Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

ནང་པ་སངས་རྒྱས་པའི་ཆོས་སྲུང་སྐྱོབ་བྱ་རྒྱུ་ནི་ནང་ཆོས་ལ་སློབ་གཉེར་རྒྱག་རྒྱུ་དེ་རེད་ཅེས་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཟླ་ ༨ ཚེས་ ༡ ཉིན་སྔ་དྲོ་ ལ་དྭགས་དབུས་གཞུང་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་དུ་གོ་སྒྲིག་ཞུས་པའི་ནང་ཆོས་དང་ལ་དྭགས་ཀྱི་སྤྱི་ཚོགས་ཞེས་པའི་རྒྱ་གར་རྒྱལ་ཡོངས་ཀྱི་མཁས་པའི་བགྲོ་གླེང་ཐོག་དབུ་བཞུགས་མཛད་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་ནང་པ་སངས་རྒྱས་པའི་ཆོས་སྐྱོབ་བྱ་རྒྱུ་ནི་ནང་ཆོས་ལ་སློབ་གཉེར་རྒྱག་རྒྱུ་དེ་རེད་ཅེས་བཀའ་བསྩལ་སོང། ལ་དྭགས་དབུས་གཞུང་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་གི་མཚུངས་བསྡུར་ལྟ་གྲུབ་སྡེ་ཚན་དང་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་ཡོངས་ལྟ་གྲུབ་ཉམས་ཞིབ་སྡེ་ཚན་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། མགོན་པོ་༸གང་ཉིད་མཆོག་གིས་དེ་རིང་རྒྱ་གར་རྒྱལ་ཡོངས་ཀྱི་མཁས་པའི་བགྲོ་གླེང་དབུ་འབྱེད་མཛད་པ་དང་འབྲེལ་ཚོགས་བཅར་བ་ཚོར་ བཀའ་སློབ་བཀྲིན་བསྩལ་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་གིས་ད་ལྟའི་ཆར་ཧི་མཱ་ལ་ཡའི་རི་རྒྱུད་དུ་ཡོད་པའི་ནང་པ་སངས་རྒྱས་པའི་ཆོས་སྤྱི་དང་ལྷག་པར་དུ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ནི་བོད་མི་ཚོས་འདས་པའི་ལོ་ངོ་སྟོང་ཕྲག་རིང་ལ་སློབ་གཉེར་དང་བདག་གཅེས་གནང་པ་བཅས་ལ་བརྟེན་ནས་གནས་པ་ཞིག་ཡིན་པ་དང་། འོན་ཀྱང་ད་ཆ་དྲི་བ་ཆེ་ཤོས་ནི་དེ་ལྟ་བུའི་ཆོས་བརྒྱུད་འདི་སྲུང་སྐྱོབ་དང་རྒྱུན་སྐྱོང་གང་འདྲ་བྱེད་དགོས་མིན་ལ་ཐུག་ཡོད་རེད་ཅེས་བཀའ་བསྩལ་བ་དང་འབྲེལ། སྤྱིར་འཛམ་གླིང་ནང་རྒྱ་ནག་གཙོས་པའི་ཝེ་ཏི་ནམ་སོགས་ནང་པའི་རྒྱལ་ཁབ་ཁག་ཅིག་ནང་ནང་པའི་ལྷ་ཁང་སོགས་བཞེངས་སྐྲུན་བྱས་ཡོད་ཀྱང། ནང་ཆོས་ཐོག་ལ་བསླབ་པ་སློབ་གཉེར་དེ་ཙམ་འདང་ངེས་མེད་པ་རེད་ཅེས་དང་། ནང་པ་སངས་རྒྱས་པའི་ཆོས་དང་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་སྲུང་སྐྱོབ་བྱ་རྒྱུ་ནི་ནང་ཆོས་ལ་སློབ་གཉེར་རྒྱག་རྒྱུ་དེ་རེད་ཅེས་བཀའ་བསྩལ་སོང། དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་སྤྱིར་འཛམ་གླིང་ཐོག་ཡོད་པའི་ཆོས་ལུགས་ཚང་འགྲོ་བ་མི་སྤྱིའི་བདེ་དོན་ལ་ཕན་ཐོགས་རླབས་ཆེན་ཡོད་པར་ངོས་འཛིན་དང་གུས་བརྩི་ཞུ་བཞིན་ཡོད་པ་དང། ལྟ་གྲུབ་ཀྱི་ཆ་ནས་ནང་པའི་སངས་རྒྱས་པའི་ཆོས་འདི་ནི་གཞན་དང་མི་འདྲ་བར་སངས་རྒྱས་པའི་རྗེས་འབྲང་པ་ཚོའི་ངོས་ནས་སངས་རྒྱས་ཀྱི་བཀའ་ལ་རང་དབང་ཐོག་ནས་བརྟག་དཔྱད་དང་རིག་པའི་ཐོག་ནས་དགག་བཞག་སྤོང་གསུམ་ཞུ་རྒྱུ་ཡོད་པ་དེ་ནི་ཐོུང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་པ་བཀའ་བསྩལ་བ་དང་འབྲེལ། དེ་སྔ་ལ་དྭགས་པ་ཚོས་ནང་ཆོས་ཉམས་ལེན་དང་ནང་པ་སངས་རྒྱས་པའི་ཆོས་སྲུང་སྐྱོབ་བྱེད་བཞིན་པའི་གོམས་སྲོལ་ཡོད་པ་དེ་ནི་ཡང་དག་པ་ཞིག་མིན་པ་དང། ༸གང་ཉིད་མཆོག་གིས་ལ་དྭགས་པ་ཚོས་ནང་ཆོས་ལ་དད་པ་བྱེད་བཞིན་པ་དེར་ཡི་རང་བསྔགས་བརྗོད་གནང་ཡོད་པ་བཀའ་སྩལ་དང་ཆབས་ཅིག་ཏུ་དད་པ་དེ་གཙོ་བོ་རྨོངས་དད་ཞིག་ཆགས་ཡོད་སྟབས། ལ་དྭགས་པ་ཚོས་ནང་ཆོས་ལ་སློབ་གཉེར་རྒྱག་དགོས་པ་མ་ཟད། ནང་ཆོས་ཀྱི་ཐོུང་མ་ཡིན་པའི་ཁྱད་ཆོས་དེ་དག་ཤེས་པར་བྱེད་དགོས་ཞེས་ལམ་སྟོན་མཛད་ཡོད་པ་རེད། དེ་བཞིན་མགོན་པོ་མཆོག་གིས་ད་རེས་མཁས་པའི་བགྲོ་གླེང་ཐོག་ལྷན་ཞུགས་གནང་མཁན་རྒྱ་གར་གྱི་དགེ་རྒན་དང་མཁས་པ་ཁག་ཅིག་ཕེབས་ཡོད་པ་དང་བསྟུན། ༸གང་ཉིད་མཆོག་གིས་ཉེ་བའི་ཐུགས་བསྐྱེད་དམ་བཅའ་གསར་པ་ཞིག་ཡོད་པ་ནི་རྒྱ་གར་གྱི་སྤྱི་ཚོགས་ཐོག་རྒྱ་གར་གནའ་བོའི་རིག་གནས་བསྐྱར་གསོ་གནང་རྒྱུའི་ཐོག་ཐུགས་འགན་གཙོ་བཞེས་གནང་བཞིན་ཡོད་ཅེས་གསུངས་པ་དང་འབྲེལ། རྒྱ་གར་གནའ་བོའི་རིག་གནས་ལས་འཚེ་མེད་ཞི་བ་དང་སྙིང་རྗེ། དེ་བཞིན་ནང་ཆོས་ལས་སེམས་ཁམས་རིག་པའི་ལྟ་གྲུབ་སོགས་དེང་དུས་ཀྱི་འགྲོ་བ་མིའི་སྤྱི་ཚོགས་ཐོག་ཕན་རླབས་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། ལྷག་པར་དུ་འཛམ་གླིང་ཐོག་རྒྱལ་ཁབ་ ༢༠༠ ལྷག་ཡོད་པ་དེ་ད་ག་ནས་རྒྱ་གར་རྒྱལ་ཁབ་ཁོ་ནར་གནའ་བོའི་རིག་གཞུང་དང་དེང་གི་ཤེས་ཡོན་གཉིས་མཉམ་འབྲེལ་གྱིས་འཛམ་གླིང་ལ་ཞབས་འདེགས་ཞུ་ཐུབ་རྒྱུའི་ནུས་པ་ཡོད་ཅེས་བཀའ་བསྩལ་སོང། རྩ་བའི་ད་རེས་ལ་དྭགས་དབུས་གཞུང་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་དུ་གོ་སྒྲིག་ཞུས་པའི་ནང་ཆོས་དང་ལ་དྭགས་ཀྱི་སྤྱི་ཚོགས་ཞེས་པའི་རྒྱ་གར་རྒྱལ་ཡོངས་ཀྱི་མཁས་པའི་བགྲོ་གླེང་དེ་ཚེས་གསུམ་བར་ཚོགས་ཀྱི་ཡོད་པ་དང་། བགྲོ་གླེང་ཚོགས་འདུ་ཐོག་རྒྱ་གར་གྱི་ལྟ་གྲུབ་མཁས་དབང་ད་ང། ཉམས་ཞིབ་པ།  དེ་བཞིན་སློབ་མ་སོགས་ནས་མཉམ་ཞུགས་གནང་གི་འདུག མཛད་སྒོའི་ཐོག་མགོན་པ་མཆོག་གིས་ཉེ་ཆར་རྒྱ་གར་ལྟ་གྲུབ་མཁས་དབང་ཁག་གིས་ནང་ཆོས་དང་འབྲེལ་བའི་བརྩམས་ཆོས་དང་སྒྱུར་རྩོམ་དཔེ་དེབ་ཁག་ཅིག་དབུ་འབྱེད་ཀྱང་མཛད་ཡོད་པ་རེད། གཞན་ཡང་ལ་དྭགས་ནང་པ་ཚོགས་པས་ཞི་བའི་ཚལ་ཕོ་བྲང་དུ་༸གོང་ས་མཆོག་ལ་ཕེབས་ཐོན་གྱི་ཉིན་དགུང་གསོལ་ཚིགས་འདེགས་འབུལ་ཞུས་སོང་བ་དང། མཛད་སྟོན་དེའི་ཐོག་མགོན་པོ་༸གང་ཉིད་སྐུ་མགྲོན་གཙོ་བོར་དབུ་བཞུགས་ཐོག ལ་དྭགས་དགོན་སྡེ་ཁག་གི་མཁན་བླ་སྤྲུལ་དང། གཞུང་འབྲེལ་གནད་ཡོད་མི་སྣ། དེ་བཞིན་༸གང་ཉིད་མཆོག་གི་ཆིབས་སྒྱུར་ཐོག་ཕྱགས་ལས་གནང་མཁན་བཅས་མང་ཚོགས་ ༥༠༠ ལྷག་ཙམ་འདུ་འཛོམས་བྱུང་འདུག

ཇ་མུ་ཀཤྨིར་སྤྱི་ཁྱབ་བློན་མཆོག་ནས་༸གོང་ས་མཆོག་ལ་མཇལ་བཅར་ཞུས་པ།

དེ་རིང་ཕྱི་ཟླ་ ༧ ཚེས་ ༣༠ བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་གིས་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་དུ་ཉིན་མཐའ་མའི་ཆོས་འབྲེལ་ལེགས་གྲུབ་ཀྱི་མཛད་སྟོན་ཐོག་རྒྱ་གར་བྱང་ཕྱོགས་ཇ་མུ་ཀཤྨིའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལྕམ་སྐུ་ Mehbooba Mufti མཆོག་ཆེད་བཅར་གྱིས་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་ནས་ཇ་མུ་ཀཤྨིར་མངའ་སྡེའི་ས་གནས་གང་སར་ཆིབས་བསྒྱུར་ཡང་ཡང་མཛད་ནས་མངའ་ཁུལ་འདིའི་ནང་དུ་ཞི་བདེ་ལྷིང་འཇགས་ཡོང་རྒྱུར་ཐུགས་སྨོན་གནང་སྐྱོང་ཡོང་བར་གསོལ་འདེབས་དང་འབོད་སྐུལ་ཤུགས་དྲག་ཞུས་སོང་། མཛད་སྟོན་དེའི་ཐོག་སྤྱི་ཁྱབ་བློན་ཆེན་ལྕམ་སྐུ་མུཧྥ་ཏི་མཆོག་གིས་ཁོང་རང་ཉིད་ད་རེས་༸གོང་ས་མཆོག་དབུ་བཞུགས་ཀྱི་མཛད་སྟོན་ཐོག་ལྷན་བཅར་ཞུས་ཐུབ་པ་འདི་ནི་སྐལ་པ་བཟང་པོ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་པ་མ་ཟད། ཇ་མུ་ཀཤྨིར་མང་ཚོགས་སྤྱི་དང་ལྷག་པར་དུ་ལ་དྭགས་ནང་དུ་༸གོང་ས་མཆོག་ལོ་ལྟར་ཆིབས་སྒྱུར་མཛད་ནས་མང་ཚོགས་ལ་ཐུགས་བརྩེའི་བྱིན་རླབས་ཡང་ཡང་བསྩལ་བ་ནི་ལ་དྭགས་མང་ཚོགས་ཚོར་ཧ་ཅང་སྐལ་པ་བཟང་པོ་ཞིག་ཡིན་པ་གསུངས་པ་དང་ཆབས་ཅིག སླད་ཕྱིན་མགོན་པོ་༸གང་ཉིད་མཆོག་སྐུ་ཁམས་གསལ་ཐང་ཐོག་ལོ་ལྟར་མངའ་ཁུལ་འདིར་ཆིབས་སྒྱུར་མཛད་དེ་ས་གནས་ཀྱི་མང་ཚོགས་ལ་ཐུགས་བརྩེའི་བྱིན་རླབས་ཡང་ཡང་ཅི་ནས་ཀྱང་བསྩལ་གནང་ཡོང་བར་གསོལ་འདེབས་ཤུགས་དྲག་དང་བཅས་ཞུས་ཡོད་པ་རེད། དེ་བཞིན་ཁོང་གིས་༸གོང་ས་མཆོག་ནས་ཆིབས་སྒྱུར་མཛད་ཡུལ་ས་ཁུལ་ཁག་གི་མང་ཚོགས་ལ་ཞི་བདེའི་ཁོར་ཡུག་ཞིག་སྐྲུན་ཡོད་པ་དང་། ལྷག་དོན་མགོན་པོ་༸གང་ཉིད་མཆོག་ལ་དྭགས་སུ་འདས་པའི་ལོ་ངོ་དེ་དག་ནང་ཆིབས་སྒྱུར་གྱིས་ཐུགས་རྗེ་ཆེན་པོས་བཀའ་སློབ་ཟབ་མོ་བསྩལ་བ་བཅས་ལ་བརྟེན་ནས་ལ་དྭགས་མང་ཚོགས་ཀྱི་འཚོ་བའི་ནང་དུ་བཟང་ཕྱོགས་ཀྱི་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད་པར་ཡི་རངས་བསྔགས་བརྗོད་ཞུས་པ་མ་ཟད། ཁོང་གིས་སྣེ་ཁྲིད་པའི་གཞུང་འཛིན་གྱི་ངོས་ནས་ལ་དྭགས་འདི་མ་འོངས་པར་རྒྱ་གར་ནང་ཙམ་མིན་པར་འཛམ་གླིང་ཐོག་གི་ས་གནས་ཨང་དང་པོ་ཞིག་བཟོ་རྒྱུའི་འཆར་གཞི་ཡོད་པ་ལྟར་ལ་དྭགས་བརྒྱུད་ནས་ས་གནས་ཡུལ་མི་ཚོ་བོད་ནང་ཡོད་པའི་གངས་རིན་པོ་གནས་མཇལ་ཞུ་བར་འགྲོ་ཐུབ་རྒྱུར་རེ་བ་གནང་བཞིན་ཡོད་ཅེས་གསུངས་སོང་། སྤྱི་ཁྱབ་བློན་མཆོག་གིས་ད་དུང་ཡང་༸གོང་ས་མཆོག་གིས་ཁ་ཆེ་ཆོས་ལུགས་དེ་འཛམ་གླིང་ཐོག་ཡོད་པའི་ཆོས་ལུགས་ཆེ་ཁག་གཞན་ལྟར་སྤྱི་ཚོགས་ཁྲོད་ལ་བྱམས་བརྩེ་དང་ཞི་བདེ་སྤེལ་མཁན་གཅིག་མཚུངས་ཡིན་པ་མ་ཟད། ཁྱད་པར་དུ་འཛམ་གླིང་ཐོག་གི་མང་ཚོགས་ལ་ཁ་ཆེའི་ཆོས་ལུགས་འཛིན་མཁན་དང་། ཁ་ཆེ་དྲག་སྤྱོད་པ་ཞེས་པ་གཉིས་མཉམ་བསྲེས་བྱེད་རྒྱུ་མེད་པར་བཀའ་ནན་བསྩལ་བཅས་ལ་བརྟེན་ནས་ཁོང་རང་ཉིད་ལ་སེམས་སྐུལ་ཤུགས་ཆེ་ཐེབས་སོང་ཞེས་གསུངས་པ་དང་འབྲེལ། སླད་མར་༸གོང་ས་མ ཆོག་ནས་ཇ་མུ་ཀཤྨིར་མངའ་སྡེའི་ས་ཁུལ་གང་སར་ཆིབས་བསྒྱུར་ཡང་ཡང་གནང་སྐྱོང་ཡོང་བར་འབོད་སྐུལ་ཞུས་ཡོད་པ་རེད། མགོན་པོ་༸གང་ཉིད་མཆོག་གིས་ཇ་མུ་ཀཤྨིར་མངའ་སྡེ་འདིའི་ནང་ལོ་བཅུ་ཕྲག་ཁ་ཤས་རིང་དཀའ་ངལ་ཕྲན་བུ་འཕྲད་བཞིན་ཡོད་པ་དང་། དཀའ་ངལ་དེ་ནི་གཙོ་བོ་མིས་བཟོས་པ་ཞིག་ཡིན་པས་མི་རང་ཉིད་ནས་སེལ་དགོས་པ་དང་། དེ་ཡང་གཙོ་བོ་འགྲོ་བ་མི་ཕན་ཚུན་དབར་ལ་གཅིག་འགྱུར་གྱི་འདུ་ཤེས་འཛིན་ཐོག་གུ་ཡངས་ཀྱི་བསམ་བློ་གཏོང་ནས་སེལ་དགོས་པའི་ལན་སྟོན་མཛད་ཡོད་པ་རེད། མཐར་༸གོང་ས་མཆོག་གིས་༸གང་ཉིད་མཆོག་སྐུ་གཟུགས་གསལ་ཐང་བྱུང་ཚེ་ལོ་རྗེས་མ་སླར་ལ་དྭགས་སུ་ཆིབས་བསྒྱུར་མཛད་རྒྱུ་ཡིན་ཞེས་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་ཡོད་པ་རེད། གཞན་ཡང་མགོན་པོ་མཆོག་ལ་ལ་དྭགས་ཁུལ་དུ་ཆིབས་སྒྱུར་གསོལ་འདེབས་དང་གོ་སྒྲིག་ཞུ་མཁན་ལ་དྭགས་ནང་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་འཕྲིན་ལས་ལགས་ཀྱིས་སེམས་ཚོར་ཆེན་པོ་དང་སྦྲགས་ཏེ་༸གོང་ས་མཆོག་ལོ་ལྟར་ལ་དྭགས་སུ་ཆིབས་བསྒྱུར་བཀྲིན་བསྐྱངས་ནས་མང་ཚོགས་ལ་བཀའ་ཆོས་བཀྲིན་བསྐྱངས་པར་ཐུགས་རྗེ་བླ་མེད་དུ་ཆེ་ཆེ་ཞུས་པ་དང་ཆབས་ཅིག་ཏུ་༸གང་ཉིད་མཆོག་ནས་བཀའ་སློབ་ཕེབས་དོན་བཞིན་ང་ཚོའི་ངོས་ནས་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་རྒྱུར་འབད་བརྩོན་ཞུ་རྒྱུ་ཡིན་ཞེས་དམ་བཅའ་ཕུལ་སོང་། རྩ་བའི་སྔ་དྲོ་མགོན་པོ་༸གང་ཉིད་མཆོག་གིས་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་བརྒལ་བར་སྤྱོད་འཇུག་ཆེན་མོའི་ལེའུ་དྲུག་པ་བཟོད་པའི་ལེའུ་བར་བཀའ་ཁྲིད་དང་། མགོན་པོ་༸གང་ཉིད་མཆོག་གིས་སེར་སྐྱ་མང་ཚོགས་རྣམས་ལ་སྒྲོལ་དཀར་ཡེ་ཤེས་འཁོར་ལོའི་ཚེ་དབང་དང་། སྟོན་པའི་མཚན་སྔགས། མ་ཎི་ཡིག་དྲུག སྒྲོལ་མ། རྟ་འགྲིན་གཟུངས་སྔགས་བཅས་ཀྱི་ལྗགས་ལུང་བསྩལ་ནས་ཐེངས་འདིའི་ལ་དྭགས་ཁུལ་གྱི་ཆོས་འབྲེལ་ལེགས་གྲུབ་མཛད་ཡོད་པ་རེད། ལ་དྭགས་གླེ་གཙོ་བོར་འགྱུར་པའི་མདའ་ཧ་ནུ་དང་ཤམ། ཟངས་དཀར། ནུབ་ར། བྱང་ཐང་སོགས་ཀྱི་ས་ཁུལ་སོ་སོའི་མི་རིགས་ཀྱི་སྐུ་ཚབ་མི་སྣ་ཁག་ནས་རང་རེའི་ཡུལ་ལུང་ཐོན་ཛས་ཀྱི་ཕུད་མགོན་པོ་མཆོག་ཕུལ་བཞིན་བཀྲིས་པའི་གླུ་དབྱངས་དང་བཅས་ལ་དྭགས་མང་ཚོགས་ཀྱིས་མཆོད་ཛས་སྣ་ཚོགས་འདེགས་འབུལ་ཞུས་ཐོག་༸གོང་ས་མཆོག་སྐུ་ཚེ་མི་འཇིགས་རྡོ་རྗེའི་ཁམས་སུ་བརྟན་ཕྱིར་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།

༸གོང་ས་མཆོག་གིས་བླ་མ་མཚན་ཉིད་ཚང་བ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་བཀའ་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཚེས་ ༢༩ ཉིན་སྔ་དྲོ་ལ་དྭགས་ཞི་བའི་ཚལ་གསུང་ཆོས་ར་བར་ཕྱི་ནང་གི་ཆོས་ཞུ་བ་ཚོ ར་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་འཕྲོ་སྐྱོང་མཛད་པ་དང་འབྲེལ། བླ་མ་མཚན་ཉིད་ཚང་བ་ཞིག་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད་ཅེས་བཀའ་སྩལ་སོང། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་སྤྱོད་འཇུག་ཆེན་མོའི་ལེའུ་ལྔ་པ་ཤེས་བཞིན་བསྟན་པའི་སྐོར་བཀའ་འགྲེལ་སྩལ་བ་དང་སྦྲགས་ཏེ། ངོས་ནས་དུས་རྟགད་ཏུ་དགེ་བཙུན་ཚོར་རབ་བྱུང་ངུར་སྨྲིག་གི་ཆོས་གོས་གོན་རྒྱུ་དེ་ནི་རང་ཉིད་ཀྱི་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཡིན་པ་དྲན་གསོ་གཏོང་རྒྱུའི་ཆེད་ཡིན་པ་དང། གལ་ཏེ་ལུས་ལ་རབ་བྱུང་ངུར་སྨྲིག་གི་ཆོས་གོས་གོན་ནས་སེམས་ལ་འཇིག་རྟེན་ཕལ་པ་ལྟར་ཕྱིན་པ་ཡིན་ན། སྐྱག་རྫུན་བཤད་མཁན་ལྟ་བུ་ཆགས་པ་རེད། དེས་ན་རབ་ཏུ་བྱུང་ཟིན་རྗེས་རང་ཉིད་ཁྱིམ་ནས་ཁྱིམ་མེད་པར་རབ་བྱུང་བ་ཞིག་ཡིན་པའི་འདུ་ཤེས་འཛིན་ནས་དགེ་ཚུལ་སློང་གི་སྡོམ་པ་གང་ཡོད་ཚུལ་བཞིན་སྲུང་དགོས་གལ་ཡིན་པའི་ལམ་སྟོན་བཀའ་སློབ་བཀྲིན་ཆེ་བ་བསྩལ་ཡོད་པ་རེད། དེ་བཞིན་༸གོང་ས་མཆོག་གིས་བླ་མ་ཡང་དག་པ་གང་འདྲ་ཞིག་དགོས་མིན་སྐོར་ལམ་སྟོན་སྩལ་སྐབས་དེ་སྔ་བོད་གངས་ཅན་ལྗོངས་ལ་ལོ་ངོ་བརྒྱ་ཕྲག་རིང་སྤྲུལ་སྐུ་རེད་ཅེས་བླ་བྲང་ཡོད་པ་དང། བླ་བྲང་དེ་ཡང་རྫིག་པོ་ཡོད་བསྡན་པ་ལས་དོན་དངོས་ཐོག་དགོས་པའི་ལུང་རྟོགས་ཀྱི་ཡོན་ཏོན་མེད་པ་རེད། དེ་དག་ནི་སྤྲུལ་སྐུ་ཆགས་ཀྱང་བླ་མའི་མཚན་ཉིད་ཚང་གི་མེད་སྟབས། བླ་མ་མཚན་ཉིད་ཚང་བ་ཞིག་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད་ཅེས་བཀའ་ནན་བསྩལ་སོང། ༸གོང་ས་མཆོག་གིས་ད་དུང་ཡང་དད་ལྡན་ཆོས་ཞུ་བ་ཚོར་དེ་སྔ་རྒྱ་ནག་ནང་དུ་བོད་ནས་ཡོང་བའི་བླ་མའི་མིང་འཁྱེར་ནས་ནང་པའི་དད་ལྡན་ཚོར་མགོ་སྐོར་བཏང་བའི་གནས་ཚུལ་བྱུང་བ་ལུང་འདྲེན་དང་འབྲེལ། ནང་པའི་དད་ལྡན་ཚོའི་ངོས་ནས་བླ་མའི་དྲུང་ནས་ཆོས་མ་ཞུ་བའི་སྔ་རོལ་དུ་རྨོངས་དད་ཙམ་མིན་པར་བླ་མ་དེར་བླ་མའི་མཚན་ཉིད་ཚང་ཡོད་མེད་བརྟག་དཔྱད་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་ལམ་སྟོན་མཛད་ཡོད་པ་རེད། ལྷག་དོན་ནང་པའི་ཆོས་ལ་སློབ་གཉེར་གནང་ཚེ་ངེས་པར་དུ་ཐོས་བསམ་སྒོམ་གསུམ་རིམ་བཞིམ་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང། ཁྱད་པར་དུ་བོད་གངས་ཅན་ལྗོངས་སུ་ཡོད་པའི་ཆོས་བརྒྱུད་ཁག་འཛིན་མཁན་ཚོར་རང་ཆོས་བརྒྱུད་ཀྱི་གཞུང་གཅིག་པོ་མིན་པར་ས་དགེ་བཀའ་རྙིང་རིས་མེད་ཀྱི་གཞུང་ཆེན་དག་ལ་སློབ་གཉེར་གནང་དགོས་ཞེས་བཀའ་ཡང་བསྩལ་ཡོད་པ་རེད། རྩ་བའི་དེ་རིང་གི་ཆོས་འབྲེལ་ཐོག་མགོན་པོ་མཆོག་གིས་ཆོས་ཞུ་བ་ཚོར་སྤྱོད་འཇུག་ཆེན་མོའི་ལེའུ་ལྔ་པ་ཤེས་བཞིན་བསྟན་པ་དང། དེ་ནས་ལེའུ་དྲུག་པ་བག་ཡོད་བསྟན་པའི་ལེའུ་ཕྱེད་ཀའི་བར་བཀའ་ཁྲིད་གནང་ཡོད་པ་རེད། མཛད་འཆར་ལྟར་ན་སང་ཚེས་ ༣༠ ཉིན་ཆོས་འབྲེལ་ཉིན་མཐའ་མའི་ཐོག་ཆོས་ཞུ་བ་ཚོར་ཚེ་དབང་བཀྲིན་བསྩལ་རྒྱུ་ཡིན་པ་རེད།

ལ་དྭགས་པ་ཚོས་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་དགོས་ན་བྱམས་བརྩེའི་ཐོག་དོ་སྣང་གནང་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་གིས་དེ་རིང་ཕྱི་ཚེས་ ༢༨ སྔ་དྲོ་ལ་དྭགས་ཞི་བའི་ཚལ་གསུང་ཆོས་ར་བའི་ནང་དུ་ལ་དྭགས་གླེ་དང་ནུབ་ར། དེ་བཞིན་ཟངས་དཀར་སོགས་ཀྱི་སེར་སྐྱ་མང་ཚོགས་གཙོ་བོར་གྱུར་བའི་གཞན་ཡང་ཨ་རི་དང་ཡོ་རོབ་སོགས་ནས་བཅར་བའི་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་ཁ་ཤས་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ལེའུ་བཞི་པ་ནས་བཀའ་ཆོས་དབུ་འཛུགས་མཛད་སོང་བ་དང་ཆབས་ཅིག ༸གང་ཉིད་མཆོག་གིས་ཆོས་ངོ་ཐོག་ལག་ལེན་དུ་བསྐྱལ་ཐུབ་ཚེ་ཕན་ཐོགས་ཡོང་ངེས་ཡིན་པའི་ལམ་སྟོན་རྒྱ་ཆེ་བསྩལ་སོང་། སྔོན་འགྲོ་ནང་ཆོས་ངོ་སྤྲོད་བསྩལ་སྐབས་༸གང་ཉིད་མཆོག་གིས། འཛམ་གླིང་འདིའི་ནང་ཡོད་པའི་མི་དུང་ཕྱུར་བདུན་བཅུ་ཁོངས་ཆོས་ཁས་ལེན་མཁན་ཁག་ཅིག་དང་ཆོས་ལ་སྐྱོན་བརྗོད་བྱེད་མཁན་ཁག་ཅིག དེ་ནས་ཆོས་ལ་བཏང་སྙོམ་དུ་ལྟ་མཁན་བཅས་དུམ་བུ་གསུམ་ལ་དབྱེ་གནང་བ་དང་སྦྲགས། དེའི་ཁྲོད་ནས་ཆོས་ལ་བཏང་སྙོམ་དུ་ལྟ་མཁན་རྣམས་པ་ཕུད་གཞན་ཆོས་ཁས་ལེན་ལག་ལེན་དུ་བསྐྱལ་མཁན་དང་ཆོས་ལ་སྐྱོན་བརྗོད་བྱེད་མཁན་གཉིས་ལས་སེམས་པ་སུ་སྐྱིད་པ་ཡོད་མེད་བསྡུར་ན་ཆོས་ཁས་ལེན་བྱེད་མཁན་ཚོ་ཏན་ཏན་སེམས་སྐྱིད་པ་ཡོད་རེད་ཅེས་དང། ད་དུང་མགོན་པོ་མཆོག་གིས་འཛམ་གླིང་འདིའི་ནང་གི་དཀའ་ངལ་དང་བསྡུལ་མང་ཆེ་བ་མིས་བཟོས་བཞག་པ་ཞིག་དང་དེ་ཡང་ནང་སེམས་བརྒྱུད་མ་འདུལ་བའི་དབང་གིས་ཡོང་གི་ཡོད་སྟབས། ཆོས་ཁས་མི་ལེན་མཁན་ཞིག་ཀྱང་ཡིན་རུང་མི་ཡ་རབས་དང་དྲང་པོ་དྲང་བཞག གཞན་ལ་ཕན་གྲོགས་སྒྲུབ་རྒྱུའི་བསམ་བློ་ཡོད་མཁན་ཞིག་ཡོད་ནའང་འཛམ་གླིང་འདིའི་ནང་གི་བསྡུལ་ཏན་ཏན་ཉུང་དུ་འགྲོ་རྒྱུ་ཡིན། དཔལ་འབྱོར་དང་ཤེས་ཡོན་ཡར་རྒྱས། དེ་བཞིན་གོ་མཚོན་སོགས་ག་ཚད་ཡར་རྒྱས་སོང་ཡང་དཀའ་ངལ་དེ་དག་ནམ་ཡང་སེལ་ཐུབ་རྒྱུ་མེད་སྐོར་བཀའ་གནང་ཡོད། ཁྱད་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བདེ་སྐྱིད་ཀྱི་རྩ་བ་བྱམས་བརྩེའི་ཕན་ཡོན་སྐོར་དང་འབྲེལ། ཇི་ཙམ་གྱི་རང་བརྒྱུད་ལ་བྱམས་བརྩེ་ཡོད་པ་དེ་ཚོད་ཀྱིས་མི་དེ་སེམས་སྐྱིད་པ་དང་ཚེ་རིང་བ། ཁྱིམ་ཚང་དང་སྤྱི་ཚོགས་འཆམ་མཐུན་ཡོང་རྒྱུ་ཡིན་ཞིང་། ཆོས་ཟེར་བ་ནི་གཙོ་བོ་འགྲོ་བ་མིའི་བརྒྱུད་ལ་བྱམས་བརྩེ་སྤེལ་ཡག་ཅིག་དང། དེས་བརྒྱུད་ནས་རང་བརྒྱུད་ཀྱི་ཁོང་ཁྲོ་དང་ང་རྒྱལ་སོགས་ཆུང་དུ་གཏོང་བྱེད་ཅིག་ཀྱང་ཆགས་ཀྱི་ཡོད་པར་བརྟེན། ང་ཚོས་ཆོས་ངོ་ཐོག་ལ་ལག་ལེན་བསྐྱལ་ནས་ཕྱིན་ཚེ་དུས་རབས་ཉེར་གཅིག་པ་འདིའི་ནང་དངོས་གནས་ཕན་ཐོགས་ཡོང་ཡག་ཡོད། འདི་ག་ལ་དགས་ས་གནས་སུ་ཕྱིའི་དངོས་ཡར་རྒྱས་འཛུགས་སྐྲུན་ཧ་ཅང་ཆེན་པོ་འགྲོ་བཞིན་པའི་དུས་སྐབས་འདིར། བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་དགོས་ན་ལ་དྭགས་པ་ཚོས་བྱམས་བརྩེའི་ཐོག་དོ་སྣང་བྱ་དགོས་ཞེས་སོགས་འདུས་མང་ཡོངས་ལ་ལམ་སྟོན་རྒྱ་ཆེ་བསྩལ་སོང་། རྩ་བའི་མགོན་པོ་མཆོག་གིས་སྤྱོད་འཇུག་ཆེན་མོའི་གཞུང་དེ་སྔ་ལོ་ནས་དབུ་འཛུགས་མཛད་ཡོད་པ་ལྟར། དེ་རིང་༸གང་ཉིད་མཆོག་ནས་ལེའུ་བཞི་པ་སྟེ་བག་ཡོད་ནས་གཞུང་འཕྲོ་སྐྱོང་མཛད་སོང་བ་དང་གནངས་ཚེས་༣༠བར་བཀའ་ཆོས་བཀའ་དྲིན་བསྐྱངས་གནང་གི་ཡོད་པ་རེད།།  

