Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་སྦེང་ལོར་གྲོང་ཁྱེར་དུ་༸ཞབས་སོར་བདེ་བར་འཁོད་པ།

དེ་རིང་ཟླ་ ༨ ཚེས་ ༩ ཉིན་སྔ་དྲོ་ཚོུ་ ༡༠༌༣༠ ཡོལ་ཙམ་ལ་བོད་མིིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གྷོ་ཝ་ཁུལ་གྱི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་མཁའ་ལམ་བརྒྱུད་རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀ་མངའ་སྡེའི་གྲོང་ཁྱེར་སྦེང་ལོར་ནང་མཛད་འཆར་ཁག་ཅིག་བསྐྱང་ཕྱིར་༸ཞབས་སོར་བདེ་བར་འཁོད་གནང་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྦེང་ལོར་གྲོང་ཁྱེར་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་ཀ་ན་ཊ་ཀ་མངའ་སྡེ་གཞུང་གི་སྣེ་ལེན་སྡེ་ཚན་གྱི་དྲུང་ཆེ་དང་སྦེང་ལོར་ལྷོ་སྤྱི་བཅས་ཕེབས་བསུར་བཅར་ཡོད་པ་དང་༸གོང་ས་མཆོག་གནམ་ཐང་ནས་བཞུགས་གནས་ Conrad Hotel  གསོལ་མགྲོན་ཁང་དུ་༸ཞབས་སོར་འཁོད་སྐབས་ཕྱི་ཚེས་ ༡༡ དང་ ༡༢ བཅས་ཉིན་གྲངས་གཉིས་རིང་གི་མཛད་འཆར་གོ་སྒྲིག་ཞུ་མཁན་རྒྱ་གར་ཝ་ན་ཐེབས་རྩ་ཚོགས་པའི་ཚོགས་གཙོ་དང་འབྲེལ་ཡོད་ལས་མི་རྣམ་པ། འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག ཤར་བྱང་གི་ཆོས་རྗེ་རྣམ་གཉིས། གདན་ས་ཁག་གི་མཁན་ལས་ཟུར་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་། གྲོས་ཚོགས་ཀྱི་ཚོགས་གཙོ།  ཕྱོགས་བཞུགས་སྤྱི་འཐུས་རྣམ་པ།  ལྷོ་ཕྱོགས་གཞིས་ཆགས་ཁག་ལྔའི་ས་གནས་འགོ་འཛིན་དང་མཉམ་འབྲེལ་སོགས་ཚོགས་སྡེ་ཚན་ཁག་གི་གནད་ཡོད་མི་སྣ་དང་སློབ་ཕྲུག དེ་བཞིན་མང་ཚོགས་བཅས་བརྒྱ་ཕྲག་ལྷག་གིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད། དེ་རིང་༸གོང་ས་མཆོག་༸སྐུ་ངལ་གསོ་བཞུགས་གནང་རྒྱུ་ལས་དམིགས་གསལ་གྱི་མཛད་འཆར་གང་ཡང་མེད་པ་དང་། སང་ཉིན་ཚེས་ ༡༠ ཉིན་སྦེང་ལོར་ Taj west Hotel གསོལ་མགྲོན་ཁང་དུ་ལྷོ་ཕྱོགས་གཞིས་ཆགས་ཁག་ལྔའི་བོད་མི་ཡོངས་ནས་ཀ་ན་ཊ་ཀ་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་དབུ་བཞུགས་མཛད་རྒྱུ་དང་དེ་བཞིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་བློན་ཆེན་གཞོན་པ་རྣམ་གཉིས་ཀྱང་ཕེབས་རྒྱུའི་ཞལ་བཞེས་ཐོབ་འདུག ཕྱི་ཚེས་ ༡༡ དང་ ༡༢ ཉིན་གཉིས་རིང་ Conrad Hotel གསོལ་མགྲོན་ཁང་དུ་རྒྱ་གར་ཝ་ན་ཐེབས་རྩ་ཁང་གིས་གོ་སྒྲིག་ཞུས་པའི་རྒྱ་གར་སློབ་ཕྲུག་དང་ཡུལ་མི་བཅས་ ༧༥༠ ཙམ་ལ་བླང་དོར་བཀའ་སློབ་བསྩལ་རྒྱུ་དང་ཚེས་ ༡༣ ཉིན་སྦེང་ལོར་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་བུའི་སྡོད་ཁང་དབུ་འབྱེད་རབ་གནས་དང་འབྲེལ་དགེ་ལས་སློབ་ཕྲུག་རྣམས་ལ་བཀའ་སློབ་བསྩལ་རྒྱུ་རེད་འདུག དེ་རྗེས་ཚེས་ ༡༤ ཉིན་སྦེང་ལོར་ནས་ཆིབས་ཞལ་བསྒྱུར་གནང་གི་ཡོད་པ་རེད། རྩ་བའི་ཝ་ན་ཐེབས་རྩ་ཁང་ནི་རྒྱ་གར་ལྡེ་ར་ལྡུན་དུ་རྟེན་གཞི་བྱས་ཡོད་པ་དང་གསར་འཛུགས་གནང་ནས་ལོ་གཉིས་སོང་ཡོད་པ་རེད། ཚོགས་པ་དེ་ནི་མང་ཚོགས་ལ་སྲོལ་རྒྱུན་སྨན་བཅོས་ལྟ་སྐྱོང་གནང་མཁན་ཞིག་ཡིན་པ་དང་དེའི་ཡན་ལག་ལྡི་ལི་དང་སྦེང་ལོར་སོགས་ས་གནས་ཁ་ཤས་ནང་ཆེད་འཛུགས་གནང་འདུག ཚོགས་པ་དེས་དེ་སྔ་ལྡི་ལི་དང་མོམ་བའེ་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་ཐེངས་གཉིས་གོ་སྒྲིག་ཞུས་ཡོད་པ་དང་། ད་རེས་དུ་སྦེང་ལོར་དུ་གདན་ཞུ་གནང་བ་ནི་ཐེངས་གསུམ་པ་དེ་ཆགས་ཡོད་པ་རེད། ༸སྐུ་དཔར་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

