Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་གིས་འཇིགས་བྱེད་ལྷ་བཅུ་གསུམ་པའི་དབང་གི་སྟ་གོན་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་ལྡན་རྒྱུད་གྲྭ་སྨད་སྟོད་གཉིས་དང་དོན་གཉེར་བ་ཁག་གཅིག་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། དེ་རིང་གནས་མཆོག་རྡོ་རྗེ་གདན་གྱི་དུས་དབང་ཆོས་རར་འཇིགས་བྱེད་ལྷ་བཅུ་གསུམ་པའི་དབང་གི་སྟ་གོན་བཀྲིན་བསྩལ་ཡོད་པ་རེད། བཀའ་དབང་དེའི་ཆེད་དུ་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་རིས་མེད་མཁན་བླ་སྤྲུལ་གསུམ་དང་དགེ་འདུན་པ་བཅས་མང་དག་ཞིག་འདུ་ཚོགས་བྱུང་ཡོད་པ་མ་ཟད། ད་དུང་རྒྱ་ནག་གིས་གཙོས་པའི་ཨེ་ཤ་ཡུལ་གྲུ་ཁག་གི་ནང་པ་དང་ནུབ་ཕྱོགས་ཁུལ་གྱི་ནང་ཆོས་ལ་དོན་གཉེར་ཅན་མང་པོ་ཞིག་ཆོས་ཞུར་བཅར་ཡོད་པ་ལྟར་༸གོང་ས་མཆོག་གིས་སྐབས་དེར་སྤྱིར་འཛམ་གླིང་གི་ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་དམ་ཟབ་དགོས་པ་དང་། ཁྱད་པར་དུ་བོད་ཀྱི་ནང་བསྟན་ཆོས་ལུགས་ཕན་ཚུན་དབར་ཐུགས་མཐུན་ཁྲིམས་གཙང་ཆེས་དགོས་གལ་ཡིན་སྐོར་སོགས་ཆོས་འབྲེལ་ལམ་སྟོན་བསྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ནས་དབུ་འཛུགས་མཛད་པའི་ཆོས་འབྲེལ་དེའི་ཆེད་དུ་བྱ་བའི་འདུལ་བྱ་གཙོ་བོ་ནི་དགེ་འདུན་པ་ཚོ་ཡིན་སྟབས། དེ་རིང་དགེ་འདུན་པ་དང་ཕྱི་རྒྱལ་མི་རིགས་གཙོ་བོ་ལས་མི་མང་སྐྱ་བོ་དེ་ཙམ་མང་པོ་མེད་པས་ཆོས་འབྲེལ་དེའི་ཐོག་ཁྱོན་ཆོས་ཞུ་བ་ཉིས་ཁྲི་ལྷག་ཙམ་ཡོད་པ་རེད་འདུག

འཛམ་གླིང་ཞི་བདེ་དང་༸རྒྱལ་དབང་༸སྐུ་ཕྲེང་རིམ་བྱོན་གྱི་བཀྲིན་རྗེས་དྲན་གྱི་མཆོད་འབུལ།

དེ་རིང་ཟླ་ ༡ ཚེས་ ༡༧ ཉིན་གནས་མཆོག་རྡོ་རྗེ་གདན་དུ་རྙིང་མའི་སྨོན་ལམ་སྐབས་ཉེར་དགུ་པ་དབུ་འཛུགས་དང་འབྲེལ་སྨོན་ལམ་གོ་སྒྲིག་ཚོགས་ཆུང་དང་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་དགའ་ལྡན་ཁྲི་རི་པོ་ཆེ་དང་ཁྲི་ཟུར། སྔ་འགྱུར་རྙིང་མའི་ཁྲི་འཛིན། དེ་བཞིན་མཁན་བླ་སྤྲུལ་དགེ་འདུན་དང་མི་མང་བཅས་ནས་གནས་མཆོག་རྡོ་རྗེ་གནད་གྱི་མཆོད་རྟེན་ར་བར་སྤྱིར་སངས་རྒྱས་ཀྱི་བསྟན་པ་རྒྱས་པ་དང་འགྲོ་བའི་བདེ་དོན། འཛམ་གླིང་ཞི་བདེ། དེ་བཞིན་༸རྒྱལ་དབང་༸སྐུ་ཕྲེང་རིམ་བྱོན་གྱི་བཀྲིན་རྗེས་དྲན་ཞུ་ཕྱིར་མཆོད་འབུལ་སྨོན་ལམ་རྒྱ་ཆེ་གནང་འདུག