༸གོང་ས་མཆོག་གིས་ཆོས་ལུགས་ཀྱི་མིང་ཐོག་ནས་རྩོད་རྙོག་ཞེས་པ་དེ་ནི་བློ་ཡུལ་ལ་ཤོང་དཀའ་བ་ཞིག་རེད་ཅེས་བཀའ་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་ཚེས་ ༢༧ ཉིན་སྔ་དྲོ་ལ་དྭགས་ཅོག་ལམ་སར་རྟེན་གཞི་བྱས་པའི་མཚན་ཉིད་སློབ་གཉེར་ལྟེ་གནས་ཁང་དུ་ཚོགས་པའི་ཆོས་ལུགས་མཐུན་སྒྲིལ་དང་འཛམ་གླིང་ཞི་བདེའི་རྨང་གདན་ཞེས་པའི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་པ་དང་འབྲེལ། འཛམ་གླིང་ཁྲོད་དཔལ་འབྱོར་དང་དབང་ཆ་འཐབ་རྩོད་ལས་བྱུང་བཞིན་པའི་དཀའ་ངལ་དེ་དག་ནི་བསམ་ཤེས་བྱེད་འོས་པ་ཞིག་ཡིན་ཀྱང་། ཆོས་ལུགས་ཀྱི་མིང་ཐོག་ནས་རྩོད་རྙོག་ཞེས་པ་དེ་ནི་བློ་ཡུལ་ལ་ཤོང་དཀའ་བ་ཞིག་རེད་ཅེས་བཀའ་སྩལ་སོང་། ད་རེས་ལ་དྭགས་སུ་མཚན་ཉིན་སློབ་གཉེར་ཁང་དུ་བསྐོང་ཚོགས་གནང་པའི་ཆོས་ལུགས་མཐུན་སྒྲིལ་གྱི་ལྷན་ཚོགས་འདི་ནི། ལ་དྭགས་ནང་པ་ཚོགས་པའི་ས་གནས་གླེ་གཞོན་ནུ་དང། ས་གནས་ཀྱི་ཤ་ཡའི་དང་སུ་ནིའི་ཁ་ཆེའི་ཆོས་བརྒྱུད་ཀྱི་གཞོན་ནུའི་ཚོགས་པ་ཟུང་འབྲེལ་གྱིས་དེ་སྔ་ལ་དྭགས་ཀྱི་དབུ་ཁྲིད་སྦ་སྐུ་ལ་རིན་པོ་ཆེའི་དམ་པ་དེ་ཉིད་ནས་ས་གནས་སུ་ཆོས་ལུགས་དང་སྤྱི་ཚོགས་འཆམ་མཐུན་ཐོག་གནང་པའི་མཛད་རྗེས་ལ་རྗེས་དྲན་ཞུ་སླད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུ་ཕུལ་བ་ཞིག་ཆགས་ཀྱི་འདུག སྔ་དྲོ་ཆོས་ལུགས་མཐུན་སྒྲིལ་གྱི་ལྷན་ཚོགས་ཐོག་འདུ་འཛོམས་བྱུང་བའི་ལ་དྭགས་ཁུལ་གྱི་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་དང། སྤྱི་ཚོགས་ནང་ལས་རིགས་འདྲ་མིན་གཉེར་མཁན། དེ་བཞིན་མཐོ་སློབ་ཁག་གི་སློབ་མ་གཙོ་བོར་འགྱུར་བའི་མང་ཚོགས་སྟོང་ཕྲག་བརྒལ་བར་ ༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་གིས་བཀའ་སློབ་བཀྲིན་སྩལ་སྐབས་དེང་གི་འཛམ་གླིང་ནང་མི་བསད་ཁྲག་སྦྱོར་གྱི་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད་པ་དང། ཐབས་སྡུག་པ་ཞིག་ལ་ཁ་ཆེ་དང་ཡི་ཤུ། དེ་བཞིན་ནང་པ་བཅས་ཆོས་ལུགས་ཀྱི་མིང་ཐོག་ནས་དཀའ་ངལ་དུ་མ་བཟོ་བཞིན་ཡོད་པ་དེ་དག་ནི་ཆེས་ཐབས་སྡུག་ཡིན་པ་དང་། ལྷག་པར་དུ་འཛམ་གླིང་ཁྲོད་དཔལ་འབྱོར་དང་དབང་ཆ་འཐབ་རྩོད་ལས་བྱུང་བཞིན་པའི་དཀའ་ངལ་དེ་དག་ནི་བསམ་ཤེས་བྱེད་འོས་པ་ཞིག་ཡིན་ཀྱང་། ཆོས་ལུགས་ཀྱི་མིང་ཐོག་ནས་རྩོད་རྙོག་ཞེས་པ་དེ་ནི་བློ་ཡུལ་ལ་ཤོང་དཀའ་བ་ཞིག་རེད་ཅེས་བཀའ་སྩལ་སོང་བ་དང་འབྲེལ། ད་ལྟ་ང་ཚོ་དུས་རབས་ ༢༡ པའི་ནང་སླེབས་ཡོད་པས་ལྟ་བ་རྙིང་པ་དང་བསམ་བློ་གུ་དོག་པ་དང་ཕུགས་རྒྱང་ཐུང་ཐུང་བསམ་བློ་འཁྱེར་ཕྱོགས་དེ་ཚོ་དུས་ཚོད་ཡོལ་ཟིན་སྟབས། ཚང་མས་འགྲོ་བ་མིའི་ཁྱོན་ཡོངས་ཀྱི་བདེ་དོན་ཐོག་བསམ་བློ་ཐོངས་ཤིག་ཞེས་བཀའ་བསྩལ་སོང། དེ་བཞིན་མགོན་པོ་མཆོག་གིས་འགྲོ་བ་མི་ཚང་མས་བྱམས་པ་དང་བརྩེ་བ་ལ་མི་དགའ་མཁན་མེད་པ་དང། དེ་བཞིན་འཛམ་གླིང་ཐོག་ཡོད་པའི་ཆོས་ལུགས་ཚང་མས་འགྲོ་བ་མིའི་སྤྱི་ཚོགས་ཁྲོད་ལ་བྱམས་བརྩེ་དང་ཞི་བདེ། དེ་བཞིན་བཟོད་བསྲན་སྤེལ་རྒྱུར་དམིགས་ཡུལ་གཅིག་མཚུངས་ཡིན་སྐོར་སོགས་ལམ་སྟོན་བཀའ་སློབ་བཀྲིན་ཆེ་བ་སྩལ་ཡོད་པ་རེད། དེ་རིང་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་མཚན་ཉིད་སློབ་གཉེར་ལྟེ་གནས་ཁང་དུ་ཚོགས་པའི་ཆོས་ལུགས་མཐུན་སྒྲིལ་གྱི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་གྲུབ་རྗེས། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། མགོན་པོ་མཆོག་གིས་ཅོག་ལམ་སར་ནས་སྤྱི་ལེ་ ༣ སར་ཆགས་པའི་རྒྱ་གར་ཧིན་དུའི་གནས་ཆེན་ Sindh River གཙང་པོའི་གླིང་ཁར་ཆིབས་བསྒྱུར་མཛད་སོང་བ་དང། ཁུལ་དེར་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ངོས་ནས་མགོན་པོ་༸གང་ཉིད་མཆོག་ལ་གཞུང་འབྲེལ་གྱི་གསོལ་སྟོན་འདེགས་འབུལ་ཞུས་ཡོད་པ་དང་། ༸གོང་ས་མཆོག་གིས་ཀྱང་ལ་དྭགས་ས་སྟོང་ས་ཁུལ་དུ་ཤིང་ནགས་འདེབས་འཛུགས་གནང་དགོས་གལ་ཡིན་པའི་ལམ་སྟོན་མཛད་ཡོད་པ་རེད།