༸གོང་ས་མཆོག་སྐུ་ཞབས་ Kailash Satyarthi མཆོག་དང་ཟུར་དུ་མཇལ་མོལ་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་གྷོ་ཝ་དང་སྦེང་ལོར་གྲོང་ཁྱེར་བཅས་སུ་ཆིབས་བསྒྱུར་མ་བསྐྱང་གོང་དུ་རྒྱ་གར་རྒྱལ་ས་ལྡི་ལིར་ཉིན་གྲངས་གཉིས་རིང་༸སྐུ་བཞུགས་གནང་བའི་ཁྲོད་ཐའེ་བོད་ཀྱི་ཤེས་རིག་བརྗེ་ལེན་ཚོགས་མི་རྣམས་ཀྱིས་གཙོས་པའི་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་གནང་བ་མ་ཟད། ལྷག་དོན་ཕྱི་ལོ་ ༢༠༡༤ ལོར་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ Kailash Satyarthi མཆོག་དང་ཟུར་དུ་མཇལ་མོལ་གནང་སྐབས་སྐུ་ཞབས་ཁོང་གིས་ད་ལྟའི་དུས་རབས་འདིའི་ནང་རྒྱ་གར་གྱི་གནའ་བོའི་ཤེས་རིག་ཁག་བསྐྱར་གསོ་གནང་ཐབས་སུ་ཐུགས་བརྩོན་ཇི་ལྟར་གནང་སྐོར་ཐད་བཀའ་མོལ་མཛད་འདུག ༸གོང་ས་མཆོག་གིས་སྐབས་དེར་རྒྱ་གར་རྒྱལ་ཁབ་འདི་གཅིག་པོས་ནང་སེམས་ཀྱི་བྱེད་ལས་དང་ལྷག་པར་དུ་ནང་སེམས་ཀྱི་ཉོན་མོངས་ལ་གཉེན་པོ་བསྟེན་སྟངས་ཐད་གོ་རྟོགས་ཟབ་པ་ཡོད་པའི་ཐོག་གནའ་དེང་གི་ཤེས་ཡོན་གཉིས་ཟུང་འབྲེལ་བྱ་ཐུབ་ངེས་ཡིན་སྐོར་བཀའ་བསྩལ་བ་དང་སྦྲགས། ད་ལྟའི་དུས་རབས་འདིར་དེ་ལྟ་བུའི་རྒྱ་གར་གྱི་གནའ་བོའི་ཤེས་རིག་བསྐྱར་གསོ་གནང་དགོས་གལ་ཡིན་པ་དང། དེའི་བརྒྱུད་འཛམ་གླིང་ཁྲོད་ཞི་བདེ་ལྡན་པའི་བསམ་བློའི་རྒྱ་ཁྱབ་ཡོང་བར་ཕན་ཐོགས་ཡོད་པར་ལམ་སྟོན་མཛད་འདུག སྐབས་དེར་སྐུ་ཞབས་ Satyarthi མཆོག་གིས་མགོན་པོ་མཆོག་ལ་རྒྱ་གར་གྱི་མེས་པོ་དམ་པ་བདག་ཉིད་ཆེན་པོ་གྷན་དྷཱི་འཁྲུངས་ནས་ལོ་ངོ་ ༡༥༠ འཁོར་བའི་འཁྲུངས་སྐར་གོ་སྒྲིག་ཞུ་འཆར་ཡོད་པ་སྙན་གསེང་ཞུས་པར་༸གོང་ས་མཆོག་གིས་བདག་ཉིད་ཆེན་པོ་ཁོང་གིས་ཕྱག་བསྟར་གནང་བའི་འཚེ་མེད་ཞི་བ་འམ་ ahimsa དེའི་ཐོག་ནས་རྒྱ་གར་གྱིས་འཛམ་གླིང་སྣེ་ཁྲིད་གནང་དགོས་གལ་ཡིན་པར་ལམ་སྟོན་མཛད་པ་དང་། དེ་བཞིན་དེ་སྔ་ཡིན་ན་མི་ཚོས་འཚེ་མེད་ཞི་བའི་ཐབས་བྱུས་དེ་ཐབས་ལམ་ཞེན་པོར་ངོས་འཛིན་བྱས་ཡོད་ཀྱང་། དེང་སྐབས་མི་མང་པོས་འཚེ་མེད་ཞི་བའི་ཐབས་བྱུས་དེར་ཆེ་བསྟོད་གནང་བ་ནི་ཐབས་བྱུས་ཀྱི་དགེ་མཚན་མངོན་པ་ཞིག་ཆགས་ཡོད་པར་བཀའ་བསྩལ་འདུག ༸གོང་ས་མཆོག་གིས་ད་དུང་འཚེ་མེད་ཞི་བའམ་ ahimsa ལྟ་གྲུབ་དེའི་ཐོག་ནས་སྙིང་རྗེ་ཀུན་སློང་དེ་བྱུང་སྐོར་བཀའ་བསྩལ་སྐབས་སྐུ་ཞབས་ Satyarthi མཆོག་གིས་ཁོང་སྒེར་གྱི་ངོས་ནས་སྤྱི་ཚོགས་ཁྲོད་དུ་སྙིང་རྗེ་དང་འབྲེལ་བའི་ལས་འགུལ་སྤེལ་རྒྱུའི་ཐད་ཐུགས་འདོད་ཡོད་པ་སྙན་གསེང་ཞུས་པ་ལྟར་མགོན་པོ་གང་ཉིད་མཆོག་གིས་གལ་ཏེ་ཁྱེད་ཉིད་ནས་གནས་སྟངས་གང་ཡིན་རྟོགས་ཐུབ་པ་དང་བློ་རྒྱ་ཡངས་པོས་གདོང་ལེན་གནང་ཐུབ་ཚེ་དེའི་མཇུག་འབྲས་བཟང་པོ་ཞིག་ཡོང་ངེས་ཡིན་པར་བཀའ་བསྩལ་འདུག གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༡༢ ནང་རྒྱལ་ས་ལྡི་ལིར་རྟེན་གཞི་བྱེད་པའི་རྒྱ་གར་གྱི་སྲིད་འཛིན་ཕོ་བྲང་ Rashtrapati Bhawan དུ་སྐུ་ཞབས་ Kailash Satyarthi མཆོག་ནས་ཆེད་བཙུགས་གནང་བའི་བྱིས་པའི་ལྟ་སྐྱོང་ཐེབས་རྩ་ཁང་གིས་གོ་སྒྲིག་ཞུས་པའི་ཕྲུ་གུའི་བདེ་དོན་དང་འབྲེལ་བའི་ལྷན་ཚོགས་ཐོག་སྐབས་དེའི་སྲིད་འཛིན་སྐུ་ཞབས་ Pranab Mukherjee མཆོག་དང་ལྷན་རྒྱས་དབུས་བཞུགས་མཛད་མྱོང་ཡོད་པ་རེད། ཐེངས་འདིའི་རྒྱ་གར་རྒྱལ་ས་ལྡི་ལི་ནང་གི་མཛད་འཆར་སྐབས་༸གོང་ས་མཆོག་ནས་ད་དུང་ཐའེ་བོད་ཀྱི་ཤེས་རིག་བརྗེ་ལེན་ཚོགས་མི་རྣམས་དང་མཇལ་འཕྲད་ཀྱིས་ད་རེས་ཐའེ་བོད་དབར་ཆེས་མཛའ་མཐུན་གྱི་འབྲེལ་ལམ་མཐུད་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་བཀའ་བསྩལ་བ་དངསྦྲགས། དེ་སྔ་ཕྱི་ལོ་ ༡༩༦༠ ནང་ང་ཚོས་ནང་པའི་དགེ་འདུན་པ་བཞི་ཐའེ་ལན་ཌི་སྐད་ཡིག་སློབ་གཉེར་བྱ་ཕྱིར་བྷེང་ཀོཀ་ནང་ཆེད་གཏོང་བྱས་ཡོད་ཀྱང་རྗེས་སུ་འབྲེལ་ལམ་ཆད་སྐོར་བཀའ་བསྩལ་འདུག་པ་མ་ཟད། ང་ཚོ་ནང་པའི་དགེ་རྒན་ཚོས་དང་ཐོག་རང་ཉིད་ཀྱི་སྒོ་གསུམ་ཀུན་སྤྱོད་ལ་ཐུགས་སྣང་གནང་དགོས་པ་དང་། ལྷག་དོན་སངས་རྒྱས་བཅོམ་ལྡན་འདས་ནི་ཐོག་མར་ང་ཚོ་ལྟར་སོ་སྐྱེ་ཕལ་པ་ཞིག་ཡིན་པ་དང་ཁོང་གིས་རིམ་བཞིན་ཆོས་ཀྱི་ཉམས་བཞེས་མཐིལ་ཕྱིན་གནང་འབྲས་སུ་མཐར་རྡོ་རྗེ་གདན་དུ་མངོན་པར་རྫོགས་པར་སངས་རྒྱས་ཡོད་པ་རེད། དེས་ན་སངས་རྒྱས་ཀྱིས་ང་ཚོའི་རྒྱུད་ལ་རྒྱུ་བདེ་གཤེགས་སྙིང་པོ་གཅིག་མཚུངས་ཡོད་པ་དང་དེའང་སྨོན་ལམ་བརྒྱབ་པ་ཙམ་གྱིས་མི་ཕན་པར་ཀུན་སློང་བཅོས་དགོས་པར་ལམ་སྟོན་མཛད་ཡོད་པ་བཀའ་བསྩལ་འདུག ད་དུང་༸གོང་ས་མཆོག་གིས་བོད་དུ་དུས་རབས་ ༨ ནང་སློབ་དཔོན་ཞི་བ་འཚོས་ནང་པ་སངས་རྒྱས་པའི་ཆོས་ངོ་སྤྲོད་གནང་བ་དང་། འདུལ་བའི་བསླབ་གཞི་དང་ནང་པའི་ཆོས་ཀྱི་རྨང་གཞི་གསར་འཛུགས་གནང་ཡོད་སྟབས་དེང་སྐབས་ང་ཚོས་ནང་པའི་ཆོས་ལུགས་གཞན་ཚོས་གནང་བ་ལྟར་འདུལ་བའི་བསླབ་ཁྲིམས་ཕྱག་བཞེས་གནང་གི་ཡོད་སྐོར་ངོ་སྤྲོད་ཞིབ་རྒྱས་མཛད་འདུག ཐའེ་ལན་ཌིའི་སྐུ་ཚབ་ཚོགས་པའི་ངོས་ནས་མགོན་པོ་༸གང་ཉིད་མཆོག་ལ་ཕྱི་ལོ་ ༢༠༡༩ ཕྱི་ཟླ་ ༢ ནང་གནས་མཆོག་རྡོ་གདན་དུ་ནང་པའི་ལྷན་ཚོགས་ཤིག་འཚོགས་འཆར་ཡོད་པ་དང་། ལྷན་ཚོགས་དེའི་དགོས་དམིགས་གཙོ་བོ་དུས་རབས་ ༢༡ པའི་མང་ཚོགས་ཚོའི་ཁྲོད་ནང་པའི་ཤེས་རིག་དང་ལམ་སྟོན་ཁག་ཇི་ལྟར་འཇུག་བདེ་གནང་ཕྱོགས་སྐོར་ཡིན་པའི་སྙན་གསེང་ཞུས་པ་ལྟར་༸གོང་ས་མཆོག་གིས་དེར་ཡི་རངས་བསྔགས་བརྗོད་དང་རྒྱབ་སྐྱོར་མཛད་འདུག རྩ་བའི་༸གོང་ས་མཆོག་ནས་རྒྱལ་ས་ལྡི་ལི་ནང་ཉིན་གཉིས་རིང་༸སྐུ་བཞུགས་ཀྱིས་མི་སྣ་མཇལ་འཕྲད་སོགས་ཀྱི་མཛད་འཆར་ཁག་ཅིག་བསྐྱངས་གྲུབ་རྗེས། ཁ་སང་གྷོ་ཝ་སློབ་གཉེར་ཁང་གི་ཉེར་ལྔའི་དུས་སྟོན་མཛད་སྒོར་དབུ་བཞུགས་ཀྱིས་ལམ་སྟོན་བཀའ་སློབ་ཀྱི་མཛད་འཕྲིན་སྐྱངས་པ་དང་། དེ་རིང་ཟླ་ ༨ ཚེས་ ༩ ཉིན་རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀ་མངའ་སྡེའི་སྦེང་ལོར་གྲོང་ཁྱེར་དུ་མཛད་འཆར་ཁག་ཅིག་བསྐྱང་ཕྱིར་༸ཞབས་སོར་བདེ་བར་འཁོད་གནང་ཡོད་པ་རེད།

རྒྱ་གར་གྱི་སློབ་གཉེར་ཁང་ཁག་ནས་འགན་བཞེས་ཐོག་བཟང་སྤྱོད་གོང་འཕེལ་གནང་དགོས།

ཁ་སང་ཕྱི་ཟླ་ ༨ ཚེས་ ༧ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་གྷོ་ཝ་ཁུལ་དུ་༸ཞབས་སོར་བདེ་བར་འཁོད་གནང་ཡོད་པ་དང་། དེ་རིང་ཟླ་ ༨ ཚེས་ ༨ ཉིན་ཁུལ་དེའི་ནང་ཡོད་པའི་ Goa Institute of Management ཞེས་པའི་སློབ་གཉེར་ཁང་དབུ་བརྙེས་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་གྱི་མཛད་སྒོར་དབུ་བཞུགས་མཛད་པ་དང་འབྲེལ། ད་ལྟའི་དུས་འདིར་རྒྱ་གར་གནའ་བོའི་རིག་གནས་དེ་དག་གལ་ཆེན་པོ་ཇི་ལྟར་ཆགས་ཀྱི་ཡོད་མེད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་བ་དང་། མགོན་པོ་༸གང་ཉིད་མཆོག་ནས་རྒྱ་གར་གྱི་སློབ་གཉེར་ཁང་ཁག་ནས་ངེས་པར་དུ་འགན་བཞེས་ཐོག་བཟང་སྤྱོད་གོང་འཕེལ་གནང་དགོས་གལ་ཡིན་པར་ལམ་སྟོན་མཛད་འདུག ༸གོང་ས་མཆོག་གིས་ལོ་ངོ་ ༢༠༠ གོང་ནས་ཐོག་མར་འཕྲུལ་ཆས་དང་ཚན་རིག་གི་ཐོག་ལ་ཡར་རྒྱས་ཆེན་པོ་ཕྱིན་པ་དང་བསྟུན། དུས་ཀྱི་དགོས་མཁོ་ལ་དམིགས་ནས་དེང་རབས་ཀྱི་ཤེས་ཡོན་ཡར་རྒྱས་སླད་སློབ་གཉེར་ཁང་མང་དག་ཞིག་གསར་འཛུགས་གནང་ཡོད་པ་དེ་དག་ནང་བཟང་སྤྱོད་དང་ཤེས་ཡོན་གྱི་ལམ་སྲོལ་གསར་པ་གཉིས་ཆ་སྙོམས་པ་ཞིག་ཡོད་ཀྱང་། ད་ཆ་དུས་ཀྱི་འགྱུར་བ་དང་ལྷག་པར་དུ་ཆོས་ལུགས་ལ་དོ་སྣང་མེད་རྐྱེན་ཆ་སྙོམས་པ་ཞིག་ཡོང་གི་མེད་སྟབས། དེང་གི་སློབ་གཉེར་ཁང་དེ་དག་གིས་ངེས་པར་དུ་འགན་བཞེས་ཐོག་བཟང་སྤྱོད་གོང་འཕེལ་གནང་དགོས་པར་བཀའ་བསྩལ་བ་མ་ཟད། རྒྱ་གར་གནའ་བོའི་རིག་གནས་ལས་གསུངས་པའི་བཟང་སྤྱོད་དེ་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཞིག་ཡིན་པ་དང་། རྒྱལ་ཁབ་གཞན་གང་དུའང་རྩ་ཆེན་གྱི་རིག་གནས་དེ་དག་མེད་པ་ཞིག་ཡིན་སྟབས། ངེས་པར་དུ་དེང་རབས་ཀྱི་ཤེས་ཡོན་བསླབ་གཞིའི་ནང་བཟང་སྤྱོད་ཀྱི་རིན་ཐང་དང་འབྲེལ་བའི་བསླབ་གཞི་དེ་དག་དགོས་ངེས་ཡིན་པར་བཀའ་ནན་མཛད་འདུག ༸གང་ཉིད་མཆོག་ནས་སྟོན་པ་འཇིག་རྟེན་ནང་མ་བྱོན་སྔོན་ལ་རྒྱ་གར་ནང་དུ་བློའི་རྣམ་གཞག་དེ་དག་དར་ཟིན་པ་ཞིག་ཡིན་ནའང་དེང་སྐབས་རྒྱ་གར་རང་ཉིད་ཀྱིས་གནའ་བོའི་རིག་གནས་རྩ་ཆེན་དེ་དག་སྣང་མེད་དུ་བཞག་ཡོད་པ་དེ་ལྟར་ཡང་། ང་ཚོ་བོད་མི་ཚོས་རིག་གནས་དེ་དག་ཉར་ཚགས་བྱས་ཡོད་སྟབས་ང་ཚོའི་ངོས་ནས་ཞབས་ཕྱི་ཞུ་རྒྱུ་ནི་འོས་འགན་ཞིག་ཡིན་པ་དང་། ལྷག་པར་དུ་སློབ་གཉེར་ཁང་འདི་དང་གདན་ས་ཆེན་པོ་འབྲས་སྤུངས་དང་དགའ་ལྡན་གཉིས་ཉེ་འཁྲིས་སུ་ཆགས་ཡོད་སྟབས་ གདན་ས་ཆེན་མོ་ནས་མཁས་དབང་གདན་ཞུ་ཐོག་སློབ་གཉེར་དང་གྲོས་བསྡུར་གནང་དགོས་གནད་ཡིན་པར་ལམ་སྟོན་མཛད་འདུག དེ་བཞིན་༸གོང་ས་མཆོག་གིས་སང་ཉིན་འཆི་རྒྱུ་ངེས་ཀྱང་དེ་རིང་སློབ་གཉེར་བྱེད་དགོས་སྐོར་བཀའ་བསྩལ་བ་དང་འབྲེལ། དབང་ཤེས་ལྔ་དང་ཚོར་ཤེས་དྲུག་གི་ཐོག་ནས་སློབ་གཉེར་གནང་དགོས་གནད་ཡིན་པར་ལམ་སྟོན་བཀྲིན་ཆེ་བ་བསྩལ་ཡོད་པ་རེད། མགོན་པོ་༸གང་ཉིད་མཆོག་གིས་བཀའ་སློབ་གནང་གྲུབ་རྗེས་སློབ་གཉེར་ཁང་དེའི་སློབ་ཕྲུག་རྣམས་ཀྱིས་གནའ་བོའི་རྒྱ་གར་གྱི་རིག་གནས་དེ་དག་ཉིན་རེ་འཚོ་བའི་ཁྲོད་ལག་བསྟར་བྱ་ཕྱོགས་དང་། སེམས་ཀྱི་ཞི་བདེ་བསྐྲུན་ཐབས། ནོར་འཁྲུལ་ཅན་གྱི་ཐག་གཅོད་མི་ཡོང་བར་ཐབས་ཤེས་ཇི་གནང་སོགས་ཀྱི་གནད་དོན་འདྲ་མིན་ཐོག་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་ལམ་སྟོན་གནད་སྨིན་མཛད་ཡོད་པ་རེད། རྩ་བའི་ཉེར་སྔའི་དུས་སྟོན་མཛད་སྒོའི་ཐོག་སློབ་ཕྲུག་ ༦༠༠ ཙམ་དང་དགེ་ལས་བཅས་ཆེད་བཅར་ཞུས་ཡོད་པ་མ་ཟད། མཛད་འཆར་ལྟར་ན། ༸གོང་ས་མཆོག་ཟླ་ ༨ ཚེས་ ༡༠ ཉིན་རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀའི་མངའ་སྡེའི་ནང་མཛད་འཆར་ཁག་ཅིག་བསྐྱང་གི་ཡོད་པ་རེད། ༸སྐུ་དཔར་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

༸གོང་ས་མཆོག་གི་༸སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་གནང་བ།

འདི་ལོ་བོད་ལུགས་ལྟར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༤ དགུང་ཀེག་ཟློག་ཕྱིར་དྷ་ས་ས་གནས་འགོ་འཛིན་གྱི་ལས་ཁུངས་དང་ས་གནས་འཐུས་ཚོགས། ས་གནས་རང་བདེན་ཚོགས་ཆུང་བཅས་ཀྱིས་གོ་སྒྲིག་འོག་ཁ་ཉིན་ཚེས་ ༥ ནས་དབུ་འཛུགས་ཀྱིས་དེ་རིང་ཚེས་ ༧ བར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་སྟོང་ཚར་འབུལ་གཤོམ་དང་འབྲེལ་སེར་སྐྱ་མང་ཚོགས་འདུ་འཛོམས་ཀྱིས་༸སྐུ་ཕྱྭའི་ཞབས་རིམ་རྒྱས་པ་གསོག་སྒྲུབ་གནང་བཞིན་འདུགཞབས་རིམ་གསོག་སྒྲུབ་ཆེད་དུ་རྣམ་གྲྭ་ཕབ་བདེ་ལེགས་བཤད་གླིང་གི་དགེ་འདུན་པ་རྣམས་དབུ་བཞུགས་ཐོག་བཞུགས་སྒར་ཁུལ་གྱི་གྲྭ་བཙུན་རྣམ་པ་དང་། མང་ཚོགས་བཅས་འདུ་འཛོམས་ཀྱིས་ལྷ་བླ་མའི་ཐུགས་དམ་དགོངས་དོན་བཞིན་ཉིན་དང་པོར་མ་ཎི་གསོག་སྒྲུབ་དང་། ཉིན་གཉིས་པར་བཛྲ་གུ་རུ་གསོག་སྒྲུབ། ཉིན་གསུམ་པར་སྒྲོལ་མ་གསོག་སྒྲུབ་བཅས་གནང་ཡོད་པ་རེད། སྤྱིར་དྷ་ས་ས་གནས་འགོ་འཛིན་གྱི་ལས་ཁུངས་དང་ས་གནས་འཐུས་ཚོགས། ས་གནས་རང་བདེན་ཚོགས་ཆུང་བཅས་ཀྱིས་བཞུགས་སྒར་དུ་ཞབས་རིམ་གསོག་སྒྲུབ་གོ་སྒྲིག་གནང་བ་ཙམ་མིན་པར་གསོག་སྒྲུབ་གནང་དགོས་པའི་ཞབས་རིམ་ཆེ་གྲས་རྣམས་དགོན་སྡེ་ཁག་ལ་སྔོན་ཚུད་ནས་ཕུལ་ཟིན་པ་ཞིག་རེད་འདུག

༸གོང་ས་མཆོག་ནས་༸སྐུ་ཐང་ཆད་རྒྱུའི་མཛད་འཕྲིན་མང་དག་བསྐྱང་ཚེ་༸སྐུ་ཚེར་འགོག་རྐྱེན་བཟོ་ངེས་ཡིན་པ་བཀའ་བསྩལ་བ།

ཁ་སང་ཕྱི་ཟླ་ ༨ ཚེས་ ༣ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་ནང་ཚོགས་དང་དགོན་ཚོགས་གཉིས་ཐུན་མོང་གིས་གསོལ་སྟོན་གཟབ་རྒྱས་ཤིག་འདེགས་འབུལ་ཞུ་སྐབས་མགོན་པོ་༸གང་ཉིད་མཆོག་༸སྐུ་ལུས་ཤ་རུས་ལས་གྲུབ་པ་ཡིན་སྟབས་༸སྐུ་ཐང་ཆད་རྒྱུའི་མཛད་འཕྲིན་མང་དག་ཞིག་བསྐྱང་ཚེ་༸སྐུ་ཚེ་ཡུན་རིང་བཞུགས་རྒྱུར་འགོག་རྐྱེན་བཟོ་ངེས་ཡིན་པར་བཀའ་བསྩལ་འདུག ༸གོང་ས་མཆོག་གིས་དུས་སང་ལ་དྭགས་སུ་སྐུ་ངལ་གསོ་རྒྱུའི་ཆེད་ཁྱུག་ཙམ་རིང་ཕེབས་རྒྱུའི་ཐུགས་རེ་གནང་བཞིན་ཡོད་པ་དང་། ༸སྐུ་ངལ་གསོ་རྒྱུའི་ཆེད་ཕེབས་རྒྱུའི་དགོངས་པ་ཡོད་པ་ལས་བྲལ་བ་འཚུབ་འཚུབ་གནང་རྒྱུ་སླད་མིན་སྐོར་བཀའ་བསྩལ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་༸སྐུ་ལུས་ཤ་རུས་ལས་གྲུབ་པ་ཞིག་ཡིན་སྟབས་༸སྐུ་ཐང་ཆད་རྒྱུའི་མཛད་འཕྲིན་མང་དག་བསྐྱང་ཚེ་༸སྐུ་ཚེ་ཡུན་རིང་བཞུགས་རྒྱུར་འགེགས་རྐྱེན་བཟོ་ངེས་ཡིན་པས་༸སྐུ་ལྷོད་ལྷོད་གནང་ནས་༸སྐུ་ཚེ་རིང་བ་བཞུགས་རྒྱུར་དགའ་བ་འདུག་གམ་བྲལ་འཚུབ་ཐོག་༸སྐུ་ཚེ་ཐུང་བ་བཞུགས་རྒྱུར་དགའ་བ་འདུག་ཞེས་བཀའ་བསྩལ་འདུག ༸གོང་ས་མཆོག་གིསལ་དྭགས་མང་ཚོགས་ནས་དད་པ་གཡོ་བ་མེད་པ་ཞིག་ཡོད་པ་མ་ཟད་ཁུལ་དེའི་ནང་གི་ཁ་ཆེ་བ་ཚོས་དགའ་ཚོར་ཆེན་པོ་བྱེད་བཞིན་པ་བཅས་ལ་ཐུགས་འགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་བསྩལ་བ་དང་འབྲེལ། ལ་དྭགས་སུ་མཛད་འཕྲིན་དུ་མ་བསྐྱངས་གནང་བ་དེས་བསྟན་པ་དང་འགྲོ་བར་ཕན་ཐོགས་ཆེན་པོ་བྱུང་ཡོད་པར་དགོངས་སྐོར་བཀའ་ནན་མཛད་འདུག ཁ་སང་ཟླ་ ༨ ཚེས་ ༣ ཉིན་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གླེ་རྒྱལ་སའི་ནང་ལ་དྭགས་ཧེཊ་ཇུ་མ་བྷག་ཞེས་པའི་སྐྱེད་ཚལ་དབུ་འབྱེད་གནང་བ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་ནས་རྒྱ་གར་རྒྱལ་ཁབ་ལ་ཆེ་བསྟོད་དང་ཐུགས་མོས་གནང་གི་ཡོད་ཀྱང་རྒྱལ་ཁབ་འདིའི་ནང་རིགས་རུས་དབྱེ་འབྱེད་གནང་བཞིན་པ་དེ་བློ་ཕམ་བྱ་གཞི་ལས་མ་འདས་པའི་གནད་དོན་ཞིག་ཡིན་པར་བཀའ་བསྩལ་བ་དང་ཆབས་ཅིག་ཏུ་༸གོང་ས་མཆོག་ནས་དུས་རྟག་ཏུ་ཆོས་དཔོན་ཚོར་འགྲོ་བ་མི་གཅིག་གྱུར་གྱི་བསམ་པ་གོང་འཕེལ་གཏོང་ཐབས་གནང་གལ་ཡིན་པར་བཀའ་བསྩལ་མཛད་སྐོར་ལམ་སྟོན་རྒྱ་ཆེ་མཛད་ཡོད་པ་རེད། རྩ་བའི་སྐྱེད་ཚལ་དེ་བཞིན་ལ་དྭགས་མི་མང་དང་རིག་འཚོ་མ་ཟིན་པ་རྣམས་ལ་ལུས་སྦྱོང་བྱ་རྒྱུའི་ཆེད་གསར་འཛུགས་གནང་བ་ཞིག་ཡིན་པ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་ནས་སྐྱེད་ཚལ་གྱི་ལས་གཞི་དེ་དང་དེའི་ཐོག་ཕྱག་ལས་གནང་མཁན་རྣམས་ལ་བསྔགས་བརྗོད་གནང་བ་དང་འབྲེལ། ལས་དོན་དེའི་སླད་ཏཱ་ལའི་བླ་མའི་དགེ་རྩ་ཁང་ནས་ཞལ་འདེབས་གསོལ་རས་མཛད་རྒྱུ་ཡིན་པར་བཀའ་བསྩལ་ཡོད་པ་རེད། ༸སྐུ་དཔར་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