ད་དུང་གནས་ཁྱད་པར་ཅན་རྡོ་རྗེ་གདན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་ཆོས་བསྩལ་དང་སྩོལ་བཞིན་པ་དང་བསྟུན་དགའ་ལྡན་ཆོ་འཕྲུལ་སྨོན་ལམ་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་དེ་རིང་ཉིན་རྒྱབ་ཏུ་དུས་འཁོར་དབང་ཆེན་གྱི་ཆོས་རའི་ནང་༸རྒྱལ་བའི་སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་གནང་བཞིན་འདུག

སྤྱན་རས་གཟིགས་ཀྱི་བཀའ་དབང་དང་བརྟན་བཞུགས་བསྟར་འབུལ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སོག་པོའི་བླ་མའི་དགེ་རྒན་བསྟན་འཛིན་འཇམ་དཔལ་ཆོས་ཀྱི་བཤེས་གཉེན་རིན་པོ་ཆེ་མཆོག་དང་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། ཁ་སྔོན་ཕྱི་ཚེས་ ༡༤ ཉིན་ནས་དབུ་འཛུགས་མཛད་པའི་ཉིན་གྲངས་གསུམ་རིང་གི་ཆོས་འབྲེལ་ཁག་དེ་རིང་དངོས་སུ་ལེགས་གྲུབ་བྱུང་ཡོད་པ་རེད། ལྷག་དོན་ཉིན་མཐའ་མའི་ཆོས་འབྲེལ་དེའི་ཐོག་༸གོང་ས་མཆོག་གིས་དད་ལྡན་ཆོས་ཞུ་བ་ཁྲི་ཚོགས་བརྒལ་བ་དེ་དག་ལ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་བཀའ་དྲིན་སྩལ་བ་མ་ཟད་བཀའ་ཆོས་གསོལ་འདེབས་ཞུ་མཁན་གྱི་ངོས་ནས་མགོན་པོ་༸གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་གིས་ཨེ་ཤ་ཡའི་མི་རིགས་དེ་དག་གིས་སོ་སོའི་ཕ་མེས་ནས་ཡོད་པའི་ནང་པའི་ཆོས་དེ་མི་ཉམས་རྒྱུན་འཛིན་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད། ལྷག་དོན་མགོན་པོ་མཆོག་གིས་ནང་པ་སངས་རྒྱས་པའི་ཆོས་དེ་ལམ་དང་ལུགས་སྲོལ་གྱི་སྐད་ཆ་ཞིག་མ་ཡིན་པར་དེང་རབས་དང་ཆེས་མཐུན་པ་ཞིག་ཡིན་པར་ལམ་སྟོན་བཀྲིན་བསྩལ་བ་དང་ཆབས་ཅིག ད་རེས་གནས་མཆོག་ཁྱད་པར་ཅན་དང་དགེ་འདུན་འདུས་པ་རྒྱ་མཚོའི་དབུས་སུ་ཆོས་ཞུ་བ་ཚོས་སྡོམ་པ་བླངས་ཐུབ་པ་བཅས་ནི་ཁྱད་པར་ཤིན་ཏུ་ཆེན་པོ་ཡིན་སྐོར་སོགས་བཀའ་བསྩལ་འདུག

༸གོང་ས་མཆོག་གིས་ལག་ལེན་སོ་བདུན་མའི་གསུང་ཆོས་དང་སྤྱན་རས་གཟིགས་ཀྱི་བཀའ་དབང་གི་སྟ་གོན་བཅས་ཀྱི་ཆོས་འབྲེལ་བསྐྱངས་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཟླ་ ༡ ཚེས་ ༡༥ ཉིན་སྔ་དྲོ་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་གྱི་ཆོས་རར་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་བཀྲིན་བསྩལ་གནང་བ་མ་ཟད། སྤྱན་རས་གཟིགས་ཀྱི་བཀའ་དབང་གི་སྔོན་འགྲོ་སྟ་གོན་དང་། དགེ་བསྙེན་དང་བྱང་ཆུབ་སེམས་པའི་སྡོམ་པ་འབོག་ཆོག་བཅས་གནང་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐབས་དེར་གནས་ཁྱད་པར་དུ་འདུས་པའི་ཆོས་ཞུ་བ་རྣམས་ལ་ཆོས་ཁས་ལེན་བྱེད་མིན་ལ་ལྟོས་མེད་རྒྱུན་དུ་སེམས་པ་བཟང་པོ་བྱེད་དགོས་གལ་ཡིན་པ་དང་། སེམས་བཟང་པོ་བྱ་ཚེ་མི་གཞན་ནས་སོ་སོར་ཡིད་ཆེས་ཐུབ་པ་མ་ཟད། གཞན་གྱི་དགའ་མོས་ཡང་བྱེད་ངེས་ཡིན་པ་སོགས་ལམ་སྟོན་བཀའ་སློབ་བསྩལ་འདུག ལྷག་དོན་རང་དོན་ཁོ་ན་དོན་དུ་གཉེར་མཁན་དེ་ལ་མི་གཞན་ནས་ཡིད་ཆེས་བྱེད་དཀའ་བ་དང་དོན་དམ་པའི་གུས་ཞབས་ཐོབ་དཀའ་བ་ཡིན་པ་སོགས་ལམ་སྟོན་དང་སྦྲགས་ཏེ་བཀའ་ཆོས་བསྩལ་ཡོད་པ་རེད། དེ་རིང་མགོན་པོ་༸གང་ཉིད་མཆོག་ནས་ལག་ལེན་སོ་བདུན་མའི་བཀའ་ཆོས་ལེགས་པར་གྲུབ་བསྟུན་སང་ཚེས་ ༡༦ ཉིན་དད་ལྡན་ཆོས་ཞུ་བ་རྣམས་ལ་སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ་རྒྱུ་ཡིན་པ་དང་། ཐེངས་འདིའི་ཆོས་འབྲེལ་གསོལ་འདེབས་ཞུ་མཁན་སོག་པོའི་བླ་མའི་དགེ་རྒན་བསྟན་འཛིན་འཇམ་དཔལ་ཆོས་ཀྱི་བཤེས་གཉེན་རིན་པོ་ཆེ་མཆོག་དང་རྣམ་རྒྱལ་གྲྭ་ཚང་གཉིས་ནས་༸གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཀྱི་མཛད་འཆར་ཡོད་པ་རེད།

༸གོང་ས་མཆོག་གིས་བྱང་ཆུབ་སེམས་འགྲེལ་དང་ལག་ལེན་སོ་བདུན་མའི་བཀའ་ཆོས་དབུ་འཛུགས་གནང་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་དང་ཆེན་པོ་ཧོར་གྱི་སོག་པོའི་དད་ལྡན་རྣམས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། དེ་རིང་སྔ་དྲོ་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་གྱི་ཆོས་རའི་ནང་ཉིན་གྲངས་གསུམ་རིང་བཀྲིན་བསྩལ་རྒྱུའི་ཆོས་འབྲེལ་དབུ་འཛུགས་གནང་ཡོད་པ་རེད། གཞི་རྩའི་ཉིན་གྲངས་གསུམ་རིང་གི་ཆོས་འབྲེལ་འདིའི་སྐབས་མགོན་པོ་༸གང་ཉིད་མཆོག་ནས་བྱང་ཆུབ་སེམས་འགྲེལ་དང་རྒྱལ་སྲས་ལག་ལེན་སོ་བདུན་མའི་ཆོས་འབྲེལ་བསྩལ་རྒྱུ་ཡིན་ནའང་། ཆོས་འབྲེལ་དངོས་གཞི་དབུ་འཛུགས་མ་གནང་གོང་མགོན་པོ་མཆོག་ནས་ཆེད་དུ་བྱ་བའི་གདུལ་བྱ་གཙོ་བོ་སོག་རིགས་ཁག་ཆགས་ཡོད་ཀྱང་། དེར་འདུས་པའི་སེར་སྐྱ་ཀུན་ནས་སངས་རྒྱས་པའི་ཆོས་ཉན་བཤད་བྱེད་སྐབས་ཀུན་སློང་རྣམ་པར་དག་པ་ཞིག་བྱེད་དགོས་པ་ནི་ནང་ཆོས་ཀྱི་སྙིང་པོ་ཡིན་པར་ངོ་སྤྲོད་དང་། ལྷག་པར་ཆོས་ཉན་མཁན་སློབ་མ་ཚོའི་ངོས་ནས་ཆོས་ལ་རྒྱབ་མདུན་ངོ་ལྐོག་མེད་པ་ཞིག་བྱེད་དགོས་ཀྱང་དེ་མཚུངས་སུ་ཆོས་ལ་དགག་པ་བྱེད་མཁན་ཡོད་ཀྱང་དེར་དགའ་བསུ་ཞུ་རྒྱུ་ཡིན་པ་སོགས་བཀའ་བསྩལ་ཡོད། ཐེངས་འདིའི་ཆོས་འབྲེལ་ཆེད་དུ་སོག་ཡུལ་ཁུལ་ནས་དད་ལྡན་ཆོས་ཞུ་བ་མི་གྲངས་དྲུག་བརྒྱ་ལྷག་ཙམ་ཞིག་ཆེད་བཅར་གནང་ཡོད་པ་མ་ཟད། བོད་ནས་གསར་དུ་ཕེབས་མཁན་གྱི་གྲངས་འབོར་དེ་ད་ཆ་སུམ་སྟོང་ལ་ཉེ་བ་ཆགས་ཡོད་པ་དང་། ལྷག་པར་རྒྱ་རིགས་གཙོས་པའི་ཨེ་ཤ་ཡའི་ཁུལ་གྱི་ནང་པ་དང་ནུབ་ཕྱོགས་ཡུལ་གྲུ་ཁག་ནས་ཕེབས་པ་ཆོས་ཞུ་བ་ཁྱོན་བཞི་ཁྲི་ལྷག་ཙམ་འདུག དེ་བཞིན་༸གོང་ས་མཆོག་གིས་ཆེད་དུ་བྱ་བའི་གདུལ་བྱ་གཙོ་བོ་སོག་རིག་རྣམས་ཀྱིས་གཙོས་པའི་ལ་དྭགས། ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མི་མང་ཚོར་དམིགས་བསལ་བཀའ་སློབ་བསྩལ་ཡོད་པ་རེད། མཛད་འཆར་ལྟར་དེ་རིང་མགོན་པོ་༸གང་ཉིད་མཆོག་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་ཆོས་འབྲེལ་ཆ་ཚང་ལེགས་གྲུབ་བཀྲིན་སྩལ་གྱི་ཡོད་པ་དང་། སང་ཉིན་མགོན་པོ་༸གང་ཉིད་ནས་ཐོག་མར་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་ཆོས་འབྲེལ་བཀྲིན་བསྩལ་རྒྱུ་དང་། དེ་རྗེས་ཡོངས་རྫོགས་དགེ་བསྙེན་སྒྲུབ་རྒྱུ་དང་སྤྱན་རས་གཟིགས་ཀྱི་བཀའ་དབང་གི་སྟ་གོན་བཅས་གནང་རྒྱུ་རེད་འདུག

༸གོང་ས་མཆོག་པུ་ནེ་ནང་གི་མཛད་འཕྲིན་ལེགས་གྲུབ་ཀྱིས་རྡོ་རྗེ་གདན་དུ་༸ཞབས་སོར་བདེ་བར་འཁོད་སོང་།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཁ་ཉིན་ཚེས་ ༩ ཉིན་གནས་མཆོག་རྡོ་རྗེ་གདན་ནས་ Maharastra མངའ་སྡེའི་གྲོང་ཁྱེར་ Pune ཁུལ་དུ་ཆེབས་སྒྱུར་བསྐྱངས་གནང་ཡོད་པ་ལྟར། ཁ་སང་མགོན་པོ་༸གང་ཉིད་མཆོག་ཁུལ་དེའི་ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱི་ཉིན་རྒྱབ་ཆུ་ཚོད་ ༥ ཙམ་ལ་སླར་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་སྒྱུར་བསྐྱངས་ཡོད་པ་རེད། རྩ་བའི་ཁ་སང་སྔ་ཐོག་༸གང་ཉིད་མཆོག་ནས་ Pune གྲོང་ཁྱེར་གྱི་ MIT WPU གཙུག་ལག་སློབ་གྲྭར་ཚོགས་པའི་རྒྱ་གར་རྒྱལ་ཡོངས་དགེ་རྒན་ལྷན་ཚོགས་ཐེངས་གཉིས་པའི་ཚོགས་མགོན་དུ་ཆིབས་སྒྱུར་མཛད་དེ་སློབ་དཔོན་དང་དགེ་རྒན་རྣམ་པ་ཚོས་རང་གི་གནའ་བོའི་རིག་གཞུང་ཕྱུག་པོ་དེ་བསྐྱར་གསོ་བྱས་ནས་དེང་གི་སྤྱི་ཚོགས་ནང་དུ་གོང་འཕེལ་གཏང་གལ་ཡིན་པའི་ལམ་སྟོན་བསྩལ་ཡོད་པ་དང་། དེ་བཞིན་༸གོང་ས་མཆོག་ནས་དགེ་རྒན་ལྷན་ཚོགས་སུ་ཆིབས་སྒྱུར་མཛད་གོང་སྔ་ན་ཁུལ་དེའི་ས་གནས་བོད་ཕྲུག་དང་སུད་ཚོང་བ་སོགས་བོད་རིགས་བརྒྱ་སྐོར་ཞིག་ལ་བཀའ་སློབ་བཀྲིན་བསྩལ་ཡོད་པ་རེད། མཛད་འཆར་ལྟར་ན་ཕྱི་ཚེས་ ༡༤ ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་གནས་མཆོག་རྡོ་རྗེ་གདན་དུ་ཉིན་གྲངས་གསུམ་རིང་རྒྱལ་སྲས་ལག་ལེན་སོ་བདུན་མ་དང་། བྱང་ཆུབ་སེམས་འགྲེལ། སྤྱན་རས་གཟིགས་ཀྱི་བཀའ་དབང་སོགས་བསྩལ་རྒྱུ་དང་། ཕྱི་ཚེས་ ༡༨ ནས་སླར་ཡང་འཇིགས་བྱེད་ལྷ་བཅུ་གསུམ་དང་བདེ་མཆོག་བཅས་ཀྱི་བཀའ་དབང་བཀྲིན་བསྩལ་རྒྱུའི་མཛད་འཆར་འདུག  

རྒྱ་གར་དགེ་རྒན་ཚོས་རང་གི་གནའ་བོའི་ཤེས་ཡོན་གོང་འཕེལ་གཏང་རྒྱུར་དགོངས་པ་བཞེས་དགོས་པའི་ལམ་སྟོན་མཛད་སོང་།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་ National Teachers Congress རྒྱ་གར་རྒྱལ་ཡོངས་དགེ་རྒན་ལྷན་ཚོགས་ཐེངས་གཉིས་པའི་ཐོག་ཕེབས་པའི་དགེ་རྒན་ཆིག་སྟོང་ཡས་མས་སྐོར་ཞིག་ལ། དེང་དུས་ཀྱི་རྒྱ་གར་སྤྱི་ཚོགས་འདིའི་ནང་རང་གི་གནའ་བོའི་ཤེས་ཡོན་ཕྱུག་པོ་དེ་གོང་འཕེལ་གཏང་རྒྱུར་དགོངས་པ་བཞེས་དགོས་པའི་ལམ་སྟོན་བསྩལ་སོང་། ཚོགས་ཆེན་དེ་ནི་དེ་རིང་སྔ་ཐོག་རྒྱ་གར་Maharashtra མངའ་སྡེའི་གྲོང་ཁྱེར་Pune ནང་དུ་རྟེན་གཞི་བྱས་པའི་MIT WPU གཙུག་ལག་སློབ་གཉེར་ཁང་དུ་དབུ་འཛུགས་གནང་ཡོད་པ་དང་། དབུ་འབྱེད་མཛད་སྒའི་སྐུ་མགྲོན་གཙོ་བོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། དེ་བཞིན་ Pune གྲོང་ཁྱེར་སྤྱི་ཁྱབ་ལྕམ་ Mukta Tilak ལགས་དང་ལྷན་ཚོགས་དེ་ཐོག་མར་གསར་འཛུགས་གནང་མཁན་གྲས་སུ་ཡོད་པ་རྒྱ་གར་གྱི་ཚན་རིག་པ་གྲགས་ཅན་སྐུ་ཞབས་Dr Anil Kakodkar མཆོག་སོགས་གདན་ཞུ་ཕུལ་འདུག ལྷག་པར་དུ་ཐེངས་འདིའི་ཚོགས་ཆེན་ཐོག་ལ་རྒྱ་གར་རྒྱལ་ཡོངས་དང་རྒྱལ་སྤྱི་ཁྱོན་ནས་མཐོ་སློབ་དང་གཙུག་ལག་སློབ་གཉེར་ཁང་ཁག་ཅིག་གི་རྒྱ་གར་དགེ་རྒན་ཆིག་སྟོང་སྐོར་ཕེབས་འདུག National Teachers Congress ཞེས་པའི་ལྷན་ཚོགས་འདིའི་དགོས་དམིགས་གཙོ་བོ་ནི་ཤེས་ཡོན་ལྡན་པའི་མ་འོངས་འགོ་ཁྲིད་གསོ་སྐྱོང་གནང་མཁན་དགེ་རྒན་ཚོའི་ཤེས་ཡོན་དང་ནུས་པ་ཇེ་མཐོར་གཏང་རྒྱུ་རེད་འདུག