Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་ཨ་རིའི་རུ་ཆེ་སི་ཊར་གྲོང་ཁྱེར་ནང་༸ཞབས་སོར་བདེ་བར་འཁོད་གནང་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་སང་ཚེས་ ༡༣ ཉིན་ཨ་རིའི་མི་ནེ་སོ་ཊ་མངའ་སྡེའི་གྲོང་ཁྱེར་ Rochester གྲོང་ཁྱེར་ནང་༸ཞབས་སོར་བདེ་བར་འཁོད་གནང་འདུག མགོན་པོ་༸གང་ཉིད་མཆོག་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་བསྟུན་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་དང་མཱ་ཡོ་སྨན་ཁང་གི་འབྲེལ་ཡོད་སྐུ་ཚབ། དེ་བཞིན་སྨན་ཁང་གི་༸སྐུའི་ཕྱི་ལུགས་སྨན་པ་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག དཔལ་ལྡན་དགའ་ལྡན་ཕོ་བྲང་གྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་གཞིགས་ན། ད་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཨ་རིའི་མི་ནེ་སོ་ཊ་མངའ་སྡེའི་གྲོང་ཁྱེར་ Rochester གཙོས་པའི་ཁུལ་དེར་རྟེན་གཞི་བྱས་པའི་མཱ་ཡོ་སྨན་ཁང་དུ་ལོ་ལྟར་༸སྐུའི་འཕྲོད་བཞེས་བརྟག་དཔྱད་དང་སྨན་བཅོས་གནང་སྲོལ་ཡོད་པ་བཞིན། སྐུའི་འཕྲོད་བཞེས་བརྟགས་དཔྱད་གནང་ཕྱིར་ཆིབས་བསྒྱུར་མཛད་པ་ཞིག་ཡིན་པ་འཁོད་འདུག ཁ་སང་སྔ་དྲོ་༸གོང་ས་མཆོག་གནམ་ཐང་ནས་མཱ་ཡོ་སྨན་ཁང་དུ་༸ཞབས་སོར་བདེ་བར་འཁོད་སྐབས། སྨན་ཁང་གི་རྒྱལ་སྒོའི་ཕེབས་ལམ་གཡས་གཡོན་དུ་ས་གནས་བོད་མི་རྒན་གཞོན་དར་གསུམ་ཆེད་བཅར་གྱིས་ཕྱག་ཏུ་དྭངས་གཙང་མཇལ་དར་གཙོས་བདུག་སྤོས་བསྣམས་ཤིང་། གྲོ་སོ་ཕྱེ་མར་ཆང་ཕུད་བཅས་འདེགས་འབུལ་གྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་རེད། དེ་བཞིན་མཱ་ཡོ་སྨན་ཁང་ནང་དུ་སྨན་ཁང་གི་སྨན་པ་དང་སྨན་ཞབས་པ། ལས་བྱེད་པ་བཅས་ནས་ཀྱང་ཕེབས་བསུ་ཞུས་འདུག་པ་མ་ཟད། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གི་མཇལ་ཁ་ཞུ་བར་བཅར་བའི་སྨན་ཁང་དེའི་ནད་པ་ཁག་གཅིག་ལ་ཐུགས་བརྩེ་བ་ཆེན་པོས་བཀའ་མོལ་གནང་འདུག མཛད་འཆར་ལྟར་ན། ༸གོང་ས་མཆོག་ Mayo སྨན་ཁང་དུ་སྐུའི་འཕྲོད་བཞེས་བརྟག་དཔྱད་ཆེད་ཉིན་གཉིས་རིང་བཞུགས་གཞག་མཛད་ཀྱི་འདུག་པ་དང། སང་ཚེས་ ༡༥ ཉིན་མགོན་པོ་མཆོག་ California ནང་དུ་ཕེབས་ཐོན་གྱིས་ San Diego གྲོང་ཁྱེར་ནང་དུ་མང་ཚོགས་ལ་བཀའ་སློབ་དང། དེ་རྗེས་ཚེས་ ༡༧ ཉིན་ San Diego གཙུག་ལག་སློབ་གཉེར་ཁང་གི་སློབ་ཐོན་མཛད་སྒོར་དབུ་བཞུགས་ཀྱིས་བཀའ་སློབ་བསྩལ་གནང་གི་ཡོད་པ་རེད།

ཨ་རུ་ནཱ་ཅལ་བོད་དོན་རྒྱབ་སྐྱོར་ཚོགས་པས་༸གོང་ས་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་འབུལ་དགོས་པའི་ཞུ་སྙན།

རྒྱ་གར་བྱང་ཤར་གྱི་མངའ་སྡེ་ཨ་རུ་ནཱ་ཅལ་དུ་རྟེན་གཞི་བྱས་པའི་ཨ་རུ་ནཱ་ཅལ་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་གར་དབུས་གཞུང་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna ཞེས་པ་དེ་འབུལ་དགོས་པའི་ཞུ་འབོད་གནང་འདུག དེ་ཡང་སྔར་ལོའི་ཕྱི་ཟླ་ ༡༡ ཚེས་ ༩ ཉིན་ཨ་རུ་ནཱ་ཅལ་མངའ་སྡེའི་གྲོང་ཁྱེར་ Itanagar ནང་དུ་ཚོགས་པའི་ཁུལ་དེའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུར་བཅར་བ་རྣམས་ནས་སྤྱི་མོས་ཐོག་རྒྱ་གར་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་རྒྱ་གར་གཙོ་བོར་གྱུར་པའི་རྒྱལ་སྤྱིའི་འགྲོ་བ་མའི་རིན་ཐང་ཐོག་ལ་ཞབས་འདེགས་རླབས་ཆེན་བསྒྲུབས་དང་གྲུབ་མུས་ཁག་ལ་ངོས་འཛིན་གྱིས་རྒྱ་གར་སྤྱི་དམངས་ཀྱི་གཟེངས་རྟགས་ཆེ་ཤོས་སུ་གྲགས་པ་བྷཱརཏ་རཏྣ་ཞེས་པ་དེ་མགོན་པོ་༸གང་ཉིད་མཆོག་ལ་ངེས་པར་དུ་འབུལ་ལམ་ཞུས་དགོས་པའི་ཞུ་གཏུག་བྱ་རྒྱུའི་ཐག་གཅོད་བྱུང་དོན་ལྟར། ཉེ་ཆར་ཟླ་ ༦ ཚེས་ ༩ ཉིན་ཚོགས་པ་དེའི་ཚོགས་གཙོ་སྐུ་ཞབས་ Gicho Kabak ལགས་དང་དྲུང་ཆེ་སྐུ་ཞབས་ Nima Sange རྣམ་གཉིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆེད་ཕེབས་གནང་སྟེ། རྒྱ་གར་དབུས་གཞུང་གི་རྡུལ་ཕྲན་ནུས་ཤུགས་ཀྱི་བློན་ཆེན་དང་རྒྱ་གར་བྱང་ཤར་འཛུགས་བསྐྲུན་སྡེ་ཚན་གྱི་དམིགས་བསལ་འབྲེལ་མཐུད་པ་གཅིག་ལྕོགས་གནང་མཁན་བློན་ཆེན་སྐུ་ཞབས་ Jitendra Singh མཆོག་དང་ཐུག་འཕྲད་ཀྱིས་བོད་དོན་སྐོར་གྲོས་བསྡུར་གནང་པ་མ་ཟད། རྒྱ་གར་དབུས་གཞུང་ནས་༸གོང་ས་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna ཞེས་པ་དེ་འབུལ་ལམ་ཞུ་དགོས་པ་གསུངས་འདུག ལྷག་པར་དུ་སྐབས་དེར་ཨ་རུ་ནཱ་ཅལ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་དྲུང་ཆེ་རྣམ་གཉིས་ནས་བློན་ཆེན་མཆོག་རྒྱུད་ནས་སྲིད་བློན་ Narendra Modi མཆོག་ལ་ཡང་ཞུ་སྙན་ཞིག་ཕུལ་འདུག་པ་དང་། ཞུ་སྙན་དེའི་ནང་སྤྱི་ལོ་ ༡༩༨༩ ལོར་༸གོང་ས་མཆོག་ལ་རྒྱལ་སྤྱིའི་ཐོག་ཆེས་སྙན་གྲགས་ཆེ་བའི་ནོར་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ་ནས་བཟུང་སྟེ། ད་བར་རྒྱལ་སྤྱིའི་རྒྱལ་ཁབ་དང་ཚོགས་པ་འདྲ་མིན་ནས་མགོན་པོ་༸གང་ཉིད་མཆོག་གི་མཛད་རྗེས་ལ་ཆེ་བསྟོད་ཀྱིས་གཟེངས་རྟགས་མི་འདྲ་བ་༡༥༠ ལྷག་འབུལ་བཞེས་མཛད་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། སྲིད་བློན་མོ་དི་མཆོག་གིས་དབུ་ཁྲིད་པའི་རྒྱ་གར་གཞུང་གི་ངོས་ནས་ཀྱང་མགོན་པོ་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna ཞེས་པ་དེ་ངེས་པར་དུ་འབུལ་ལམ་ཞུ་དགོས་པ་སོགས་འཁོད་འདུག དེ་བཞིན་དྲུང་ཆེ་སྐུ་ཞབས་ Nima Sange ལགས་ནས་ད་བར་༸གོང་ས་མཆོག་གིས་རྒྱལ་སྤྱིའི་ཐོག་དར་ཁྱབ་མཛད་བཞིན་པའི་བྱམས་པ་དང་། སྙིང་རྗེ། ཞི་བདེ། འཚེ་བ་མེད་པའི་བསླབ་བྱ་སོ གས་ནི་རྒྱ་གར་གྱི་ཐུན་མོང་མ་ཡིན་པའི་འཚེ་མེད་ཞི་བའི་ལྟ་གྲུབ་དང་འབྲེལ་བ་ཡོད་སྟབས། མགོན་པོ་༸གང་ཉིད་མཆོག་གིས་རྒྱ་གར་གྱི་མང་ཚོགས་ཚོའི་འཕྲོད་བསྟེན་དང་ཤེས་ཡོན་སོགས་ལ་ཞབས་འདེགས་རླབས་ཆེན་བསྒྲུབས་ཡོད་པར་བརྟེན། རྒྱ་གར་དབུས་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་ཆེས་མཐའི་གཟེངས་རྟགས་ भारत रत्न ཞེས་པ་དེ་འབུལ་ལམ་ཞུ་རྒྱུའི་དུས་ལ་བབ་ཡོད་པ་མ་ཟད། གཟེངས་རྟགས་དེ་བཞིན་༸གོང་ས་མཆོག་ལ་འབུལ་ལམ་ཞུ་ཐུབ་ཚེ་ཞུ་འོས་པ་ཞིག་རེད་ཅེས་གསུངས་འདུག གཞི་རྩའི་ཨ་རུ་ནཱ་ཅལ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཙམ་མ་ཟད། སྔར་ལོ་བཞུགས་སྒར་དུ་༸གོང་ས་༸སྐྱབས་ཆེན་པོ་མཆོག་གིས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་དང་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཤན་ཏ་ཀུ་མཱར་མཆོག་གི་དཔེ་དེབ་ཧི་མཱ་ལ་ཡིའི་མཐོ་སྒང་སྟེང་གི་གྲིབ་གཟུགས་དམར་པོ་ཞེས་པའི་དཔེ་དེབ་དབུ་འབྱེད་བཀྲིན་སྐྱོང་སྐབས་སྤྱི་ཁྱབ་བློན་ཆེན་ཟུར་པ་མཆོག་ནས་ཀྱང་རྒྱ་གར་གཞུང་ནས་༸གོང་ས་མཆོག་ལ་བྷཱརཏ་རཏྣ་གཟེངས་རྟགས་ངེས་འབུལ་ཞུས་དགོས་སྐོར་གསུངས་ཡོད་པ་དང་། དེ་མཚུངས་སུ་སྔར་ལོའི་ལོ་མཇུག་ཙམ་ནས་སྦེང་ལོར་དུ་གནས་བཞུགས་བ་རྒྱ་གར་གྱི་སྨན་པ་སྐུ་ཞབས་ Atul Kini ལགས་ནས་ཀྱང་དང་བླངས་ཐོག་ Change.org ཞེས་པའི་དྲ་གནས་བརྒྱུད་མང་ཚོགས་ཀྱི་མཚན་རྟགས་བསྡུ་རུབ་འཁོད་པའི་སྙན་ཞུ་ཞིག་སྲིད་བློན་མོ་དི་མཆོག་གི་མཚན་ཐོག་ཏུ་ཕུལ་ནས་རྒྱ་གར་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna ཞེས་པ་འབུལ་ལམ་ཞུ་དགོས་པ་གསུངས་ཡོད་པ་རེད།      

༸གོང་ས་མཆོག་གིས་ང་ཚོས་ལས་དོན་མང་པོ་ཞིག་གོང་རིམ་གྱི་བཀའ་སྒུག་བྱེད་པ་ལས་རང་འགུལ་གྱི་ཐོག་ནས་ཞེ་དྲགས་ཡོང་གི་མེད་པ་བཀའ་བསྩལ་སོང་།

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བོད་པའི་སློབ་གྲྭ་ཁག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གཙོ་གྲས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དེ་བཞིན་ཤེས་ཡོན་གྱི་ངོ་བོའི་ཐོག་ནས་གསར་འཇུག་གནང་རྒྱུའི་ལས་རིམ་དང་འབྲེལ། དེ་རིང་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་རྒན་ ༣༠༠ ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྤེལ་ཐབས་སྐོར་ལ་བཀའ་སློབ་ཞུས་ཡོད་པ་ལྟར། མགོན་པོ་མཆོག་གིས་དགེ་ལས་རྣམས་ལ་བྱམས་བརྩེ་གཞི་རྩར་གྱུར་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་གལ་གནད་དང་། དགེ་རྒན་གྱི་ལས་འགན། དེ་བཞིན་ནང་པའི་ཐོུང་མིན་པའི་སེམས་ཁམས་རིག་པ་དང་ལྟ་གྲུབ་ཕྱུག་པོ་ཡོད་པ་དེའི་ཁྱད་ཆོས་དང་། དེས་རྒྱ་གར་དང་འཛམ་གླིང་སྤྱི་ལ་ཕན་ཐོགས་བསྒྲུབ་རྒྱུ་ཡོད་པ་སོགས་ལམ་སྟོན་བཀའ་སློབ་རྒྱ་ཆེ་བསྩལ་སོང་། སྐབས་དེར་༸གོང་ས་མཆོག་གིས་ཐོག་མར་ད་རེས་ཤེས་རིག་ལས་ཁུངས་ནས་སློབ་གྲྭ་ཁག་ཏུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་གསར་འཇུག་གནང་རྒྱུ་དེ་ལས་དོན་གསར་པ་ཞིག་ཆགས་ཀྱི་ཡོད་པ་དང་འབྲེལ། ༸གང་ཉིད་མཆོག་གིས་ད་བར་ང་ཚོ་བཙན་བྱོལ་དུ་སླེབས་ནས་པཎྜི་ཏ་ནེཧ་རུ་ Pandit Nehru མཆོག་དང་རྒྱ་གར་གཞུང་ནས་ཤེས་ཡོན་ཐོག་ལ་མཐུན་འགྱུར་རྒྱ་ཆེ་གནང་ཡོད་པ་བཀྲིན་ཆེན་པོ་ཡིན་པ་དང་། རང་དབང་ལུང་པའི་ནང་དུ་ང་ཚོའི་ངོས་ནས་ཀྱང་ནུས་པ་གང་ཐུབ་བཏོན་སྟབས་ད་བར་ཡག་ཐག་ཆོད་བྱུང་ཡོད། འོན་ཀྱང་སྐབས་འགར་ང་ཚོའི་ལས་དོན་མང་དག་ཅིག་མགོ་ཚུགས་སྐབས་ཨག་གསར་ཆེན་པོ་ཡོད་པ་དང་རྗེས་སུ་འཆར་ཅན་ལྟར་སོང་རྐྱེན་འཐུས་ཤོར་ཡོང་གི་ཡོད་པ་རེད། གཟབ་གཟབ་གནང་དགོས་གལ་དང་ལྷག་དོན་ང་ཚོའི་ལས་དོན་མང་པོར་གོང་རིམ་གྱི་བཀའ་སྒུག་བྱེད་པ་ལས་རང་འགུལ་གྱི་ཐོག་ནས་ཞེ་དྲགས་ཡོང་གི་མེད་པའི་ལམ་སྟོན་བཀྲིན་བསྩལ་སོང་། བཀའ་སློབ་ཀྱི་བརྗོད་གཞི་བྱམས་བརྩེ་གཞི་རྩར་གྱུར་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་གལ་གནད་དང་འབྲེལ། དེ་རིང་སང་ཉིན་བྱམས་བརྩེས་ཕོངས་རྐྱེན་འཛམ་གླིང་འདིའི་ནང་མིས་མི་གསོད་པ་སོགས་དཀའ་ངལ་ཧ་ལས་པ་ཡོང་གི་ཡོད་པ་རེད། དེས་ན་དགེ་ལས་རྣམས་ནས་སློབ་གྲྭའི་ནང་དུ་བྱམས་བརྩེ་སྤེལ་དགོས་གལ་དང་། སྒོས་སུ་དགེ་རྒན་རང་ངོས་ལ་སེམས་ཚོར་དང་སེམས་འཁུར་ཡོད་པའི་ཐོག་ནས་སློབ་ཁྲིད་བྱ་དགོས་པར་ལམ་སྟོན་བསྩལ་བ་དང་ཆབས་ཅིག བྱམས་བརྩེ་སྤེལ་ཐབས་ཀྱི་ལག་ཆ་ཁྱད་ནོར་དེ་ང་ཚོ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་གཅིག་པོ་ལ་མ་གཏོགས་གཞན་སུའང་མེད་པ་རེད་ཅེས་བཀའ་གནང་ཡོད། དེ་དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སངས་རྒྱས་པའི་ཐོུང་མིན་པའི་སེམས་ཁམས་རིག་པ་དང་ལྟ་གྲུབ་ཕྱུག་པོ་ཡོད་པ་དེའི་ཁྱད་ཆོས་སྐོར་ལ་གསུངས་པ་དང་། དེས་རྒྱ་གར་དང་འཛམ་གླིང་སྤྱི་ལ་ཕན་ཐོགས་བསྒྲུབ་རྒྱུ་ཡོད་པ་སོགས་ཀྱི་ལམ་སྟོན་རྒྱ་ཆེ་བསྩལ་ཏེ། དགེ་རྒན་རྣམས་ལ་མ་འོངས་པའི་བོད་མི་རིགས་ཀྱི་རིག་གཞུང་ངམ་བོད་མི་རིགས་ཀྱི་སྤུས་ཚད་འཛམ་གླིང་ལ་བསྟན་ཐུབ་པའི་མི་རབས་གསར་པ་ཡག་པོ་ཡོང་རྒྱུའི་གྲ་སྒྲིག་དགོས་པར་ལམ་སྟོན་དང་། ད་བར་དགེ་ལས་ཚོས་གང་ཐུབ་གནང་པར་ཐུགས་རྗེ་ཆེ་ཞུ་སོགས་བཀའ་གནང་ཡོད་པ་རེད། རྩ་བའི་དེ་རིང་སྔ་ཐོག་བོད་པའི་གཏན་ཉིན་སློབ་ཁག་ཅིག་གི་སློབ་སྤྱི་དང་དགེ་ལས་ཚོར་༸གོང་ས་མཆོག་ནས་བཀའ་སློབ་མ་བསྩལ་གོང་དུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ནས་མགོན་པོ་༸གང་ཉིད་མཆོག་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་ལ་སྒྲིག་འཛུགས་ཀྱི་བྱེད་སྒོ་ལམ་སྟོན་ཁག་གི་སྐོར་སྙན་གསེང་ཞུས་སོང་བ་དང། སྐབས་དེར་སྲིད་སྐྱོང་སྐྱོང་མཆོག་ནས་ཐེངས་འདིའི་འདུ་འཛོམས་ཐོག་ནས་དགེ་ལས་ཚོས་སློབ་མ་དང་མཉམ་དུ་བརྩེ་བ་དང་ཚོར་བ། དེ་བཞིན་སྤྱི་སེམས་ཡོད་པའི་ཐོག་ནས་སློབ་ཁྲིད་ལམ་སྟོན་གནང་གལ་ཡིན་པ་གསུངས་སོང་། དགེ་རྒན་ལས་བྱེད་ ༣༠༠ ཚོགས་བཅར་ཞུས་ཡོད་པ་རྣམས་དེ་རིང་ཉིན་རྒྱབ་ཚོགས་ཆུང་ཁག་ཏུ་ཆ་བགོས་ཀྱིས་སློབ་གྲྭའི་ནང་དུ་བཟང་སྤྱོད་སྤེལ་ཐབས་ཀྱི་བྱེད་སྒོའི་ཐོག་ལ་གྲོས་བསྡུར་དང་བསམ་ཚུལ་ཚོགས་བསྡུས་ཀྱིས་ཚོུད་ ༤།༠༠ ཐོག་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་སྲིད་སྐྱོང་མཆོག་གིས་དབུ་བཞུགས་བྱེད་སྒོའི་ལས་རིམ་ཁག་སྙན་སྒྲོན་གནང་ཡོད།