ཆོས་ལུགས་མཐུན་སྒྲིལ་ཡོང་བར་ཕྱི་ནང་གཉིས་ཀས་འགན་བཞེས་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་སང་ཟླ་ ༨ ཚེས་ ༢ ཉིན་ལ་དྭགས་ལྕོགས་ལམ་སར་ཟམ་པའི་ཉེ་འདབས་སུ་ཡོད་པའི་ཆུ་ཤོད་ཁ་ཆེ་ལྷ་ཁང་དུ་གནས་གཟིགས་མཛད་པ་དང་འབྲེལ་ཁ་ཆེའི་གཅེན་གཅུང་རྣམས་ལ་ཆོས་ལུགས་ཀྱི་གནད་དོན་དང་འབྲེལ་མི་སྟོང་ཕྲག་མང་པོ་གསོད་རེས་བྱས་པའི་གནས་ཚུལ་ཐོན་བཞིན་ཡོད་སྟབས། ཆོས་ལུགས་མཐུན་སྒྲིལ་ཡོང་བར་ཕྱི་ནང་གཉིས་ཀས་འགན་བཞེས་དགོས་གལ་ཡིན་པར་ལམ་སྟོན་མཛད་འདུག མགོན་པོ་༸གང་ཉིད་མཆོག་གིས་ང་ཚོའི་ངོས་ནས་འདོད་མོས་ཡོད་མེད་ལ་ལྟོས་མེད་འཛམ་གླིང་ཐོག་གི་འགྲོ་བ་མི་རྣམས་ཕན་ཚུན་དབར་མཉམ་གནས་བྱེད་དགོས་པ་དང་། ལྷག་དོན་ལ་དྭགས་ནང་ཡོད་པའི་ནང་པ་དང་ཁ་ཆེ་གཉིས་ཕན་ཚུན་དབར་མཉམ་གནས་བྱེད་དགོས་གལ་ཡིན་པ་བཀའ་བསྩལ་དང་འབྲེལ་ནས་ད་ལྟའི་འཛམ་གླིང་ཐོག་དཀའ་ངལ་མང་དག་ཞིག་འཕྲད་རྐྱེན་ནི་རྒྱལ་ཞེན་གྱི་བསམ་བློ་ཤུགས་ཆེ་དྲག་པ་དང་། ཆོས་ལུགས་ཕན་ཚུན་དབར་གུས་བརྩི་དང་མཐུན་སྒྲིལ་མེད་པའི་དབང་གིས་ཡོང་གི་ཡོད་སྟབས། ངོས་ལ་ཆ་མཚོན་ན་འཛམ་གླིང་ནང་ཡོད་པའི་མི་འབོར་ཐེར་འབུམ་ ༧ པོ་དེ་དག་རྡོག་རྩ་གཅིག་ཏུ་དྲིལ་ཐབས་སུ་འབད་བརྩོན་བྱེད་ཡོད་པ་ལྟར་ངལ་བ་དེ་དག་ཉུང་དུ་གཏོང་བར་ང་ཚོ་ཚང་མར་འགན་ཡོད་ཅེས་བཀའ་ནན་བསྩལ་ཡོད་པ་རེད། དེ་བཞིན་༸གོང་ས་མཆོག་གིས་ཡོ་རོབ་མཐུན་ཚོགས་ཀྱི་སྒྲོམ་གཞིར་ཆེ་བསྟོད་དང་ཐུགས་སྨོན་གནང་བཞིན་ཡོད་པ་དང་། སྤྱིར་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་དབང་གཙང་མའི་རྒྱལ་ཁབ་ཞིག་ཡིན་ཀྱང་རྒྱ་ནག་དང་མཉམ་དུ་གཅིག་ཕན་གཅིག་རོགས་ཐོག་ནས་མཉམ་གནས་བྱ་རྒྱུའི་དགོངས་གཞི་ཡོད་སྐོར་བཀའ་བསྩལ་འདུག རྒྱ་གར་ནང་མི་འབུམ་ཕྲག་མང་པོ་གནས་སྡོད་བྱེད་བཞིན་ཡོད་ཀྱང་ལོ་ངོ་སྟོང་ཕྲག་གཉིས་ཀྱི་གོང་ནས་ཆོས་ལུགས་མཐུན་སྒྲིལ་ཡོད་པ་དེས་འཛམ་གླིང་ཐོག་ཆོས་ལུགས་མཐུན་སྒྲིལ་ཡོང་རྒྱུ་ཡོད་པའི་དཔེ་མཚོན་ཞིག་ཆགས་ཡོད་པར་བཀའ་བསྩལ་བ་དང་ཆབས་ཅིག་ཏུ་༸གང་ཉིད་མཆོག་ནས་ལོ་མང་རིང་རྒྱ་གར་གཞུང་ལ་རྒྱལ་སྤྱིའི་ཆོས་དད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་དགོས་གནད་ཡིན་པར་ལམ་སྟོན་མཛད་མྱོང་སྐོར་བཀའ་བསྩལ་འདུག ཆོས་ལུགས་དང་འབྲེལ་བའི་ཐོག་ནས་མི་སྟོང་ཕྲག་མང་པོ་བསད་རེས་གནང་གི་ཡོད་པ་དང་། ལྷག་པར་དུ་ཁ་ཆེའི་ Shia དང་ Sunni གཉིས་དབར་རྩོད་རྙོག་རིགས་མང་དག་ཞིག་འབྱུང་བཞིན་ཡོད་སྟབས། དཀའ་ངལ་དེ་དག་སེལ་ཐབས་སུ་རོགས་འདེགས་ཇི་ལྟར་གནང་དགོས་མིན་ཐད་དགོངས་བཞེས་གནང་དགོས་པ་ལས་རང་ཉིད་ཀྱི་བདེ་སྐྱིད་ཁོ་ནར་དོན་དུ་གཉེར་ཚེ་ Allah ཡང་ཐུགས་འགྱེས་ཀྱི་མ་རེད་ཅེས་བཀའ་སློབ་བཀྲིན་ཆེ་བ་བསྩལ་ཡོད་པ་རེད། ༸སྐུ་དཔར་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