དྲ་རྒྱའི་ཐོག་མཛད་སྒོ་ཐད་སྲིང་གནང་ཡོད་པ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་རྒྱ་གར་བ་དགེ་རྒན་རྣམས་ལ་དེང་སང་འཛམ་གླིང་འདིའི་ནང་དུ་སེམས་འཚོར་དང་བདེ་སྐྱིད་དང་འབྲེལ་བའི་ཐོག་ལ་དཀའ་ངལ་འཕྲལ་ཇེ་སྙེད་ཅིག་འཕྲད་བཞིན་པའི་ཐོག་ལ་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཕྱུག་པོ་དེས་ཞབས་འདེགས་རླབས་ཆེན་བསྒྲུབ་ཐུབ་ཡག་ཡོད་པ་དེ་ལྟར་ཡང་། ལོ་ངོ་སྟོང་ཕྲག་རིང་གི་དཔལ་ཎ་ལེནྜའི་ཤེས་ཡོན་ལྟེ་གནས་ནས་འབྱུང་བའི་ནང་སེམས་དང་སེམས་འཚོར་གྱི་རྣམ་གཞག་སོགས་དང་འབྲེལ་བའི་ཤེས་ཡོན་ཕྱུག་པོ་དེ་ལ། དེང་སང་གི་ཚན་རིག་པ་དང་ཤེས་ཡོན་ཅན་ཚོས་གདེང་འཇོག་ཆེན་པོ་ཡོད་པ་མ་ཟད། དོན་དངོས་དེང་སང་གི་དུས་ཚོུད་འདིར་ལེགས་བཤད་རིག་གཞུང་དེ་ཧ་ཅང་གི་འབྲེལ་བ་ཆེན་པོ་ཡོད་པ་བཀའ་གནང་སོང་། ཁྱད་པར་དུ་༸གང་ཉིད་མཆོག་གིས་དགེ་རྒན་རྣམས་ལ་དེང་གི་ཤེས་ཡོན་ལམ་ལུགས་ནང་དུ་ཕྱི་དངོས་པོ་ཡར་རྒྱས་དང་དཔལ་འབྱོར། དེ་བཞིན་མིང་དང་དབང་ཆ་སོགས་ལས་ནང་སེམས་ཀྱི་བཟང་སྤྱོད་ཀྱི་རིན་ཐང་སྐོར་ལ་དོ་གལ་དེ་ཙམ་མ་མེད་པའི་རྐྱེན། འཛམ་གླིང་འདིའི་སྟེང་ལྐོག་ཟ་རུལ་སུང་དང་དྲང་བདེན་མེད་པའི་དཀའ་ངལ་ཇེ་སྙེད་ཅིག་འཕྲད་མུས་ཡིན་ཞིང་། ང་ཚོས་དཀའ་ངལ་དེ་དག་སེལ་བར་གཙོ་བོ་སློབ་གྲྭའི་ནང་དུ་བཟང་སྤྱོད་ཀྱི་རིན་ཐང་ཤེས་ཡོན་ལམ་ནས་ཡོང་དགོས་པ་དང། ད་དུང་དེ་རིང་སང་སེམས་འཚོར་གྱི་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་པ་དེའི་ཐབས་ལམ་གཙོ་བོ་ནི་རྒྱ་གར་གྱི་གནའ་བོའི་རིག་གཞུང་ནང་ཡོད་སྟབས། རྒྱ་གར་དགེ་རྒན་ཚོས་རང་གི་གནའ་བོའི་རིག་གཞུང་དེ་བསྐྱར་གསོ་བྱེད་ནས་ཐོག་མར་མི་གཅིག་དང་དེ་ནས་བཅུ དེ་ནས་བརྒྱ་དང་སྟོང་བཅས་རིམ་པ་བྱེད་ནས་སྤྱི་ཚོགས་ནང་དུ་གོང་འཕེལ་གཏང་གལ་ཡིན་པའི་ལམ་སྟོན་བཀྲིན་བསྩལ་ཡོད་པ་རེེད། གཞན་ཡང་༸གོང་ས་མཆོག་གིས་རྒྱ་གར་གྱི་མིག་དཔེ་འོས་པའི་ཆོས་ལུགས་མཐུན་སྒྲིལ་དང་འཚེ་བ་མེད་པའི་ལྟ་གྲུབ་ལ་ཆེ་བསྟོད་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་ནས་ཀྱང་འཛམ་གླིང་ཆོས་ལུགས་མཐུན་སྒྲིལ་ཐོག་ལ་ཐུགས་བསྐྱེད་མཛད་འཁུར་བཞེས་བཞིན་པ་དང་དེ་བཞིན་འཛམ་གླིང་ཞི་བདེ་དང་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་བྱམས་བརྩེ་གཞི་རྩར་གྱུར་བའི་མིའི་གཅིག་གྱུར་གྱི་འདུ་ཤེས་དགོས་གལ་གྱི་རིན་ཐང་གོང་འཕེལ་གནང་བཞིན་པ་སོགས་ལམ་སྟོན་བཀའ་སློབ་རྒྱ་ཆེ་བསྩལ་ཡོད་པ་རེད། National Teachers Congress ཞེས་པའི་ལྷན་ཚོགས་འདི་ནི་རྒྱ་གར་རྒྱལ་ཡོངས་རང་བཞིན་པའི་མཐོ་རིམ་ཤེས་ཡོན་ལྟེ་གནས་ཁང་གི་སློབ་དཔོན་དང་དགེ་རྒན་མང་ཤོས་འདུས་པའི་ལྷན་ཚོགས་ཆེ་གྲས་གཅིག་ཆགས་ཀྱི་འདུག་པ་དང་། ལོ་སྔོན་མ་ཚོགས་ཆེན་ཐེངས་དང་པོའི་ཐོག་དགེ་རྒན་༥༠༠༠ཙམ་ཕེབས་འདུག