ཁྱེད་རང་ཚོ་ང་ལ་དགའ་པོ་ཡོད་ན་ང་ཤི་བའི་སྐབས་སུ་བློ་བདེ་པོ་ཡོང་ཡག་ཞིག་བྱེད་དགོས་ཀྱི་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དུ་བོད་རིགས་གཞོན་སྐྱེས་ཚོར་གསུང་ཆོས་མཇུག་སྒྲིལ་དང་འབྲེལ། ཁྱེད་རང་ཚོ་ང་ལ་དགའ་པོ་ཡོད་ན་ང་ཤི་བའི་སྐབས་སུ་བློ་བདེ་པོ་ཡོང་ཡག་ཞིག་བྱེད་དགོས་ཀྱི་རེད་ཅེས་བཀའ་བསྩལ་སོང། དེ་རིང་ཟླ་ ༦ ཚེས་ ༧ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འདས་པའི་ཉིན་གྲངས་གསུམ་གྱི་རིང་བོད་རིག་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་དུ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་བཀྲིན་བསྐྱངས་ཡོད་པ་ལྟར། དེ་རིང་མགོན་པོ་མཆོག་གིས་ཐེངས་འདིའི་ཆོས་འབྲེལ་ཉིན་མཐའ་མའི་ཐོག་ཆོས་ཞུ་བ་ཡོངས་ལ་སེམས་བསྐྱེད་ཀྱི་སྡོམ་པ་བསྩལ་བ་དང་འབྲེལ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་གཉིས་པོ་ད་བར་བོད་གངས་ཅན་ལྗོངས་ཀྱི་ས་དགེ་བཀའ་རྙིང་རིས་སུ་མ་མཆིས་པའི་སྐྱེས་ཆེན་རྣམ་པས་བདག་སྐྱོང་གནང་ནས་གནས་ཡོད་པ་མ་ཟད། ལྷག་དོན་དེ་ནི་འཛམ་གླིང་གི་སྤྱི་ནོར་ལབ་ཐུབ་རྒྱུ་ཞིག་ཀྱང་རེད་ཅེས་བཀའ་བསྩལ་ཡོད་པ་རེད། དེ་བཞིན་མགོན་པོ་མཆོག་གིས་དེ་ལྟ་བུ་གཅེས་ནོར་འདི་དུས་ལྟ་བར་དུ་མི་ཐོག་རྒན་པ་ཚོས་ཉར་ཚགས་གནང་ཡོད་པ་ལྟར། ཁྱེད་ཚོ་ལོ་གྲངས་སུམ་ཅུ་ཙམ་སླེབས་པའི་དུས་སྐབས་འདིར་ངོས་གཙོས་པའི་མི་ཐོག་རྒན་པ་རྣམས་མེད་པ་ཆགས་ཀྱི་རེད། བོད་རིགས་གཞོན་སྐྱེས་རྣམས་ནས་མི་ཐོག་རྒན་པ་ཚོས་ལམ་སྟོན་བྱས་པའི་རྗེས་སུ་འཇུག་སྐྱོང་གིས་ཉམས་ལེན་གནང་སྟེ་རིམ་བཞིན་མི་ཐོག་ནས་མི་ཐོག་བར་མཁོ་སྤྲོད་བྱ་ཐུབ་དགོས་གལ་ཡིན་པར་བཀའ་སྩལ་དང་འབྲེལ། ཁྱེད་རང་ཚོ་ང་ལ་དགའ་པོ་ཡོད་ན་ང་ཤི་བའི་སྐབས་སུ་བློ་བདེ་པོ་ཡོང་ཡག་ཞིག་བྱེད་དགོས་ཀྱི་རེད་ཅེས་བཀའ་ནན་བསྩལ་སོང། ད་དུང་༸གོང་ས་མཆོག་གིས་སྤྱིར་གཞོན་སྐྱེས་ཚོ་ནི་མ་འོངས་པའི་རེ་བ་བྱ་ས་ཆགས་ཡོད་པ་དང། ཁྱད་པར་དུ་བོད་ནང་ལ་ཆ་མཚོན་ན་ཆོལ་གསུམ་གྱི་དབྱེ་བ་མེད་པའི་ཐོག་ནས་དཀའ་ངལ་ཆེན་པོའི་འོག་རང་མི་རིགས་ཀྱི་ཆོས་དང་སྐད་ཡིག་རྣམས་བདག་སྐྱོང་བྱེད་བཞིན་བསྡད་ཡོད་པ་རེད། དེར་བརྟེན་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་རྒྱ་ཆེ་མང་ཚོགས་རྣམས་ལ་གཞིས་ལུས་བོད་མི་ཚོས་སྲོག་བློས་གཏོང་གིས་གཅེས་ཉར་གནང་པའི་ཆོས་རིག་དེ་དག་བདག་སྐྱོང་བྱ་རྒྱུའི་འགན་ཡོད་ཅེས་བཀའ་བསྩལ་ཡོད་པ་རེད། དེ་བཞིན་༸གོང་ས་མཆོག་གིས་དད་ལྡན་ཆོས་ཞུ་བ་ཚོར་འཛམ་གླིང་འདིའི་ནང་གི་དཀའ་ངལ་མང་དག་ཞིག་ནི་མི་རིགས་དང་ཆོས་ལུགས། རྒྱལ་ཁབ་སོགས་རིམ་པ་གཉིས་པར་གལ་འགངས་ཆེན་པོར་ངོས་འཛིན་བྱས་པར་བརྟེན་ཡོང་གི་ཡོད་སྟབས། དཀའ་ངལ་དེ་སེལ་བར་ཆོས་གཅིག་པོའི་ཐོག་ནས་སེལ་ཐབས་མེད་པ་དང་། དེའང་གཙོ་བོ་འགྲོ་བ་མི་ཕན་ཚུན་དབར་གཅིག་འགྱུར་གྱི་འདུ་ཤིས་འཛིན་པའི་ཐོག་ནས་སེལ་དགོས་གལ་ཡིན་པ་བཀའ་ནན་བསྩལ་བ་དང་ཆབས་ཅིག ད་རེས་འདིར་འདུ་འཛོམས་བྱུང་བའི་ཆོས་གྲོགས་རྣམས་ནས་གང་ཐུབ་ཅི་ཐུབ་ཀྱིས་ཚོགས་སྤྱི་ལ་གཞན་ཕན་གྱི་བློ་དང་འགྲོ་བ་མིི་གཅིག་འགྱུར་གྱི་འདུ་ཤེས་གོང་འཕེལ་ཐུབ་ཐབས་སུ་འབད་བརྩོན་གནང་དགོས་པར་ལམ་སྟོན་ཡང་བསྩལ་ཡོད་པ་རེད། ཉིན་མཐའ་མའི་བཀའ་ཆོས་རེ་ཞིག་ལེགས་གྲུབ་ཟིན་མཚམས་སུ་གསུང་ཆོས་ཐོག་བཅར་བའི་སློབ་གྲྭ་ཁག་གི་སློབ་མ་རྣམས་རུ་ཁག་དབྱེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་སྐུ་པར་སྒྲོན་ཡོད་པ་རེད། རྩ་བའི་༸གོང་ས་མཆོག་ནས་བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་ཀྱི་བཀའ་ཆོས་བསྩལ་རྒྱུའི་ལས་འཆར་དེ་ཕྱི་ལོ་ ༢༠༠༧ ལོ་ནས་བཞུགས་སྒར་དུ་ངྷ་ས་ནང་ཆོས་གོ་སྒྲིག་ཚོགས་ཆུང་དང་རྡ་སྟེང་བོད་ཀྱི་ཁྱིམ་གཉིས་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང། འདི་ལོ་ནང་ཆོས་ངོ་སྤྲོད་ཐེངས་ ༡༡ པར་རྒྱ་གར་རྒྱལ་ཡོངས་ཀྱི་མཐོ་སློབ་ཁག་ ༧༠ དང་དེ་བཞིན་བཞུགས་སྒར་ཉེ་འཁོར་གྱི་བོད་ཕྲུག་ཁྱིམ་སྡེའི་སློབ་མ་སོགས་ཁྱོན་སློབ་ཕྲུག་ ༢༨༠༠ ལྷག་དང་། རྒྱལ་ཁབ་མི་འདྲ་ ༧༥ ནས་ཆོས་ཞུ་བ་ ༥༧༠༠ ལྷག་བཅས་ཁྱོན་ཆོས་ཞུ་བ་ ༨༠༠༠༠ ལྷག་འདུ་འཛོམས་བྱུང་ཡོད་པ་རེད།