༸གོང་ས་མཆོག་གིས་ལ་དྭགས་ཤེལ་སྔར་འགྱུར་ཨཱརྱ་ལོ་ཀེ་ཤྭ་རཱའི་དགོན་པར་དབུ་འབྱེད་རབ་གནས་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཟླ་ ༧ ཚེས་ ༢༦ ཉིན་སྔ་དྲོ་ལ་དྭགས་ཞི་ཚལ་ཕོ་བྲང་ནས་རྒྱང་ཐག་སྤྱི་ལེ་ ༤ སར་ཆགས་པའི་ཤེལ་ས་གནས་སུ་ཆིབས་སྒྱུར་མཛད་ནས་ཉེ་ཆར་གསར་བཞེངས་ལེགས་གྲུབ་ཟིན་པའི་ཤེལ་སྔར་འགྱུར་ཨཱརྱ་ལོ་ཀེ་ཤྭ་རའི་དགོན་པ་དང་དེའི་རྟེན་གཙོ་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་སྣང་བརྙན་ལ་དབུ་འབྱེད་རབ་གནས་བཀྲིན་བསྐྱངས་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་སངས་རྒྱས་ཀྱི་བསྟན་པ་རྒྱས་པར་གཙོ་བོ་ལུང་རྟོགས་ཀྱི་བསྟན་པ་གཉིས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་ཞེས་བཀའ་ནན་བསྩལ་སོང་། དབུ་འབྱེད་མཛད་སྒོའི་ཐོག་མར་སྔར་འགྱུར་ཨཱརྱ་ལོ་ཀེ་ཤྭ་རའི་དགོན་བདག་ཨོ་རྒྱན་རིན་པོ་མཆོག་གིས་དགོན་པའི་དམིགས་ཡུལ་དང་དེ་བཞིན་ལས་བསྡོམས་མགོན་པོ་༸གང་ཉིད་མཆོག་ལ་སྙན་སྒྲོན་ཞུས་པ་དང་འབྲེལ།  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་བརྩེ་བ་ཆེན་པོས་ད་ལན་ཨཱརྱ་ལོ་ཀེ་ཤྭ་རའི་དགོན་དུ་དབུ་འབྱེད་རབ་གནས་བཀྲིན་བསྐྱངས་པར་བཀྲིན་བླ་མེད་དུ་ཆེ་ཞེས་ཞུས་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་གངས་ཅན་ལྗོངས་ལ་སངས་རྒྱས་ཀྱི་བསྟན་པར་སྒོ་གང་ས་ནས་གེགས་དང་བར་ཆད་མང་དག་ཞིག་བྱུང་བའི་སྐབས་འདིར་ཧི་མཱ་ལ་ཡའི་རི་རྒྱུད་དུ་ཡོད་པའི་བོད་པ་དང་སངས་རྒྱས་ཀྱི་བསྟན་པ་འཛིན་མཁན་གཅིག་མཚུངས་ཡིན་པའི་ཡུལ་མི་ཚོས་རང་དབང་གི་གོ་སྐབས་ལོངས་སུ་སྤྱོད་ཐོག་ས་གནས་སུ་སྔར་མེད་པའི་རབ་བྱུང་ཕོ་མོའི་སྡེ་གསར་དུ་འཛུགས་རྒྱུ།  སྔར་ཡོད་པ་དེ་དག་ཡར་རྒྱས་གོ་འཕེལ་གཏོང་རྒྱུ་བཅས་བསྟན་པའི་ཞབས་འདེགས་རླབས་ཆེན་ཞུས་པར་མགོན་པོ་མཆོག་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བསྔགས་བརྗོད་ཀྱང་མཛད་སོང་། ལྷག་པར་དུ་མགོན་པོ་མཆོག་གིས་སངས་རྒྱས་ཀྱི་བསྟན་པ་རྒྱས་པར་གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན། མཆོད་རྟེན་བཞེངས་སྐྲུན་སོགས་གནང་རྒྱུ་མིན་པར་གཙོ་བོ་ལུང་རྟོགས་ཀྱི་བསྟན་པ་གཉིས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་ཞེས་བཀའ་ནན་བསྩལ་སོང་། དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་སངས་རྒྱས་ཀྱི་ཆོས་ཟེར་བ་འདི་ནི་མི་ལ་གནའ་གནོན་གཏོང་རྒྱུ་ཞིག་མིན་པར་གཙོ་བོ་སེམས་ཞི་བདེ་དང་སེམས་ལ་སྙིང་སྟོབས་འཕེལ་རྒྱུ། དེ་བཞིན་གཞན་ཕན་བློ་སྐྱེ་བ། སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་བཅས་ཡིན་པ་ཤེས་དགོས་གལ་ཡིན་པར་ལམ་སྟོན་མཛད་ཡོད་པ་རེད། དགོན་པ་དབུ་འབྱེད་ཀྱི་མཛད་སྒོར་བཅར་བའི་ཉེ་འཁོར་ལ་དྭགས་པའི་སློབ་གྲྭའི་སློབ་མ་ཚོར་ཕྱིའི་དངོས་པོའི་དང་འབྲེལ་བའི་ཤེས་ཡོན་ཙམ་མ་ཟད། རང་ཉིད་ཀྱི་ཕ་མེས་ནས་ཡོད་པའི་སངས་རྒྱས་པའི་ཆོས་ལས་ནང་སེམས་ཀྱི་རིན་ཐང་སྐོར་ལ་གསུངས་པ་དེར་དོ་སྣང་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་ཡང་བསྩལ་སོང་། སྐབས་དེར་སྔར་འགྱུར་ཨཱརྱ་ལོ་ཀེ་ཤྭ་རའི་དགོན་བདག་ཨོ་རྒྱན་རིན་པོ་ཆེ་མཆོག་གིས་གསོལ་འདེབས་ཞུ་དོན་ལྟར། མགོན་པོ་༸གང་ཉིད་མཆོག་གིས་སེར་སྐྱ་མང་ཚོགས་རྣམས་ལ་ཤེས་རབ་སྙིང་པོ་དང་། གང་བློ་མ། སྒྲོལ་མ། སྤྱན་རས་གཟུངས་སྔགས།  རྟ་འགྲིན་གཟུངས་སྔགས།  དེ་བཞིན་གུ་རུ་མཚན་སྔགས་དང་སྟོན་པའི་མཚན་སྔགས་བཅས་ཀྱི་ལྗགས་ལུང་བསྩལ་ཡོད་པ་རེད། དེ་རིང་སྔ་དྲོའོ་མཛད་སྒོའི་ཐོག་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་། ཁྲིག་སེ་རིན་པོ་ཆེ་མཆོག ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོས།  ཤེལ་ཉེ་འཁོར་གྱི་མང་ཚོགས་སྟོང་ཕྲག་བརྒལ་བ་འདུ་འཛོམས་བྱུང་འདུག གཞི་རྩའི་ལ་དྭགས་ཤེལ་ས་གནས་སུ་གསར་བཞེངས་ལེགས་གྲུབ་ཟིན་པའི་ཤེལ་སྔར་འགྱུར་ཨཱརྱ་ལོ་ཀེ་ཤྭ་རའི་དགོན་ནི་རྙིང་མའི་དགོན་པ་ཞིག་ཡིན་ཞིང་། དགོན་པའི་རྟེན་གཙོ་བོ་ནི། འཕགས་པ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་སྐུ་བརྙན་ཕི་ཀྲི་ ༤༠ ལྷག་ཡོད་པ་དེ་ཆགས་ཀྱི་འདུག་པ་དང་། དགོན་པ་དེ་གཙོ་བོ་བཙུན་མ་ཚོ་གཙོས་པའི་ཉེ་འཁོར་ས་གནས་ཀྱི་ཡུལ་མི་ཚོར་ནང་ཆོས་ངོ་སྤྲོད་གནང་སའི་ལྟེ་གནས་ཤིག་ཆགས་ཀྱི་འདུག སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་ཚོུད་ཕྱེད་ཀ་ཙམ་གྱི་རིང་ཁ་ཆེ་མང་ཚོགས་ཚོར་བཀའ་སློབ་སྩལ་གྲུབ་རྗེས་༸གང་ཉིད་མཆོག་ནས་ཆིབས་བསྒྱུར་གསོལ་འདེབས་ཞུ་མཁན་ཁ་ཆེའི་སྐུ་ཚབ་ཚོ་དང་ལྷན་དུ་ལྗགས་སྨིན་ལྷན་བཞེས་གནང་ཡོད་པ་དང་། དེ་རྗེས་མགོན་པོ་མཆོག་རྒྱལ་ས་གླེ་ནས་ཞི་བའི་ཚལ་ཕོ་བྲང་དུ་ཆིབས་སྒྱུར་གནང་ཡོད་པ་རེད།