ཉིན་གསུམ་རིང་ཚོགས་རྒྱུའི་ལས་རིམ་འདིའི་ཐོག་ལ་རྒྱ་གར་དབུས་གཞུང་གི་མིའི་ནུས་ཤུགས་ཡར་རྒྱས་ལྷན་ཁང་གི་བློན་ཆེན་སྐུ་ཞབས་ Dr Satya Pal Singh མཆོག་དང་ Maharashtra མངའ་སྡེའི་ཤེས་ཡོན་སོགས་ཀྱི་བློན་ཆེན་སྐུ་ཞབས་ Vinod Tawde མཆོག་སོགས་ཆེས་མཐོའི་དཔོན་རིགས་ཁག་ཅིག་དང་གཙུག་ལག་སློབ་གཉེར་ཁང་ཁག་ཅིག་གི་ཉེ་བའི་རིགས་བདག་དང་སློབ་དཔོན་སོགས་ཆེད་ལས་ཤེས་ཡོན་མི་མང་དག་ནས་ཤེས་ཡོན་གོང་འཕེལ་ཐོག་ལ་གཏན་བཤད་ཀྱི་ལས་རིམ་མང་དག་ཅིག་འདུག    

༸གོང་ས་མཆོག་གནས་མཆོག་རྡོ་རྗེ་གདན་ནས་ Pune གྲོང་ཁྱེར་དུ་ཆིབས་སྒྱུར་བསྐྱངས་འདུག

བོད་མའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེ་རིང་སྔ་དྲོ་ཆུ་ཚོད་ ༡༠ དང་ཕྱེད་ཀའི་ཐོག་གནས་མཆོག་རྡོ་རྗེ་གདན་ནས་རྒྱ་གར་གྱི་ Maharastra མངའ་སྡེའི་ Pune གྲོང་ཁྱེར་ཁུལ་དུ་ཆིབས་སྒྱུར་བསྐྱངས་འདུག མཛད་འཆར་ལྟར་ན་སང་ཉིན་ཚེས་ ༡༠ ཉིན་མགོན་པོ་༸གང་ཉིད་མཆོག་གིས་ Pune ནང་དུ་རྟེན་གཞི་བྱས་པའི་ MIT World Peace University གཙུག་ལག་གྲྭ་ཆེན་མོར་ཚོགས་རྒྱུའི་ National Teachers’ congress འམ་རྒྱལ་ཡོངས་རང་བཞིན་ལྡན་པའི་རྒྱ་གར་བ་དགེ་རྒན་ཚོགས་ཆེན་གཉིས་པའི་ཚོགས་མགོན་དུ་ཆིབས་སྒྱུར་དང་བླང་དོར་བཀའ་སློབ་བཀྲིན་བསྩལ་རྒྱུ་རེད་འདུག ཚོགས་ཆེན་དེ་ནི་རྒྱ་གར་བ་དགེ་རྒན་རྣམ་པའི་ཚོགས་ཆེན་ཆེ་ཤོས་ཤིག་ཆགས་ཀྱི་འདུག ཐེངས་འདིའི་ཚོགས་ཆེན་ཐོག་༸གོང་ས་མཆོག་གིས་དབུས་པའི་གཞན་ཡང་རྒྱ་གར་དབུས་གཞུང་གི་མིའི་ནུས་ཤུགས་ཡར་རྒྱས་ལྷན་ཁང་གི་བློན་ཆེན་སྐུ་ཞབས་ Dr Satya Pal Singh མཆོག་དང་ Maharashtra མངའ་སྡེའི་ཤེས་ཡོན་སོགས་ཀྱི་བློན་ཆེན་སྐུ་ཞབས་Vinod Tawde མཆོག་སོགས་ཆེས་མཐོའི་དཔོན་རིགས་མང་དག་གདན་ཞུ་ཕུལ་འདུག ཤེས་རྟོགས་བྱུང་བར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སང་ཉིན་ཁུལ་དེའི་ནང་གི་མཛད་འཕྲིན་གྲུབ་བསྟུན་ཕྱི་དྲོ་ཚུར་རྡོ་རྗེ་གདན་དུ་ཆིབས་སྒྱུར་བསྐྱངས་གནང་གི་འདུག་པ་དང་། དེ་ནས་ཕྱི་ཚེས་ ༡༤ ནས་སླར་ཡང་མཛད་ཆར་སྔོན་སྒྲིག་ལྟར་གནས་མཆོག་རྡོ་རྗེ་གདན་དུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་རྒྱལ་སྲས་ཐོག་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་ཀྱི་དབུས་པའི་བཀའ་དབང་དང་དེ་བཞིན་མགོན་པོ༸་གང་ཉིད་མཆོག་ལ་བརྟན་བཞུགས་གསོལ་འདེགས་སོགས་ཀྱི་མཛད་འཆར་ཁག་ཅིག་འདུག