སངས་རྒྱས་ཀྱི་བསྟན་པ་གནས་དང་མི་གནས་ཀྱི་རྩ་བ་ཐུག་ས་དེ་སྤྱི་ཚོགས་ལ་རག་ལུས་ཡོད་ཅེས་བཀའ་བསྩལ་སོང་།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་ཀྱི་བཀའ་ཆོས་ཉིན་གཉིས་པའི་སྐབས་སུ་སངས་རྒྱས་པའི་བསྟན་པ་གནས་མིན་གྱི་རྩ་བ་ཐུག་ས་དེ་སྤྱི་ཚོགས་ལ་རག་ལུས་ཡོད་ཅེས་བཀའ་བསྩལ་སོང། དེ་རིང་སྔ་དྲོ་གསུང་ཆོས་ཀྱི་བར་མཚམས་སུ་སློབ་མའི་ཁྲོད་མགོན་པོ་༸གང་ཉིད་མཆོག་ལ་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་གནང་དོན་ལྟར། སློབ་མ་ཞིག་ནས་སློབ་ཕྲུག་དང་མི་སྐྱ་ཞིག་ཡིན་པའི་ངོས་ནས་ཆོས་དང་འཇིག་རྟེན་གཉིས་ཀའི་ཆ་ནས་མི་ཚེ་ཡང་དག་པ་ཞིག་ཇི་ལྟར་སྐྱེལ་དགོས་ཞེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་ཆོས་ཟེར་སྐབས་ཕྱིའི་རྟགས་ཆ་ལུགས་བརྗེ་བསྡད་མཁན་གྱི་སྐད་ཆ་ཞིག་མ་ཡིན་པར་དེ་ལ་སྐྱ་སེར་གྱི་དབྱེ་བ་གང་ཡང་མེད་པ་དང། ལྷག་དོན་བོད་པ་ཞིག་གི་ངོས་ནས་ཆོས་ལ་སློབ་སྦྱོང་དང་ཉམས་ལེན་ཡོད་པ་ཞིག་བྱ་རྒྱུ་གལ་ཆེ་ཡིན་པ་དང། དེ་ལྟར་བྱུང་ཚེ་ཁྱིམ་ཚང་དེའི་ནང་གི་ཕྲུ་གུ་ཚོ་ལའང་ཆོས་ཀྱི་བག་ཆགས་ཡོད་པ་ཞིག་ཡོང་གི་རེད་ཅེས་བཀའ་སྩལ་བ་དང་ཆབས་ཅིག སྤྱིར་སྤྱི་ཚོགས་ཡར་རྒྱས་ཡོང་བར་རབ་བྱུང་ངུར་སྨྲིག་གི་སྡེ་ལས་ཁྱིམ་པ་རྣམས་གནད་ཆེ་ཆགས་ཀྱི་འདུག་ཅེས་བཀའ་གནང་པ་མ་ཟད། ཁྱིམ་ཚང་གི་ཁོར་ཡུག་ནང་དུའང་སངས་རྒྱས་ཀྱི་ཆོས་ཀྱི་ཚོར་བ་ཡོད་པའི་ཁྱིམ་ཚང་ཞིག་བཟོ་ཐུབ་ཚེ་མི་རབས་ནས་མི་རབས་བར་དུ་སངས་རྒྱས་ཀྱི་བསྟན་པ་འཛིན་ཐུབ་རྒྱུ་ཞིག་ཡོང་གི་རེད་ཅེས་བཀའ་སྩལ་དང་སྦྲགས། སངས་རྒྱས་ཀྱི་བསྟན་པ་གནས་མིན་གྱི་རྩ་བ་ཐུག་ས་དེ་སྤྱི་ཚོགས་ལ་རག་ལུས་ཡོད་ཅེས་བཀའ་ནན་བསྩལ་སོང་། དེ་བཞིན་༸གོང་ས་མཆོག་གིས་སློབ་མ་ཚོར་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དང་འབྲེལ་བཀའ་ཆོས་བསྩལ་བར་ད་བར་འདས་པའི་ལོ་ངོ་དེ་དག་གི་ནང་འཛམ་གླིང་ཁྱོན་ཡོངས་ལ་ཕྱིའི་དངོས་པོ་ཡར་རྒྱས་ཧ་ཅང་ཆེན་པོ་ཕྱིན་ཡོད་པ་རེད། འོན་ཀྱང་དེས་འགྲོ་བ་མིའི་སེམས་རྒྱུད་ལ་བདེ་སྐྱིད་ཡོང་རྒྱུར་འདང་གི་མེད་པ་ནི་གསལ་པོ་ཆགས་ཡོད་སྐོར་བཀའ་སྩལ་དང་འབྲེལ། རྒྱ་ནག་ནང་ལ་ཆ་མཚོན་ན་ཏིང་ཞའོ་ཕིང་ནས་དངོས་ཡོད་ཡར་རྒྱས་ཞེ་དྲག་ཕྱིན་ཡོད་ཀྱང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་རྐྱེན་པས་ས་གནས་སུ་དབུལ་ཕྱུག་བར་ཁྱད་པར་ཆེན་པོ་ཡོད་སྟབས། དབུལ་ཕོངས་མང་ཚོགས་རྣམས་སྐྱབས་མེད་མགོན་མེད་ལྷག་བསྡད་པ་མཐོང་རྒྱུ་ཡོད་པ་དང། རྒྱ་ནག་ནང་ལ་དངོས་གནས་དྲང་གནས་ཀྱི་མིང་མཐུན་མཚུངས་པའི་སྤྱི་ཚོགས་རིང་ལུགས་ཡག་པོ་ཞིག་ཡོང་བར་གཙོ་བོ་མིའི་བསམ་བློའི་ནང་གཞན་ཕན་བསྐྲུན་རྒྱུ་དང་གཞན་ལ་བརྩེ་བ་བྱེད་དགོས་པ་མ་ཟད། ལམ་ལུགས་དེར་དངོས་སུ་ལག་བསྟར་བྱེད་མཁན་ཡག་པོ་མེད་ན་ཕན་ཐོགས་ཡོད་མ་རེད་ཅེས་བཀའ་བསྩལ་ཡོད། ལྷག་དོན་མགོན་པོ་མཆོག་གིས་བོད་མིར་བྱམས་པ་དང་བརྩེ་བ། གཞན་ཕན་བཅས་ཀྱི་ལྟ་སྤྱོད་བཟང་པོ་ཡོད་པ་དེའི་བརྒྱུད་ནས་གོ་ལའི་སྤྱི་ཚོགས་ཀུན་ལ་ཕན་ཐོགས་ཐུབ་པའི་ནུས་པ་ཡོད་པ་དང། དེང་གི་སྤྱི་ཚོགས་དང་དུས་ཚོད་འཕོ་འགྱུར་དེའི་འོག་བོད་མི་ཚོས་དེང་དུས་ཀྱི་ཤེས་ཡོན་ལྷན་དུ་རང་མི་རིགས་ཀྱི་ཕ་མེས་ནས་ཡོད་པའི་ལྟ་སྤྱོད་དང་གོམས་སྲོལ་བཟང་པོ་དེ་དག་མི་ཉམས་རྒྱུན་འཛིན་གནང་གལ་ཡིན་པའི་ལམ་སྟོན་མཛད་སོང་། རྩ་བའི་དེ་རིང་སྔ་དྲོ་༸གོང་ས་མཆོག་ལ་བོད་ཕྲུག་ཁྱིམ་སྡེའི་སློབ་མ་ཁག་ཅིག་ནས་དབྱངས་གསལ་སྐོར་རིགས་ལམ་རྟགས་གསལ་དང་དེ་བཞིན་བོད་ཕྲུག་ཁྱིམ་སྡེིའི་རྒན་འགན་འགས་སྐྱེས་ལྡན་དང་སྲོག་ཆགས་སྐོར་རིགས་ལམ་རྟགས་གསལ་སྤྱན་འབུལ་ཞུས་ཡོད་པ་རེད།  

༸གོང་ས་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་ཀྱི་བཀའ་ཆོས་དབུ་འཛུགས་མཛད་སོང་།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་རིགས་གཞོན་སྐྱེས་རྣམས་ལ་ནང་ཆོས་ངོ་སྤྲོད་ཀྱི་བཀའ་ཆོས་དབུ་འཛུགས་དང་འབྲེལ། མེས་པོ་གོང་མ་ཚོས་ཆབ་སྲིད་ཀྱི་ཐོག་ཀོ་ཐག་ཞེ་དྲག་གློད་ཡོད་ཀྱང་། ཆོས་ཕྱོགས་ཀྱི་ཐོག་ནས་དངོས་ནས་དྲང་གནས་རླབས་ཆེན་གྱི་བྱ་གཞག་གྲུབ་ཡོད་པ་བཀའ་བསྩལ་སོང་། དེ་ཡང་རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་དང་རྡ་སྟེང་བོད་ཁྱིམ་སློབ་གྲྭ་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