བྷོ་ཙ་ཝ་ན་གཞུང་གིས་༸གོང་ས་མཆོག་གི་ཆིབས་བསྒྱུར་དང་ལེན་ཞུ་རྒྱུ་ཡིན་པ་གསུངས་འདུག

བྷོ་ཙ་ཝ་ན་གཞུང་གིས་རྒྱ་གཞུང་གིས་བཀའ་སྡོམ་བྱེད་བཞིན་པར་ལྟོས་མེད་ཀྱིས་༸གོང་ས་མཆོག་གི་ཆིབས་སྒྱུར་དང་ལེན་ཞུ་རྒྱུ་དང་། ༸གོང་ས་མཆོག་ལ་རྒྱལ་སྤྱིའི་ཆེས་མཐོའི་མི་སྣའི་གནས་བབས་ཐོག་མཐུན་འགྱུར་ཞུ་རྒྱུ་ཡིན་པ་གསུངས་འདུག དེ་ཡང་ཁ་སང་ཧིཾདུསྟཱན་གསར་ཁང་གིས་གནས་ཚུལ་སྤེལ་བར། ཁ་སང་བྷོ་ཙ་ཝ་ན་ཕྱི་སྲིད་བློན་ཆེན་ལྕམ་ Pelonomi VensonMoitoi མཆོག་གིས་ཡུལ་དེའི་གྲོས་ཚོགས་སུ་༸གོང་ས་མཆོག་གི་ཆིབས་བསྒྱུར་དང་འབྲེལ་བའི་དྲི་བར་ལན་འདེབས་གནང་སྐབས་མགོན་པོ་མཆོག་གི་ཆིབས་སྒྱུར་དེ་ནི་སྐུ་སྒེར་གྱི་ཆིབས་སྒྱུར་ཞིག་ཡིན་པ་དང་། ༸གོང་ས་མཆོག་ནི་རྒྱལ་སྤྱིའི་ཆེས་མཐོའི་མི་སྣ་ཞིག་ཡིན་སྟབས། ཡུལ་དེའི་སྲིད་འཛིན་སྐུ་ཞབས་ Ian Khama མཆོག་ནས་དེ་འབྲེལ་གནས་བབས་ལྟར་༸གོང་ས་མཆོག་ལ་གཞི་རྩའི་མཐུན་འགྱུར་སྦྱར་རྒྱུ་ཡིན་པ་མ་ཟད། བྷོ་ཙ་ཝ་ན་གཞུང་གི་འབྲེལ་མཐུད་ལས་ཁུངས་ལ་ཆེས་མཐོའི་མི་སྣར་སྣེ་ལེན་ཞུ་རྒྱུའི་ལས་འགན་ཡོད་པ་བཞིན་དེ་མཚུངས་ཞུ་རྒྱུ་ཡིན་པ་གསུངས་འདུག རྩ་་བའི་༸གོང་ས་མཆོག་གི་ཆིབས་སྒྱུར་གྱི་གནད་དོན་དང་འབྲེལ་རྒྱ་ནག་གཞུང་གིས་ཉེ་སྔོན་བོད་དེ་རྒྱ་ནག་གི་གནད་དོན་རྙིང་པ་ཞིག་ཡིན་སྟབས། བྷོ་ཙ་ཝ་ན་གཞུང་གི་ངོས་ན་ས་དེ་དག་ལ་བརྩི་སྲུང་ཞུ་དགོས་པའི་ཉེན་བརྡ་བཏང་ཡོད་པ་ལྟར། ཡུལ་དེའི་ཕྱི་སྲིད་བློན་ཆེན་མཆོག་གིས་རྒྱ་ནག་གཞུང་གི་ཕྱི་འབྲེལ་སྲིད་བྱུས་དང་འབྲེལ་བའི་གནད་དོན་རྙིང་པ་ཞིག་ནི་རྒྱལ་ཁབ་དེའི་ནང་གནད་ཐོག་རྒྱལ་སྤྱིའི་ངོས་ནས་ཐད་བྱུས་བྱ་རྒྱུ་མེད་པ་ཞིག་ཡིན་སྟབས། རྒྱ་ནག་གཞུང་ཕྱོགས་ནས་ཀྱང་བྷོ་ཙ་ཝ་ན་གཞུང་གིས་རང་ཐག་རང་གཅོད་གནང་པ་དེར་གུས་བརྩི་དང་རེ་བ་གནང་བཞིན་ཡོད་ཅེས་དང་། གནད་དོན་འདིའི་རྐྱེན་པས་རྒྱ་ནག་དང་བྷོ་ཙ་ཝ་ན་རྒྱལ་ཁབ་ཕྱོགས་གཉིས་པོའི་དབར་འབྲེལ་བ་དམ་ཟབ་ཡོད་པ་དེར་འགྱུར་བ་གང་ཡང་མི་འགྲོ་བར་རེ་བ་ཡོད་པའང་གསུངས་འདུག གཞི་རྩའི་བྷོ་ཙ་ཝ་ན་ནི་འཛམ་གླིང་ནང་རྡོ་རྗེ་ཕ་ལམ་གི་ཚོང་ལས་གཉེར་མཁན་ཆེ་ཤོས་ཤིག་ཡིན་པ་དང། རྒྱ་ནག་ནི་བྷོ་ཙ་ཝ་ན་དང་ཚོང་འབྲེལ་གྱི་འབྲེལ་ལམ་དམ་ཟབ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་རེད། ༸གོང་ས་མཆོག་ཡུལ་དེའི་ནང་ཆིབས་བསྒྱུར་མཛད་རྒྱུ་དེ་ནི་ཆེས་ཐོག་མ་ཡིན་པ་དང་། ཟླ་ ༨ ཚེས་ ༡༧ ནས་ ༡༩ བར་ཉིན་གྲངས་ ༣ རིང་ཡུལ་དེའི་རྒྱལ་ས་ Gaborone ནང་དུ་ ལུས་སེམས་སྲོག་གི་ལྷན་ཚོགས་ཤིག་ཚོགས་གཏན་འཁེལ་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་མཛད་རྒྱུ་དང་། དབང་རྩའི་རིག་པའི་ཚན་རིག་པ་རྣམ་པའི་དབར་ Botho/Ubuntu ཞེས་པའི་ཨ་ཕི་རི་ཀའི་གདོད་མའི་མི་རིགས་རྣམས་ཀྱི་ཁྲོད་གནའ་སྔ་མོ་ནས་ཡོད་པའི་བསམ་བློའི་རིག་གཞུང་ཐོག་གོ་བསྡུར་སྦྱང་བཤད་གནང་རྒྱུ་རེད་འདུག

༸གོང་ས་མཆོག་གིས་རྒྱ་གཞུང་ནས་བོད་ནང་བོད་མིར་དབང་ཤེད་ཀྱི་ཐོག་ནས་སེམས་ལ་འགྱུར་བ་གཏོང་ཐུབ་ཀྱི་མ་རེད་ཅེས་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ལྟའི་ཆར་རྒྱ་གར་བྱང་ཕྱོགས་ལ་དྭགས་ནང་དུ་བཞུགས་ཞག་གིས་མཛད་འཕྲིན་དུ་མ་སྐྱོང་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༧ ཚེས་ ༢༥ ཉིན་སྔ་དྲོ་མགོན་པོ་༸གང་ཉིད་མཆོག་བཙན་བྱོལ་བོད་མི་ ༧༠༠༠ ལྷག་གི་གནས་ཡུལ་ཆེ་གྲས་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་སྒར་དུ་ཆིབས་སྒྱུར་གྱིས་ས་གནས་ཀྱི་སེར་སྐྱ་མང་ཚོགས་དང་སློབ་ཕྲུག་ཚོར་བླང་དོར་བཀའ་སློབ་སྩལ་བ་དང་འབྲེལ། མགོན་པོ་མཆོག་གིས་འདས་པའི་ལོ་ ༦༠ ལྷག་ཙམ་རིང་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཐོག་འཇམ་རྩུབ་ཀྱི་ཐབས་ཤེས་སྣ་ཚོགས་ཤིག་སྤྱོད་ཡོད་ཀྱང་། གཞིས་བཞུགས་བོད་མི་ཚོའི་ཞུམ་པ་མེད་པའི་སྙིང་སྟོབས་དེ་མུ་མཐུད་གནས་ཡོད་ཅེས་བཀའ་སྩལ་ཡོད། ལྷག་དོན་རྒྱ་གཞུང་གི་ངོས་ནས་བོད་ནང་གི་བོད་མིའི་ཐོག་དབང་ཤེད་ཀྱི་ཐོག་ནས་བོད་མི་ཚོའི་སེམས་ལ་འགྱུར་བ་གཏོང་ཐུབ་ཀྱི་མ་རེད་ཅེས་བཀའ་ནན་བསྩལ་སོང། དེ་བཞིན་མགོན་པོ་མཆོག་གིས་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཚོས་རྒྱ་ནག་གཞུང་གིས་བཙན་གནོན་འོག་དཀའ་ངལ་མྱོང་བཞིན་པའི་གཞིས་ལུས་རྒྱ་ཆེ་མང་ཚོགས་རྣམ་པའི་མི་ཚབ་བྱས་ནས་དེ་དག་གི་བདེ་སྡུག་དང་། དེ་བཞིན་ཐོབ་ཐང་རྩོད་རྒྱུའི་ཐོག་སེམས་འགུལ་བླངས་དགོས་པ་དང། ཁྱད་པར་དུ་གཞོན་སྐྱེས་ཚོ་ནི་མ་འོངས་པའི་བོད་དོན་འཐབ་རྩོད་ཀྱི་རེ་བ་རྒྱག་ས་ཞིག་ཡིན་པས་གཞོན་སྐྱེས་ཚོས་མི་རབས་རྒན་པའི་མཇུག་མཐུད་དགོས་ཞེས་བཀའ་སྩལ་སོང་བ་དང་ཆབས་ཅིག ང་ཚོའི་བོད་དོན་འདི་བདེན་པའི་གནད་དོན་ཞིག་ཡིན་པས་འདི་འགྱུར་བ་འགྲོ་བར་སུ་གཅིག་གིས་འགོག་ཐབས་ཡོད་མ་རེད་ཅེས་བཀའ་བསྩལ་ཡོད་པ་རེད། དེ་བཞིན་༸གོང་ས་མཆོག་གིས་སྔ་དྲོ་བོད་པའི་སློབ་ཕྲུག་ཚོའི་ངོས་ནས་རིགས་ལམ་རྟགས་གསལ་གཟིགས་འབུལ་ཞུས་པ་ལས་འཕྲོས་ནས་ནང་པ་སངས་རྒྱས་པའི་ཆོས་ལས་བོད་རང་ལ་ཡོད་པའི་རིགས་ལམ་རྟགས་གསལ་དང་ཚད་མ་རིག་པར་སློབ་གཉེར་གནང་རྒྱུ་ཟེར་བ་འདི་ནི་བོད་མི་རིགས་ཀྱི་གཟི་བརྗིད་དང། མི་རིགས་དེའི་རྣམ་དཔྱོད་དང་ཁྱད་ཆོས་མཚོན་ཐུབ་པ་ཞིག་རེད་ཅེས་བཀའ་སྩལ་ཏེ། ས་གནས་ཀྱི་བོད་མི་རྒན་བྱིས་དར་གསུམ་ནས་རིགས་ལམ་རྟགས་གསལ་ཐོག་སློབ་གཉེར་བྱེད་པར་དོ་དབྱིངས་དགོས་གལ་ཡིན་པར་ལམ་སྟོན་སོགས་མཛད་ཡོད་པ་རེད། རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་སྒར་གྱི་མཛད་སྒོར་དབུ་བཞུགས་མཛད་པ་དང་། སྐབས་དེར་ལ་དྭགས་བོད་ཁྱིམ་སློབ་གྲྭའི་འགན་འཛིན་དང་ལ་སྤྱི་ས་གནས་འགོ་འཛིན་གཉིས་ནས་མགོན་པོ་༸གང་ཉིད་ལ་ལས་བསྡོམས་སྙན་སྒྲོན་ཞུས་ཡོད་པ་དང། བོད་ཁྱིམ་སློབ་མ་ཚོས་རིགས་ལམ་རྟགས་གསལ་གཟིགས་འབུལ་དང། ས་གནས་བོད་མི་རྣམས་ནས་མགོན་པོ་མཆོག་ལ་བསྟོད་དབྱངས་སོགས་ཀྱི་གཞས་སྣ་ཁག་ཅིག་ཁྲབ་སྟོན་ཞུས་ཡོད་པ་རེད།

༸གོང་ས་མཆོག་གིས་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་ཆོས་ཞུ་བ་ཁག་ཅིག་ལ་དམིགས་བསལ་བཀའ་ཆོས་བཀྲིན་བསྐྱངས་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་པོ་མཆོག་ད་ལྟའི་ཆར་ལ་དྭགས་ཁུལ་དུ་མཛད་འཕྲིན་སྐྱོང་བཞིན་ཡོད་པ་ལྟར། ཟླ་ ༧ ཚེས་ ༢༢ ནས་དབུ་འཛུགས་ཀྱིས་དེ་རིང་ཚེས་ ༢༤ བར་མགོན་པོ་མཆོག་གིས་ལ་དྭགས་ཞི་བའི་ཚལ་ཕོ་བྲང་ནང་དུ་ཆེད་དུ་བྱ་བའི་གདུལ་བྱ་ས་གནས་ཀྱི་མང་ཚོགས་གཙོ་བོར་གྱུར་པའི་ཕྱི་ནང་གི་ཆོས་ཞུ་བ་ཁག་ཅིག་ལ་དམིགས་བསལ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་དཔའ་བོ་གཅིག་པའི་དབང་ཆེན་ལ་སོགས་པའི་བཀའ་ཆོས་བཀྲིན་བསྩལ་སོང་། རྩ་བའི་ཞི་བའི་ཚལ་ཕོ་བྲང་ནང་དུ་དམིགས་བསལ་གྱི་བཀའ་ཆོས་སྩལ་བ་དེ་ནི། ལ་དྭགས་རྣལ་འབྱོར་མ་ཚོགས་པ་ཞེས་པའི་ལ་དྭགས་ཡུལ་མི་དོན་གཉེར་བ་རྒན་གཞོན་དར་གསུམ་གྱིས་ཆེད་འཛུགས་ཞུས་པའི་ཚོགས་པས་གསོལ་འདེབས་ཞུས་པ་ཞིག་ཡིན་ཅིང་། ཉིན་གྲངས་གསུམ་རིང་གི་གསུང་ཆོས་དེའི་སྐབས་མགོན་པོ་༸གང་ཉིད་མཆོག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་དཔའ་བོ་གཅིག་པའི་དབང་ཆེན་སྟ་གོན་དང་དངོས་གཞི་སྦྲགས་མ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་དཔའ་བོ་གཅིག་པའི་བདག་བསྐྱེད་ཐོག་ནས་ཉམས་ཁྲིད། དེ་བཞིན་དཔལ་གསང་བ་འདུས་པའི་རྫོགས་རིམ་བསྡུས་པ་རིམ་ལྔ་གདན་རྫོགས་བཅས་ཀྱི་བཀྲིན་བསྩལ་ཐོག་དེ་རིང་ཉིན་མཐའ་མའི་བཀའ་ཆོས་མཇུག་ཏུ་བླ་མ་མཆོད་པའི་ཚོགས་མཆོད་དང་བཅས་ཆོས་འབྲེལ་མཇུག་སྒྲིལ་མཛད་རྒྱུ་རེད་འདུག འདི་ག་རླུང་འཕྲིན་ཁང་གི་ས་གནས་སུ་ཡོད་པའི་གསར་འགོད་པས་ཞི་ཚལ་དུ་ཐེངས་འདིའི་ནང་མོལ་གྱི་བཀའ་ཆོས་དང་འབྲེལ་བའི་ཐོག་བཀའ་ཆོས་གོ་སྒྲིག་ཞུ་མཁན་གྲྭ་ཐུབ་བསྟན་ཆོས་བཟང་ལགས་སུ་བཅར་འདྲི་ཁག་ཅིག་ཞུས་ཡོད། གཞི་རྩའི་༸གོང་ས་མཆོག་གིས་དེ་རིང་ཞི་བའི་འཚལ་ཕོ་བྲང་ནང་དུ་ཉིན་གྲངས་གསུམ་རིང་གི་བཀའ་ཆོས་གྲུབ་རྗེས། སང་ཉིན་ཚེས་ ༢༥ ཉིན་ལ་དྭགས་བོད་ཁྱིམ་དུ་ཆིབས་སྒྱུར་གྱིས་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་སྒར་དུ་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ་དང་། དེ་རྗེས་ཚེས་ ༢༨ ནས་ ༣༠ བར་ཞི་ཚལ་ཆོས་རར་བཀའ་ཆོས་བཀྲིན་ལེགས་པར་སྩལ་གྲུབ་བསྟུན། ཟླ་ ༨ ཚེས་ ༢ ཉིན་མགོན་པོ་མཆོག་ལ་དྭགས་ནས་རྒྱལ་ས་ལྡི་ལིར་ཆིབས་ཞལ་བསྒྱུར་གནང་མཛད་ཀྱི་ཡོད་པ་རེད།

Latest news