༸གོང་ས་མཆོག་དང་བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ནས་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་ཕྱག་དེབ་གསར་པ་ཞིག་དབུ་འབྱེད་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཆོས་འབྲེལ་མཛད་འཕྲིན་བཀྲིན་བསྐྱངས་བཞིན་པའི་ཁྲོད་ཁ་སང་༸གང་ཉིད་མཆོག་དང་བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Nitish Kumar མཆོག་ནས་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཞེས་པའི་དཔེ་དེབ་ཨིན་དབྱིན་ཡིག་ཐོག་ཕབ་བསྒྱུར་གྲུབ་པ་ཞིག་དབུ་འབྱེད་བཀྲིན་མཛད་འདུག དེབ་དེ་ནི་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་དང་བཀའ་སློབ་ལམ་སྟོན་འོག་དགེ་བཤེས་ཁག་གཅིག་གིས་ལོ་མང་སྐུ་ངལ་སྐྱོན་གནང་པ་ཞིག་རེད་འདུག་པ་དེ་ཡང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་འཕགས་པའི་ཡུལ་གྱི་ནང་པའི་གཞུང་རྣམས་ཀྱི་བརྗོད་བྱ་ལ། གཞི་དངོས་པོའི་རྣམ་གཞག་གམ་ཚན་རིག་དང་། ལྟ་གྲུབ། ཆོས་ཀྱི་ལག་ལེན་བཅས་རིམ་པ་གསུམ་དུ་དབྱེ་རུང་བ་དང་། དེའི་ཐོག་ནས་ནང་པའི་ཚན་རིག་དང་ལྟ་གྲུབ་གཉིས་ནང་པ་ཙམ་གྱིས་མ་ཟད་འཛམ་གླིང་ཀུན་ལ་ཕན་ཐོགས་བསྒྲུབ་ཐུབ་པའི་ནུས་པ་ལྡན་ཡོད་པ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་ལྟར། མཛད་སྒོ་དེའི་ཐོག་༸སྐུའི་དབྱིན་སྐད་གསུང་སྒྱུར་བ་དགེ་བཤེས་གླང་རི་བ་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་ཆོས་ཞུ་བ་ཁྲི་ཚོ་འགའ་ཤས་ཡོད་པ་རྣམས་ལ་དཔེ་དེབ་དེ་ནི་ནང་པ་སངས་རྒྱས་པའི་བསྟན་པ་འཇིག་རྟེན་འདིར་དར་ནས་ལོ་ཉིས་སྟོང་ལྔ་བརྒྱ་ལྷག་སོང་བའི་ལོ་རྒྱུས་ནང་གསར་གཏོད་ཀྱི་མཛད་རྗེསཤིན་ཏུ་ཆེན་པོ་ཞིག་ཏུ་གསུངས་འདུག གཞི་རྩའི་ཁ་ས་དབུ་འབྱེད་མཛད་པའི་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་དེབ་དེར་པོད་གླེགས་བམ་བཞི་ཡོད་པ་དེའི་ནང་གཞི་རྐང་ཕྱི་གཟུགས་ཅན་དང་ནང་སེམས་ཀྱི་རྣམ་གཞག་གི་སྐོར་པོད་གཉིས་དང་། དེ་ནས་ལྟ་གྲུབ་རིག་པའི་སྐོར་ལ་པོད་གཉིས་བཅས་འདུག ད་ལྟའི་སྐབས་འདིར་ཚན་རིག་ཀུན་བཏུས་དབྱིན་སྒྱུར་ཞུས་པའི་པོད་དང་པོ་དེ་ཚར་འདུག            

Latest news