི་སྡོམ་པ་ཞུ་མཁན་གྱི་སོག་པོའི་གྲྭ་ཆུང་རྣམས་སོག་ཡུལ་གྱི་ས་གནས་མི་འདྲ་བ་བདུན་ཙམ་ནས་ཕེབས་འདུག་པ་དང་། ཁོང་རྣམས་དེ་རིང་དགོང་དྲོ་བཞུགས་སྒར་ནས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཕྱོགས་སུ་ཕྱིར་ཐོན་གནང་སྟེ་ཁུལ་དེར་རྟེན་གཞི་བྱས་པའི་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ནང་ཆོས་ཐོག་སློབ་གཉེར་དངོས་སུ་དབུ་འཛུགས་གནང་གི་ཡོད་པ་རེད། ༸སྐུ་པར་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

༸གོང་ས་མཆོག་གིས་སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་རྗེས་གནང་བཀའ་དྲིན་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱིར་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བཞུགས་སྒར་དུ་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ཚོར་འཕགས་པ་སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གཙོ་འཁོར་གསུམ་གྱི་རྗེས་གནང་བསྩལ་བ་དང་སྦྲགས། དབུ་མ་འཇུག་པའི་ཉིན་བཞིའི་བཀའ་ཆོས་མཇུག་སྒྲིལ་མཛད་སོང་།དེ་ཡང་ཐེ་ཝན་ནང་དུ་རྟེན་གཞི་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཚེས་པ་ ༣ ནས་དེ་རིང་བར་ཉིན་བཞིའི་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཕྱི་ནང་གི་ཆོས་ཞུ་བ་ ༦༩༠༠ བརྒལ་བར་དཔལ་ལྡན་ཟླ་བ་གྲགས་པའི་མཛད་པའི་དབུ་མ་འཇུག་པའི་བཀའ་ཆོས་བཀྲིན་བསྩལ་ཡོད་པ་ལྟར། དེ་རིང་ཆོས་འབྲེལ་གྱི་ཉིན་མཐའ་མར་སྔ་དྲོ་ཆུ་ཚོད་ ༨ ཡོལ་ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བའི་སྐུ་ཚབ་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་བཞུགས་གནས་༸རྒྱལ་བའི་ཕོ་བྲང་ནས་གདན་ཞུས་ཀྱི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་དྲུང་དུ་སྒྲུབ་ཞག་སྔོན་དུ་མཛད་དེ་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་བསྟུན་པཱ་ལིའི་སྐད་དང་རྒྱ་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་ཟིན་མཚམས་སྔོན་འགྲོའི་ཆོས་འབྲེལ་རྗེས་མགོན་པོ་༸གང་ཉིད་མཆོག་གིས་ཐོག་མར་ཁྱིམ་པ་ཕོ་མོ་རྣམས་ལ་དགེ་བསྙེན་གྱི་སྡོམ་པ་འབོགས་ཆོག་དང་། དེ་ནས་༸རྗེ་བདག་ཉིད་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་བསྩལ་ཡོད་པ་རེད། སྐབས་དེར་༸གང་ཉིད་མཆོག་གིས་ཆོས་ཞུ་བ་ཚོར་སློབ་མའི་ངོས་ནས་དགེ་བའི་བཤེས་གཉེན་བསྟན་པར་དང་ཐོག་བསྟན་སའི་བླ་མ་དེ་རང་རྒྱུད་འདུལ་བ་དང་ཞི་བ། ཡོན་ཏན་ལྷག་པ་བཅས་ཀྱི་ཁྱད་ཆོས་ལྡན་པ་ཞིག་བསྟན་དགོས་གལ་ཡིན་པར་ལམ་སྟོན་མཛད་སོང་།དེ་རྗེས་༸གོང་ས་མཆོག་གིས་ཁྱིམ་པ་ཕོ་མོ་རྣམས་ལ་དགེ་བསྙེན་གྱི་སྡོམ་པ་འབོགས་ཆོག་དང་ བྱང་ཆུབ་སེམས་ཀྱི་སྡོམ་པ་འབོག་ཆོག་སྩལ་སྐབས་སུ་བྱང་ཆུབ་སེམས་དཔའི་སྤྱོད་ལ་ཚུལ་བཞིན་སློབ་འདོད་དགོས་པ་ལས་དེ་མིན་རང་རྒྱུད་ལ་བྱང་སེམས་བསྐྱེས་ཐབས་མེད་སྐོར་ལམ་སྟོན་བསྩལ་སོང་། མགོན་པོ་༸གང་ཉིད་མཆོག་གིས་དེ་རྗེས་ཆོས་ཞུ་བ་རྣམས་ལ་འཕགས་པ་སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གཙོ་འཁོར་གསུམ་གྱི་རྗེས་གནང་བསྩལ་ཡོད་པ་དང་། རྗེས་གནང་དེ་ལན་རེ་ཐབ་ཚེ་མཚམས་མེད་ལྔ་ཡི་ལས་བཅད་པ་མ་ཟད་རྗེས་གནང་འདིའི་བྱིན་རླབས་ལན་རེ་ཐོབ་པ་དེས་ངན་སོང་གསུམ་གྱི་སྐྱེ་གནས་སུ་སྐྱེ་རྒྱུའི་ལས་རེ་ལྡོག་པའི་ཕན་ནུས་ཡོད་པར་བཀའ་བསྩལ་སོང་། ༸གོང་ས་མཆོག་གིས་དེ་རིང་གི་ཆོས་འབྲེལ་ཡོངས་རྫོངས་ལེགས་པར་གྲུབ་བསྟུན་ཆོས་ཞུ་བ་ཚོས་རྗེ་བཙུན་འཇམ་དཔལ་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་སོགས་ཀྱིས་དེ་སྔ་བསྔོ་སྨོན་མཛད་པ་བཞིན་ཁྱེད་རང་ཚོའི་ངོས་ནས་བཀའ་ཆོས་ཞུས་པའི་དགེ་རྩ་གང་བྱུང་བ་རྣམས་སེམས་ཅན་གཞན་གྱི་ཆེད་དུ་བསྔོ་སྨོན་བྱེད་ཨ་ཞེས་ཐུགས་བརྩེ་བ་ཆེན་པོས་ལམ་སྟོན་དེ་ལྟར་མཛད་ཡོད།

༸གོང་ས་མཆོག་ནས་ ༢༠༡༨ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་གཉིས་ལ་འཚམས་འདྲི་མཛད་པ།

ནོར་ཝེ་རྒྱལ་ས་ Oslo ནང་རྟེན་གཞི་བྱས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྷན་ཚོགས་ཀྱིས་བཙན་གཡེམ་ལ་འགོག་རྒོལ་གནང་མཁན་ Iraq ཡི་ yazidi རིགས་ཀྱི་བུད་མེད་གཅིག་དང། Congo འི་སྨན་པ་ཞིག་ལ་འདི་ལོའི་ནོ་སྦེལ་ཞི་བདེའི་གཟེགས་རྟགས་གནང་རྒྱུ་ཡིན་པ་ཡོངས་བསྒྲགས་གནང་ཡོད་པ་ལྟར། དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཞི་བདེའི་དེད་དཔོན་རྣམ་གཉིས་ལ་དགའ་བསུའི་འཚམས་འཕྲིན་བསྩལ་བ་དང་འབྲེལ། བྱམས་བརྩེ་དངོས་སུ་ལག་བསྟར་གནང་མཁན་ཁོང་གཉིས་ལྟ་བུ་སྐྱེ་བོ་ཀུན་ལ་༸གང་ཉིད་མཆོག་ནས་ཡི་རང་བསྔགས་བརྗོད་ཆེན་པོ་གནང་བཞིན་ཡོད་པར་བཀའ་བསྩལ་འདུག