་བཞིན་བཀའ་བཞེས་བཟང་པོ་སྨིན་བསྩལ་ཐོབ་སྟེ། དེ་རིང་སྔ་དྲོ་མགོན་པོ་༸གང་ཉིད་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱ་གར་དང་ཕྱི་རྒྱལ་མཐོ་སློབ་ཁག་གི་བོད་རིགས་སློབ་མ་དང། བོད་སློབ་ཁག་གི་བོད་ཕྲུག་སློབ་མ་རྣམས་ཀྱིས་གཙོས་པའི་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་བརྒྱད་སྟོང་ལྷག་ལ་དཔལ་མགོན་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་རྒྱལ་སྲས་ཐོག་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་དབུ་འཛུགས་བཀྲིན་བསྐྱངས་གནང་མཛད་སོང། ༸གོང་ས་མཆོག་གིས་ཐོག་མར་སློབ་མ་ཚོར་ནང་པ་སངས་རྒྱས་པའི་ཆོས་ལས་བློ་རིགས་ཀྱི་རྣམ་གཞག་དེའི་གལ་འགངས་སྐོར་བཀའ་བསྩལ་བ་དང་འབྲེལ། ནང་པ་སངས་རྒྱས་པའི་གཞུང་ལུགས་ལས་གསུང་པའི་རིགས་ལམ་གྱི་རྣམ་གཞག་དེ་ཆོས་ཕྱོགས་ཁོ་ན་མ་ཡིན་པར་དེང་དུས་ཀྱི་སློབ་ཚན་དང་ཞིབ་འཇུག་གི་ལས་དོན་ཐོག་ལ་ཕན་ཐོགས་ཆེན་པོ་ཞིག་ཡོད་པ་རེད། དེར་བརྟེན་སངས་རྒྱས་པའི་ཆོས་ལས་གསུང་པའི་བློ་རིགས་ཀྱི་རྣམ་གཞག་དང་སེམས་ཁམས་རིག་པའི་ལྟ་གྲུབ་དེ་དག་རྣམ་ཀུན་སློབ་གྲྭ་ཁག་གི་སློབ་ཚན་ནང་དུ་འཇོག་དགོས་ཞེས་བཀའ་ནན་བསྩལ་བ་མ་ཟད། ལྷག་པར་དུ་དེ་སྔ་བོད་གངས་ཅན་ལྗོངས་ཀྱི་མང་ཚོགས་ཀྱི་ཁྲོད་དུ་ཆོས་ལ་དད་པ་བྱེད་པ་ཁོ་ན་ལས་ནང་པའི་ལྟ་གྲུབ་ཐོག་སློབ་གཉེར་གནང་རྒྱུའི་དམིགས་འདུན་མེད་པ་དེ་ཆེས་རྗེས་ལུས་ཀྱི་རྣམ་པ་ཞིག་རེད་ཅེས་བཀའ་སློབ་ཟབ་མོ་བསྩལ་སོང་། དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ཕྱོགས་གཅིག་ནས་བོད་ཀྱི་མེས་པོ་གོང་མ་ཚོས་ཆབ་སྲིད་ཀྱི་ཐོག་ཀོ་ཐག་ཞེ་དྲག་གློད་ཡོད་ཀྱང་། ཆོས་ཕྱོགས་ཀྱི་ཐོག་ནས་དངོས་ནས་དྲང་གནས་རླབས་ཆེན་གྱི་བྱ་གཞག་གྲུབ་ཡོད་པ་བཀའ་བསྩལ་བ་དང་འབྲེལ། དེང་གི་དུས་ཚོད་འདིར་འཛམ་གླིང་འདིའི་ཁྲོད་ཚན་རིག་པ་དང་མཁས་དབང་ཁག་ནས་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ལུགས་ནས་གསུང་པའི་ཚད་མ་རིག་པ་དང་སེམས་ཁམས་རིག་པའི་རྣམ་གཞག་ལ་རིན་ཐང་བརྙེད་ནས་དོ་སྣང་བྱེད་མཁན་ཇི་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། ཁྱད་པར་དུ་པཎ་གྲུབ་བཅུ་བདུན་གྱི་གཞུང་རླབས་ཆེན་དེ་དག་སྐད་ཡིག་གཞན་ལ་བརྟེན་མི་དགོས་པར་བོད་པའི་སྐད་ཡིག་ནང་ཆ་ཚང་བ་ཞིག་ཡོད་པ་ནི་བོད་མི་རིགས་ཀྱི་སྤོབས་པ་སྐྱེ་རྒྱུ་དང་རྣམ་དཔྱོད་སྟོན་རྒྱུ་ཞིག་དང།  དེ་བཞིན་འཛམ་གླིང་སྤྱི་ལ་ཞབས་འདེགས་བསྒྲུབ་ཐུབ་རྒྱུ་ཡོད་སྟབས། བོད་པའི་མི་རབས་གཞོན་པ་ཚོས་དེ་རྒྱུན་འཛིན་དང་བདག་པོ་རྒྱབ་རྒྱུའི་འགན་ཡོད་ཅེས་སོགས་བཀའ་བསྩལ་ཡོད། སྔ་དྲོའི་བཀའ་ཆོས་ལེགས་གྲུབ་ཟིན་རྗེས་སློབ་མའི་ཁྲོད་མགོན་པོ་༸གང་ཉིད་མཆོག་ལ་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་གནང་དོན་ལྟར། སློབ་མ་ཁག་ཅིག་ནས་༸གོང་ས་མཆོག་ལ་ནང་ཆོས་ལས་གསུང་པའི་སྐྱབས་འགྲོའི་གོ་དོན་དང་། ཚན་རིག་དང་ནང་ཆོས་ལས་འགྲོ་བ་མིའི་གཞི་རྩའི་རང་བཞིན། དེ་བཞིན་འཛམ་གླིང་སྤྱི་ལ་ཕན་པའི་འགྲོ་བ་མིའི་འོས་འགན་སོགས་བརྗོད་གཞི་འདྲ་མིན་ཐོག་དོགས་འདྲི་ཞུས་པར་མགོན་པོ་མཆོག་ནས་ཐུགས་བརྩེ་བ་ཆེན་པོས་བཀའ་ལན་མཛད་ཡོད་པ་རེད། རྩ་བའི་ཕྱི་ལོ་ ༢༠༠༧ ལོ་ནས་བཟུང་ངྷ་ས་ནང་ཆོས་གོ་སྒྲིག་ཚོགས་ཆུང་གིས་ལོ་ལྟར་༸གོང་ས་མཆོག་ལ་གསོལ་འདེབས་ཞུས་ཏེ་བཞུགས་སྒར་དུ་བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་ཚོགས་ཀྱི་ཡོད་པ་དང་། འདི་ལོའི་ནང་ཆོས་ངོ་སྤྲོད་ཐེངས་ ༡༡ པའི་ཐོག་ལ་རྒྱ་གར་རྒྱལ་ཡོངས་ཀྱི་མཐོ་སློབ་ཁག་ ༧༠ དང་དེ་བཞིན་བཞུགས་སྒར་ཉེ་འཁོར་གྱི་བོད་ཕྲུག་ཁྱིམ་སྡེའི་སློབ་མ་སོགས་ཁྱོན་སློབ་ཕྲུག་ ༢༨༠༠ ལྷག་དང་། རྒྱལ་ཁབ་མི་འདྲ་ ༧༥ ནས་ཆོས་ཞུ་བ་ ༥༧༠༠ ལྷག་བཅས་ཁྱོན་ཆོས་ཞུ་བ་ ༨༠༠༠ ལྷག་འདུ་འཛོམས་བྱུང་འདུག ༸གོང་ས་མཆོག་གིས་དེ་རིང་ཟླ་ ༦ ཚེས་ ༥ ནས་དབུ་འཛུགས་ཀྱིས་གནངས་ཚེས་ ༧ བར་ཉིན་གསུམ་རིང་གསུང་ཆོས་བཀའ་དྲིན་བསྩལ་གནང་གི་ཡོད་པ་དང་། བཀའ་ཆོས་དེའང་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲ་རྒྱ་ Dalialama.com ཐོག་ལ་བོད་སྐད་དང་། དབྱིན་སྐད། རྒྱ་སྐད། ཀོ་རི་ཡ། ཝི་ཏི་ནམ། ཧིན་རྡི་བཅས་ཀྱི་སྐད་ཐོག་ཐད་སྲིང་གནང་གི་འདུག