༸གོང་ས་མཆོག་གིས་ཡོངས་སྒྲིལ་ཤེས་ཡོན་ཐོག་བཀའ་སློབ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ལྟའི་ཆར་རྒྱ་གར་བྱང་ཕྱོགས་ལ་དྭགས་ནང་དུ་བཞུགས་ཞག་གིས་མཛད་འཕྲིན་དུ་མ་སྐྱོང་བཞིན་ཡོད་པ་ལྟར། ཁ་སང་ཟླ་ ༨ ཚེས་ ༡ ཉིན་ཞི་བའི་ཚལ་༸རྒྱལ་བའི་ཕོ་བྲང་དུ་ལ་དྭགས་གླེ་བསོད་ནམས་ནོར་བུ་དྲན་རྟེན་སྨན་ཁང་ཆེན་མོའི་སྨན་ཞབས་པ་རྣམས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བཀའ་དྲིན་བསྩལ་འདུགམགོན་པོ་༸གང་ཉིད་མཆོག་ནས་སྨན་ཞབས་པའི་ལས་ཀ་ནི་གཞན་ཕན་གྱི་བྱ་བ་ཞིག་ཡིན་པས་ཁྱེད་ཚོས་ངེས་པར་དུ་བསམ་པ་བཟང་པོའི་ཐོག་ནས་ནད་པར་ཕན་རོགས་བྱེད་དགོས་པ་མ་ཟད་ནད་པ་ཚོར་བརྩེ་བ་དང་གད་མོ་དགོད་ནས་ཕན་ཐོགས་བྱ་ཐུབ་ཚེ་ཕན་རླབས་ཆེན་པོ་ཡོད་པ་བཀའ་བསྩལ་འདུག ཚེ་འདིར་མི་ལུས་ཤིག་བླངས་ནས་གཞན་ཕན་བྱ་རྒྱུའི་གོ་སྐབས་ བྱུང་ཡོད་པ་རེད། ཚེ་འདིར་བསོད་ནམས་བསགས་པ་དེས་ཚེ་རབས་ནས་ཚེ་རབས་ལ་གཞན་ཕན་སྒྲུབ་རྒྱུ་ཡོང་གི་རེད་ཅེས་བཀའ་བསྩལ་འདུག དེ་དང་ཕྱོགས་མཚུངས་དེ་རིང་ཚེས་ ༢ ཉིན་སྔ་དྲོ་ཚོུད་ ༩༌༣༠ ཐོག་ལ་དྭགས་ནང་པའི་ཚོགས་འདུ་དང་ Sebol ཚོགས་པ་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ལ་དྭགས་གླེ་ Eliezer Joldan Memorial College འམ་ཨེ་ལི་ཛྷར་ཇོལ་དན་དྲན་རྟེན་མཐོ་སློབ་ཏུ་ཆིབས་བསྒྱུར་གྱིས་དགེ་ལས་སློབ་གཉེར་བ་ ༡༥༠༠ ལྷག་ལ་ Holistic Education འམ་ཡོངས་སྒྲིལ་ཤེས་ཡོན་ཞེས་པའི་བརྗོད་གཞིའི་ཐོག་ལམ་སྟོན་བཀའ་སློབ་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་གིས་ད་ལྟའི་ཆར་འཛམ་གླིང་ནང་ཤེས་ཡོན་གྱི་ལམ་ལུགས་ཤིག་འགྲོ་བཞིན་པ་དེ་ལྟར་ཡང་ལམ་ལུགས་དེས་མི་ཚེ་བདེ་སྐྱིད་དང་ལྡན་པ་ཞིག་བསྐྲུན་ཐུབ་རྒྱུ་ནི་ཐེ་འཚོམ་གྱི་གཞི་ལས་མ་འདས་སྟབས། མ་འོངས་པར་ནང་བསམ་བློ་ཡར་རྒྱས་ཀྱི་སྟེང་ནས་ཤེས་ཡོན་གྱི་ལམ་ལུགས་བསྐྲུན་དགོས་པ་ནི་མེད་དུ་མི་རུང་བའི་གལ་གནད་ཆགས་ཡོད་པ་མ་ཟད་འཛམ་བུ་གླིང་ནང་ནང་བསམ་བློ་ཡར་རྒྱས་ཀྱི་ཤེས་ཡོན་ལམ་ལུགས་དེ་མ་དར་བའི་གོང་དུ་རྒྱ་གར་ནང་དར་ཟིན་ཡོད་པས་ང་ཚོས་བདག་གཉེར་བྱ་རྒྱུ་དེ་གལ་ཆེན་པོ་ཡིན་པ་བཀའ་ནན་མཛད་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་ཀྱི་དད་ལྡན་མང་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ས་གནས་སུ་འདི་ལོའི་ཟླ་ ༧ ཚེས་ ༣ ནས་ཟླ་བ་གཅིག་ལྷག་ཙམ་རིང་ལ་དྭགས་གླེ་དང་ཟངས་དཀར། ནུབ་ར། ཀར་གྷིལ། དེ་བཞིན་བོད་ཕྲུག་ཁྱིམ་སྡེ་བཅས་སུ་ཆིབས་བསྒྱུར་གྱིས་མང་ཚོགས་ལ་བཀའ་ཆོས་སོགས་ཀྱི་མཛད་འཕྲིན་དུ་མ་བསྐྱངས་གནང་མཛད་ཡོད་པ་རེད། ༸སྐུ་དཔར་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

ནད་པ་ཚོར་བརྩེ་བ་དང་གད་མོ་དགོད་ནས་ཕན་ཐོགས་བྱེད་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ལྟའི་ཆར་རྒྱ་གར་བྱང་ཕྱོགས་ལ་དྭགས་ནང་དུ་བཞུགས་ཞག་གིས་མཛད་འཕྲིན་དུ་མ་སྐྱོང་བཞིན་ཡོད་པ་ལྟར། ཁ་སང་ཟླ་ ༨ ཚེས་ ༡ ཉིན་ཞི་བའི་ཚལ་༸རྒྱལ་བའི་ཕོ་བྲང་དུ་ལ་དྭགས་གླེ་བསོད་ནམས་ནོར་བུ་དྲན་རྟེན་སྨན་ཁང་ཆེན་མོའི་སྨན་ཞབས་པ་རྣམས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བཀའ་དྲིན་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་ནས་སྨན་ཞབས་པའི་ལས་ཀ་ནི་གཞན་ཕན་གྱི་བྱ་བ་ཞིག་ཡིན་པས་ཁྱེད་ཚོས་ངེས་པར་དུ་བསམ་པ་བཟང་པོའི་ཐོག་ནས་ནད་པར་ཕན་རོགས་བྱེད་དགོས་པ་མ་ཟད་ནད་པ་ཚོར་བརྩེ་བ་དང་གད་མོ་དགོད་ནས་ཕན་ཐོགས་བྱ་ཐུབ་ཚེ་ཕན་རླབས་ཆེན་པོ་ཡོད་པ་བཀའ་བསྩལ་འདུག ཚེ་འདིར་མི་ལུས་ཤིག་བླངས་ནས་གཞན་ཕན་བྱ་རྒྱུའི་གོ་སྐབས་བྱུང་ཡོད་པ་རེད། ཚེ་འདིར་བསོད་ནམས་བསགས་པ་དེས་ཚེ་རབས་ནས་ཚེ་རབས་ལ་གཞན་ཕན་སྒྲུབ་རྒྱུ་ཡོང་གི་རེད། དེས་ན་ངོས་ཀྱིས་ཁྱེད་ཅག་ལ་སྨོན་ལམ་བརྒྱབ་ཆོག་ཞེས་ཐུགས་བརྩེ་བ་ཆེན་པོས་བཀའ་བསྩལ་འདུག