རྩ་བའི་ Dr Denis Mukwege ལགས་ནི་ Congo འི་ Bukavu ཞེས་པའི་ས་གནས་སུ་སྨན་ཁང་ཞིག་བཙུགས་ནས་མི་ཚེ་གང་པོར་བཙན་གཡེམ་ཐེབས་པའི་བུད་མེད་སྟོང་ཕྲག་མང་པོར་སྨན་བཅོས་གནང་མཁན་ཞིག་ཡིན་པ་དང་། ཕྱི་ལོ ༢༠༡༢ ལོར་གོ་མཚོན་ཐོག་པའི་དམག་མིས་ཁོང་ལྐོག་གསོད་གཏོང་ཐབས་བྱས་རྐྱེན་ཡུལ་དེར་གནས་ཐབས་བྲལ་བས་གནས་སྐབས་སུ་རྒྱལ་ཁོངས་ཀྱི་ཕྱི་ལོགས་སུ་བཞུགས་ཡོད་པ་རེད། དེ་བཞིན་ Nadia  Murad ལགས་ནི་ཁ་ཆེའི་འཇིགས་སྐུལ་དྲག་སྤྱོད་ཚོགས་པ་ ISIS ཡིས་བཙན་གཡེམ་ཐེབས་པའི་ Yazidi ཡི་བུད་མེད་ ༣༠༠༠ ལྷག་ཡོད་པའི་ཁྲོད་ནས་གཅིག་ཡིན་པ་དང་། ཁོ་མོ་འཇིགས་སྐུལ་ཚོགས་པས་འཛིན་བཟུང་བྱས་ནས་བཙན་གཡེམ་ཐེབས་ནས་ཟླ་ངོ་གསུམ་ཙམ་གྱི་རྗེས་སུ་ཕྱི་ལོགས་སུ་བྲོས་བྱོལ་དུ་སོང་ནས་རང་གི་དཀའ་སྡུག་གི་འཚོ་བའི་ཉམས་མྱོང་དངོས་སུ་ཕྱིར་གསལ་ཐུབ་པ་བྱུང་འདུག རང་ལོ ༢༣ གྱི་སྐབས་སུ་ཁོ་མོ་མི་གསོད་ཚོང་ལས་ཀྱི་ལག་པ་ནས་ཐར་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཀྱི་མཚན་གནས་ཐོབ་ཡོད་མཁན་ཞིག་དང་།  ཕྱི་ལོ་ ༢༠༡༦ ལོར་ Vaclav Havel Human Rights Prize ཞེས་ཡོ་རོབ་སྤྱི་མཐུན་ཚོགས་པས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དམ་པ་སྐུ་ཞབས་ Vaclav Havel མཆོག་གི་མཚན་གནས་ཐོག་ཕུལ་བའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་གཟེངས་རྟགས་ཀྱང་ཐོབ་མྱོང་ཡོད་པ་ཞིག་རེད། ༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲྭ་གནས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རེང་སྐུ་ཞབས་ Denis Mukwege ལགས་དང་ལྕམ་ Nadia  Murad ལགས་རྣམ་གཉིས་ལ་དགའ་བསུའི་འཚམས་འཕྲིན་བསྩལ་བ་བཀོད་པར་གཞིགས་ཚེ་གཟེགས་རྟགས་འདི་ནི་སྐུ་ཉིད་ནས་རྐྱེན་ངན་དུ་མའི་ཁྲོད་དུ་དཀའ་སྡུག་དང་རྨས་སྐྱོན་ཕོག་པའི་མིའི་རིགས་ལ་རོགས་རམས་བྱས་པའི་སྙིང་སྟོབས་དང་ཆོད་སེམས། སོར་ཆུད་སོགས་ཀྱི་ཐད་ནས་གཞན་སེམས་ཀྱིས་བསླངས་བའི་ཕྱག་ལས་ལ་ངོས་འཛིན་ཐོབ་པ་ཞིག་ཡིན་སྐོར་བཀའ་བསྩལ་བ་དང་འབྲེལ། ཁོང་རྣམ་པ་གཉིས་ཀྱིས་གཞན་གྱི་བདེ་རྩའི་ཆེད་དུ་བྱམས་བརྩེ་དངོས་སུ་ཕྱག་བསྟར་གནང་བར་ཡི་རང་བསྔགས་བརྗོད་མཛད་འདུག ༸གོང་ས་མཆོག་གིས་ད་དུང་གཞན་ལ་རོགས་རམས་དགོས་ཚེ་འཛེམ་ཟོན་མེད་པར་ཡུལ་དངོས་ལ་སོང་ནས་སྲུང་སྐྱོབ་དང་བདེ་གནས་སུ་འཁོད་ཐུབ་མཁན་གྱི་གཅེན་གཅུང་ཁྱེད་རྣམ་གཉིས་ལྟ་བུར་ངོས་ནས་བསྔགས་བརྗོད་ཞུ་བཞིན་ཡོད་ཅེས་བཀའ་བསྩལ་བ་མ་ཟད། མགོན་པོ་༸གང་ཉིད་མཆོག་ནས་ཁོང་གཉིས་དང་ལྷན་དུ་ཐུན་མོང་གི་ཐོག་ནས་འཛམ་གླིང་འདིར་མི་སུ་ལའང་དགའ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པར་ཤུགས་སྣོན་རྒྱག་རྒྱུར་གྲ་སྒྲིག་ཡོད་ཅེས་བཀའ་བསྩལ་འདུག ནོར་ཝེ་ནང་རྟེན་གཞི་བྱས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྷན་ཚོགས་ཀྱིས་ཁ་སང་ཟླ་ ༡༠ ཚེས་ ༥ ཉིན་ཕྱི་ལོ་ ༢༠༡༨ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་གསལ་བསྒྲགས་གནང་སྐབས་འབུམ་རམས་པ་ Denis Mukwege ལགས་དང་ Nadia  Murad ལགས་རྣམ་གཉིས་ཀྱིས་བཙན་གཡེམ་གྱི་དྲག་སྤྱོད་ལ་ཁ་གཏད་གཅོག་ཐབས་དང་དོ་སྣང་འདྲེན་ཐབས་ལ་བླ་ན་མེད་པའི་བྱས་རྗེས་བཞག་ཡོད་ཅེས་གསུངས་འདུག

སྒོ་ལྔའི་ཤེས་པ་དང་འབྲེལ་བའི་བདེ་སྡུག་ལས་ཡིད་བློ་དང་འབྲེལ་བའི་བདེ་སྡུག་གཙོ་ཆེ་བ་རེད།  

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་དབུ་མ་འཇུག་པའི་ཆོས་འབྲེལ་ཉིན་གསུམ་པའི་ཐོག་གོ་ལའི་ཐོག་གནས་པའི་སྐྱེ་འགྲོ་ཐམས་ཅད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་དང། དེའང་སྒོ་ལྔའི་ཤེས་པ་དང་འབྲེལ་བའི་བདེ་སྡུག་ལས་ཡིད་བློ་དང་འབྲེལ་བའི་བདེ་སྡུག་དེ་གཙོ་ཆེ་བ་རེད་ཅེས་བཀའ་སྩལ་སོང་།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐེ་ཝན་རྒྱ་རིགས་དད་ལྡན་ཆོས་ཞུ་བ་ཚོས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། ཁ་ཉིན་ཚེས་ ༣ ནས་མགོན་པོ་༸གང་ཉིད་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ ༦༩༠༠ བརྒལ་བར་དབུ་མ་འཇུག་པའི་ཆོས་འབྲེལ་བཀྲིན་སྐྱོང་བཞིན་ཡོད་པ་དང། དེ་རིང་ཉིན་གསུམ་པའི་ཆོས་འབྲེལ་ཐོག་ཐོག་མར་པཱ་ལི་དང་རྒྱ་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་རྗེས། ༸གོང་ས་མཆོག་གིས་༸གང་ཉིད་མཆོག་དེ་སྔ་ ༡༩༦༠ རེ་གྲངས་ནང་སིངྒ་པུར་དུ་ཆིབས་བསྒྱུར་གྱིས་ཆོས་འབྲེལ་མཛད་པའི་སྐབས་ནང་པའི་གནས་བརྟན་ཁག་ཅིག་གིས་རྒྱ་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་བའི་སྐབས་ཀྱི་༸སྐུའི་མྱོང་ཚོར་དང་འབྲེལ་བཀའ་བསྩལ་སོང་།ད་དུང་༸གོང་ས་མཆོག་གིས་ཉེ་ཆར་རྒྱལ་ས་ལྡི་ལིར་འཛམ་གླིང་ཡུལ་གྲུ་འདྲ་མིན་ཁག་ཅིག་གི་གནས་བརྟན་འདུལ་བ་འཛིན་པ་རྣམས་དང་མཇལ་མོལ་མཛད་སྐབས་༸གང་ཉིད་མཆོག་གིས་གོ་ལ་འདིའི་ཐོག་ཆོས་ཀྱི་དགོས་མཁོ་འདུག་གམ་ཞེས་བཀའ་འདྲི་གནང་ཡོད་སྐོར་བཀའ་བསྩལ་དང་འབྲེལ། གོ་ལའི་ཐོག་གནས་པའི་སྐྱེ་འགྲོ་ཐམས་ཅད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་སྟབས་༸གང་ཉིད་མཆོག་གིས་དགོས་མཁོ་ཡོད་པ་ཞིག་ཏུ་གཟིགས་སྐོར་བསྐྱར་ནན་མཛད་སོང་།དེ་ལྟ་བུའི་བདེ་སྡུག་དེ་དག་གཙོ་བོ་སྒོ་ལྔའི་ཤེས་པ་དང་ཡིད་བློའི་ཤེས་པ་ལས་ཡོང་གི་ཡོད་པ་ལྟར་ཡིད་བློ་དང་འབྲེལ་བའི་བདེ་སྡུག་དེ་གཙོ་ཆེ་བ་ཡིན་སྟབས། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་ཐོག་ནས་ཡིད་བློ་དང་འབྲེལ་བའི་བདེ་སྡུག་དེ་དག་བཅོས་དགོས་གལ་ཡིན་པར་བཀའ་བསྩལ་སོང་།དེ་བཞིན་༸གོང་ས་མཆོག་གིས་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་ཡིན་མིན་བཞེད་ཚུལ་མི་མཐུན་པ་ཡོང་གི་ཡོད་པ་དང་། དེའང་བདག་ཅག་གི་སངས་རྒྱས་ནས་ལེགས་སྦྱར་མཁྱེན་གྱི་མེད་པ་རྒྱུ་མཚན་དུ་བཀོད་ཀྱི་ཡོད་ཀྱང་། ཁོང་གི་རྗེས་འབྲང་སློབ་དཔོན་ཀླུ་སྒྲུབ་སོགས་ཀྱིས་མཛད་པའི་རྒྱ་གཞུང་དག་གོ་རིམ་ལེགས་པོ་བསྒྲིག་ཚེ་གསང་སྔགས་ཀྱི་ཆོས་འཁོར་གཙོས་པའི་ཐེག་ཆེན་གྱི་ཆོས་རྣམས་སངས་རྒྱས་ཀྱི་བཀའ་སྐོར་བཀའ་ནན་མཛད་ཡོད།རྩ་བའི་༸གོང་ས་མཆོག་གིས་ཁ་ཉིན་ནས་དབུ་འཛུགས་ཀྱིས་སྔ་དྲོར་ཆོས་ཞུ་བ་ཚོར་དབུ་མ་འཇུག་པའི་གཞུང་ཡོངས་རྫོགས་བཀའ་ཁྲིད་མཛད་ཟིན་ཡོད་སྟབས། སང་ཆོས་འབྲེལ་མཐའ་མའི་སྐབས་སུ་༸གང་ཉིད་མཆོག་གིས་ཆོས་ཞུ་བ་ཚོར་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་དང་སྤྱན་རས་གཟིགས་འཇིག་རྟེན་ཀུན་གྲོལ་གྱི་རྗེས་གནང་བསྩལ་གནང་གི་ཡོད་པ་རེད།

Latest news