༸གོང་ས་མཆོག་གིས་ལ་དྭགས་བསོད་ནམས་གླིང་གི་སེར་སྐྱ་མང་ཚོགས་དང་སློབ་ཕྲུག་ཚོར་བཀའ་སློབ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ལྟའི་ཆར་རྒྱ་གར་བྱང་ཕྱོགས་ལ་དྭགས་ནང་བཞུགས་ཞག་གིས་མཛད་འཕྲིན་དུ་མ་སྐྱོང་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༨ ཚེས་ ༡ ཉིན་སྔ་དྲོ་ཚོུད་ ༡༠༌༣༠ ཐོག་མགོན་པོ་༸གང་ཉིད་མཆོག་ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་དུས་འཁོར་མཆོད་རྟེན་གྱི་མདུན་དུ་ཆིབས་བསྒྱུར་གྱིས་ལ་དྭགས་བསོད་ནམས་གླིང་གི་སེར་སྐྱ་མང་ཚོགས་དང་སློབ་ཕྲུག་ཚོར་ཐུགས་བརྩེ་བ་ཆེན་པོས་བཀའ་སློབ་བཀྲིན་ཆེ་བ་བསྩལ་འདུག སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་བོད་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་འབྲེལ་དེ་སྔ་ ༡༩༧༤ ལོ་ནས་བཟུང་རང་བཙན་གྱི་ལངས་ཕྱོགས་དེ་དོར་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་བསྐྱོད་དང་སྐྱོད་མུས་ཡིན་པ་མ་ཟད། དེར་མཁས་དབང་མང་པོ་ཞིག་ནས་རྒྱབ་སྐྱོར་གནང་དང་གནང་བཞིན་ཡོད་པ་དང་ལྷག་པར་དུ་དེ་སྔ་རྒྱ་ནག་གཞུང་གིས་༸གོང་ས་མཆོག་ལ་ཁ་བྲལ་བ་ཞེས་འགྲེལ་བརྗོད་བྱས་ཡོད་ཀྱང་དུས་ཀྱི་འགྱུར་འགྲོས་དང་སྤྱི་ཚོགས་ཀྱི་འགྱུར་འགྲོས་ལ་བརྟེན་ནས་དེང་སྐབས་༸གང་ཉིད་མཆོག་ལ་ཁ་བྲལ་བ་ཞེས་འགྲེལ་བརྗོད་བྱེད་མཁན་ཉུང་དུ་ཕྱིན་ཡོད་པ་བཀའ་གནང་བ་དང་ཆབས་ཅིག་ཏུ་བོད་མིའི་དྲང་བདེན་གྱི་འཐབ་རྩོད་ཀྱི་ནུས་པ་དེ་མུ་མཐུད་ནས་གནས་ངེས་ཡིན་པ་བཅས་བཀའ་བསྩལ་འདུགམགོན་པོ་༸གང་ཉིད་མཆོག་གིས་དུས་རབས་ ༢༡ པའི་ནང་པ་སངས་རྒྱས་པའི་ཆོས་དེ་དག་ཚད་མའི་ལམ་ནས་འགྲེལ་བརྗོད་གནང་རྒྱུ་ཡོད་པ་ནི་བོད་གངས་ཅན་ལྗོངས་སུ་ཡོད་པའི་སངས་རྒྱས་པའི་ཆོས་ཁོ་ན་ལས་འཛམ་གླིང་ནང་ཡོད་པའི་ནང་པ་སུ་གང་ཞིག་ནས་དེ་ལྟར་གནང་མི་ཐུབ་ཚུལ་བཀའ་བསྩལ་ཡོད།འཛམ་གླིང་ནང་མི་དུང་ཕྱུར་ ༧༠ ཡོད་པའི་ནང་ནས་བོད་པ་ཉུང་ཤས་ཤིག་ལས་མེད་ཀྱང་སེམས་ཁམས་རིག་པ་དང་། ཚད་མ་རིག་པར་འགྲེལ་བརྗོད་བྱེད་དགོས་ཚེ་བོད་ཀྱི་སྐད་ཡིག་ལས་ལྷག་པའི་སྐད་ཡིག་གཞན་མེད་སྟབས། དེ་ནི་མེས་པོ་ཚོས་བྱས་རྗེས་དང་མི་རིགས་ཀྱི་གཟི་བརྗིད་ཞིག་ཡིན་པ་བཀའ་བསྩལ་མཛད་འདུགདེ་སྔ་མགོན་པོ་༸གང་ཉིད་མཆོག་ལ་དྭགས་ནང་༸ཞབས་སོར་བདེ་བར་འཁོད་སྐབས་རིག་འཚོ་མ་ཟིན་པའི་སློབ་ཕྲུག་རྣམས་བདག་གཉེར་ལེགས་པོ་དགོས་པར་ལམ་སྟོན་གནང་བ་ལྟར་ཕྱི་ལོ་ ༢༠༡༧ ནས་ལས་གཞི་ཆེད་མངགས་དབུ་འཛུགས་གནང་ཡོད་པ་དང་། ད་ཆ་ལས་གཞི་དེ་ལེགས་གྲུབ་བྱུང་བར་མགོན་པོ་༸གང་ཉིད་མཆོག་བོད་ཕྲུག་ཁྱིམ་སྡེར་ཆིབས་བསྒྱུར་དང་འབྲེལ་སློབ་ཕྲུག་དེ་དག་དང་། རྒས་འཁོགས་རྣམས་ལ་དམིགས་བསལ་མཇལ་ཁ་སོགས་བསྩལ་ཡོད་པ་རེད།རྩ་བའི་མགོན་པོ་༸གང་ཉིད་མཆོག་གིས་བོད་རིགས་རྐྱང་པར་བཀའ་སློབ་སྩལ་བའི་མཛད་རིམ་དེ་ནི་༸གང་ཉིད་མཆོག་༸སྐུ་སྒེར་གྱིས་མར་བཀའ་ཕེབས་པའི་མཛད་རིམ་ཞིག་ཆགས་ཡོད་པ་དང་། དེའི་ཐོག་ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་ངེས་སྟོན་པ་དང་ལ་སྤྱི་གཉིས་ནས་མགོན་པོ་༸གང་ཉིད་མཆོག་ལ་ལས་བསྡོམས་སྙན་སྒྲོན་ཞུས་ཡོད་པ་རེད། དེ་བཞིན་བོད་ཁྱིམ་སློབ་མ་ཚོས་རིགས་ལམ་རྟགས་དང་ལ་དྭགས་བསོད་ནམས་གླིང་གིས་རྐང་བྲོ་གླུ་གཞས་སོགས་སྤྱན་འབུལ་ཞུས་ཡོད་པ་རེད།༸སྐུ་དཔར་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

Latest news