ལ་དྭགས་སུ་༸གོང་ས་མཆོག་དབུ་བཞུགས་ཐོག་༸སྐུའི་འཁྲུངས་སྐར་དུས་ཆེན་རྒྱས་པ་སྲུང་བརྩི་ཞུ་རྒྱུ་རེད་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ལ་དྭགས་མི་དམངས་དང་ས་གནས་བོད་མི་རྣམས་ནས་༸གང་ཉིད་མཆོག་དགུང་གྲངས་ ༨༢ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་རྒྱས་པ་ཞིག་སྲུང་བརྩི་ཞུ་རྒྱུ་རེད་འདུག ལ་དྭགས་ནང་པའི་ཆོས་ཚོགས་གཙོ་བོར་གྱུར་པའི་ཁུལ་དེའི་ཁ་ཆེ་བ་སོགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུ་དོན་བཞིན་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་གསལ། མགོན་པོ་༸གང་ཉིད་མཆོག་ཟླ་ ༦ ཚེས་ ༢༨ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་རྒྱ་གར་བྱང་ཕྱོགས་ཇཱ་མུ་དང་ཀཤྨིར་མངའ་སྡེའི་ལ་དྭགས་ས་གནས་སུ་ཆིབས་བསྒྱུར་བསྐྱང་སྟེ་ཆོས་འབྲེལ་གྱི་མཛད་འཆར་ཁག་ཅིག་ཐུགས་གཏན་འཁེལ་འདུག ད་རེས་མགོན་པོ་མཆོག་ལ་དྭགས་སུ་ཟླ་བ་གཅིག་ཡས་མས་ཙམ་བཞུགས་གནང་གི་འདུག་པས་དེ་ཁྲོད་༸གང་ཉིད་མཆོག་ནས་རྒྱལ་ས་སླེ་ཙམ་མ་ཟད། གཞན་ཡང་ཟངས་དཀར་དང་ནུབ་ར་སོགས་ལུང་ཁུག་ས་གནས་གཞན་ཁག་ཅིག་ཏུ་ཆིབས་བསྒྱུར་བཀྲིན་བསྐྱང་གི་འདུག བོད་མིའི་སྒྲིག་འཛུགས་ཀྱི་ལ་སྤྱི་ཚེ་བརྟན་དབང་ཕྱུག་ལགས་སུ་མཛད་འཆར་སྐོར་བཀའ་འདྲི་ཞུས་པར། ཁོང་གིས་ས་གནས་ཀྱི་མཛད་རིམ་གཙོ་བོ་གཅིག་ནི་འདི་ལོ་ལ་དྭགས་མང་ཚོགས་དང་ས་གནས་བོད་མི་རྣམས་ནས་༸སྐུའི་འཁྲུངས་དུས་ཆེན་སྔར་དང་མི་འདྲ་བ་རྒྱས་པ་སྲུང་བརྩི་གཟབ་རྒྱས་ཞུ་རྒྱུ་དང་། དེ་བཞིན་ལ་དྭགས་ལྷོ་བྱང་གཉིས་སུ་གནས་པའི་བོད་མི་ཚོས་མགོན་པོ་༸གང་ཉིད་མཆོག་སྐུ་ཚེ་མི་འཇིགས་རྡོ་རྗེའི་ཁམས་སུ་བརྟན་ཕྱིར་བརྟན་བཞུགས་བསྟར་འབུལ་ཞུ་འཆར་ཡོད་པ་སོགས་གསུངས་སོང་།

ཨ་རིའི་ San Diego སློབ་གྲྭ་ཆེན་མོའི་ནང་དུ་༸གོང་ས་མཆོག་གི་ཆིབས་བསྒྱུར་དང་འབྲེལ་ཨ་རི་དང་རྒྱ་རིགས་སློབ་མའི་དབར་གདོང་ཐུག་བྱུང་འདུག

  རིང་མིན་ཟླ་ ༦ ཚེས་ ༡༧ ཉིན་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ California མངའ་ཁུལ་གྱི་ UCSD”ཞེས་པའི་ San Diego གཙུག་ལག་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་གྱི་མཛད་སྒོར་གདན་ཞུ་ཐོག་མགོན་པོ་༸གང་ཉིད་མཆོག་གིས་དགེ་ལས་སློབ་གཉེར་བ་ཡོངས་ལ་བཀའ་སློབ་བཀྲིན་བསྩལ་གཏན་འཁེལ་བ་དང་འབྲེལ། རྒྱ་རིགས་སློབ་མ་ཚོས་ལས་རིམ་དེར་ངོ་རྒོལ་གྱི་གཏམ་བཤད་དང་སྐད་འབོད་སོགས་བྱས་ཡོད་སྟབས། སློབ་གཉེར་ཁང་དེའི་ནང་གི་ཨ་རི་བ་དང་རྒྱ་རིགས་སློབ་མའི་དབར་ གདོང་ཐུག་བྱུང་འདུག རྩ་བའི་ཟླ་ ༢ ཚེས་ ༢ ཉིན་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་སྐུ་ཞབས་ Pradeep Khosla ལགས་ཀྱིས་ལས་རིམ་དེའི་སྐོར་ཐོག་མ་གསལ་བསྒྲགས་ཤིག་སྤེལ་སྐབས་ཕྱི་ཚེས་ ༣ ཉིན་སློབ་གཉེར་ཁང་དེའི་ནང་དུ་ཡོད་པའི་ CSSA ཞེས་པའི་རྒྱ་རིགས་སློབ་གཉེར་ཚོགས་པ་གཙོས་པའི་ས་གནས་རྒྱ་རིགས་སློབ་ཕྲུག་ཚོགས་པ་དང་རྒྱ་རིགས་ཚོང་པ་ཚོགས་པ་སོགས་ཟུང་འབྲེལ་གྱིས་སྤྱི་ཚོགས་འབྲེལ་མཐུད་སྐད་འཕྲིན་དང་ངོ་དེབ་སོགས་ཀྱི་ཐོག་བསྒྲགས་གཏམ་ཞིག་སྤེལ་ཏེ་སློབ་གཉེར་ཁང་དེའི་ནང་དུ་རྒྱ་ནག་གི་ལོ་རྒྱུས་དང་ཆབ་སྲིད། དེ་བཞིན་ཆེ་མཐོང་ལ་གནོད་པའི་གསུང་བཤད་རིགས་གནང་ཚེ་ཁོང་ཚོའི་སེམས་ཚོར་ལ་ཕོག་ཐུག་བྱུང་གི་ཡོད་སྐོར་སོགས་བརྗོད་འདུག གཙུག་ལག་སློབ་གཉེར་ཁང་ནས་༸གོང་ས་མཆོག་གདན་ཞུ་གནང་པ་དེར་མི་འདོད་པའི་རྣམ་པ་ཤུགས་ཆེ་དང་སྦྲགས། ཚོགས་པའི་ཚོགས་མི་ཚོས་མགོན་པོ་༸གང་ཉིད་མཆོག་གི་མཛད་འཆར་ཕྱིར་འཐེན་བྱ་དགོས་པ་སོགས་ཀྱི་ངོ་རྒོལ་ཡང་ཤུགས་ཆེ་བྱས་ཡོད་པ་རེད། འོན་ཀྱང་སློབ་གཉེར་ཁང་གི་ངོས་ནས་༸གོང་ས་མཆོག་ནི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཞིག་དང། འཛམ་གླིང་ཀུན་ལ་ཞི་བདེ་དང་བྱམས་བརྩེའི་ལམ་སྟོན་མཛད་མཁན་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཡིན་སྐོར་གསུངས་པ་སྦྲགས་ཏེ་ད་བར་ལས་རིམ་དེ་ཕྱིར་འཐེན་གནང་མེད་པ་རེད། ཁ་སང་སློབ་གཉེར་ཁང་དེའི་སློབ་ཕྲུག་གི་གསར་ཤོག་ Triton དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིག་ན།  CSSA རྒྱ་རིགས་སློབ་ཕྲུག་ཚོགས་པས་ཁ་ཉིན་ཟླ་ ༥ཚེས་ ༣༠ ཉིན་སློབ་གཉེར་ཁང་གི་དཔེ་མཛོད་ཁང་གི་ལམ་བར་དུ་སློབ་གྲྭའི་སློབ་ཐོན་མཛད་སྒོར་༸གོང་ས་མཆོག་གདན་ཞུ་གནང་པར་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་བ་དང། ཚོགས་པ་དེའི་ངོས་ནས་༸གོང་ས་མཆོག་གི་བཀའ་སློབ་ཀྱི་ལས་རིམ་དེས་རྒྱ་རིགས་སློབ་ཕྲུག་རྣམས་ཀྱི་སེམས་ཚོར་ལ་དོ་ཕོག་གཏོང་བཞིན་པ་དེ་གསལ་བཏོན་བྱེད་རྒྱུ་དང། སློབ་གཉེར་ཁང་གི་ངོས་ནས་བཀའ་སློབ་གནང་མཁན་སུ་ལ་མགྲོན་འབོད་གནང་དང་མ་གནང་ཐོག་སློབ་ཕྲུག་རྣམས་དང་གྲོས་བསྡུར་གནང་དགོས་པའི་ཀུན་སློང་སྤེལ་རྒྱུའི་དམིགས་རྩ་བཟུང་སྟེ་ལས་འགུལ་དེ་སྤེལ་ཡོད་པ་བརྗོད་འདུག དེ་བཞིན་ཚོགས་པ་དེས་སྐད་འཕྲིན་གླེང་སྟེགས་དྲ་བའི་བརྒྱུད་བསྒྲགས་གཏམ་ཞིག་འདོན་སྤེལ་གྱིས་ལས་འགུལ་དེར་ངོ་རྒོལ་གྱི་རྣམ་པ་ཞིག་མ་ཡིན་པར། གཙོ་བོ་༸གོང་ས་མཆོག་དང་འབྲེལ་བའི་རྩོད་རྙོག་ཅན་གྱི་གནད་དོན་ཁག་སློབ་མ་ཚོར་ངོ་སྤྲོད་བྱེད་པ་ཙམ་ཞིག་ཡིན་སྐོར་ཡང་བརྗོད་ཡོད་པ་རེད། ལས་འགུལ་དེ་ལྟར་སྤེལ་སྐབས་ཨ་རིའི་སློབ་མ་མང་དག་ཞིག་འདུ་འཛོམས་ཀྱིས་རྒྱ་རིགས་སློབ་མ་དེ་དག་དང་མཉམ་དུ་གདོང་ཐུག་ཤུགས་ཆེ་བྱུང་ཡོད་པ་དང། སྐབས་དེར་ཨ་རིའི་སློབ་ཕྲུག་རྣམས་ནས་རྒྱ་གཞུང་གིས་བོད་ཐོག་དྲག་པོའི་སྲིད་བྱུས་སྤེལ་བཞིན་པ་དང། བོད་མིའི་ཆོས་དང་རིག་གཞུང་རྩ་གཏོར་གཏོང་ཐབས་བྱེད་ཀྱི་སྐོར་ལ་དྲི་བ་མང་དག་ཞིག་བཏང་ཡོད་འདུག སྐབས་དེར་རྒྱ་རིགས་ལས་འགུལ་བ་རྣམས་ནས་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོའི་སྒེར་ལངས་བྱུང་བ་ལུང་འདྲེན་གྱིས་ལོ་དེར་༸གོང་ས་མཆོག་གིས་མཚན་ཐོག་ལ་ཧན་རྒྱ་རིགས་ ༡༨ དམར་བསད་དང་བརྒྱ་ཕྲག་མང་པོར་རྨས་སྐྱོན་བཟོས་ཡོད་ཚུལ་ཡང་བརྗོད་འདུག སྐབས་དེར་རྒྱ་རིགས་སློབ་མ་ཚོ་དང་གདོང་ཐུག་གིས་རྩོད་ལེན་གནང་མཁན་རྒྱ་རིགས་སློབ་མ་ Josh Beneventi ཞུ་བ་ཞིག་གིས་རྒྱ་རིག་ལས་འགུལ་བ་རྣམས་ནས་༸གོང་ས་མཆོག་གི་སྐོར་ལ་བཤད་པ་དེ་དག་གི་དཔང་རྟགས་གཅིག་ཀྱང་མེད་སྐོར་གསུངས་པ་དང་འབྲེལ། ང་ཚོའི་ངོས་ནས་དངོས་ཡོད་གནས་ཚུལ་དང་རྒྱུ་མཚན་ལ་དོ་སྣང་བྱེད་དགོས་པ་མ་ཟད། སློབ་གཉེར་ཁང་འདི་སློབ་སྦྱོང་གི་བསྟི་གནས་ཤིག་ཡིན་པས་ཁོང་ཚོ་ལ་ཡང་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཞིག་ཡིན་སྲིད་པ་དང། རྩ་བའི་སློབ་གཉེར་ཁང་འདི་ཨ་རིའི་སློབ་གཉེར་ཁང་ཞིག་ཡིན་པ་ལས་རྒྱ་ནག་གི་སློབ་གཉེར་ཁང་ཞིག་མ་རེད་ཅེས་གསུངས་འདུག རྩ་བའི་ UCSD གཙུག་ལག་སློབ་གཉེར་ཁང་གི་སློབ་ཐོན་མཛད་སྒོའི་ཐོག་༸གོང་ས་མཆོག་གདན་ཞུ་ཕུལ་རྒྱུའི་གསལ་བསྒྲགས་གནང་པར་རྒྱ་རིགས་སློབ་ཕྲུག་ཚོགས་པས་ངོ་རྒོལ་བྱས་ཡོད་སྟབས།  རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རིའི་ནང་གི་ཤེས་ཡོན་གྱི་རང་དབང་ཐོག་ལ་དྲི་བ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་དང། གནད་དོན་དེས་རྒྱ་ནག་གཞུང་དང་དེའི་གཞུང་ཚབ་རྣམས་ནས་མངོན་གསལ་དང་མངོན་གསལ་མིན་པའི་ཐོག་ནས་ཨ་རིའི་གཙུག་ལག་སློབ་གཉེར་ཁང་གི་ཤེས་ཡོན་དང་འབྲེལ་བའི་ཐག་གཅོད་ལ་ཐེ་བྱུས་དང་ཨ་རིའི་ནང་གི་ཤེས་ཡོན་གྱི་རང་དབང་ལ་ཐེ་གཏོགས་བྱེད་པ་ཞིག་མཚོན་པས་དེར་ཨ་རིའི་གཞུང་དམངས་ཡོངས་དང་གྲོས་ཚོགས་བཅས་ནས་དམིགས་གསལ་དོ་སྣང་གནང་དགོས་གལ་ཡིན་སྐོར་གསུངས་ཡོད་པ་རེད།  

༸གོང་ས་མཆོག་གིས་ཝི་ཏི་ནམ་དད་ལྡན་ཁག་གཅིག་ལ་ནང་ཆོས་དང་འགྲོ་བ་མིའི་རིན་ཐང་གི་སྐོར་ལ་བཀའ་སློབ་བརྩལ་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་མཇལ་འཕྲད་ཁང་དུ་ཁ་སང་ནས་དབུ་འཛུགས་ཀྱིས་ཝི་ཏི་ནམ་གྱི་ CEO ཚོགས་པས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། ཝི་ཏི་ནམ་གྱི་དགེ་འདུན་པ་དང་ཚོང་པ། སྒྱུ་རྩལ་བ། ཤེས་ཡོན་ཅན་སོགས་དད་ལྡན་མི་སྣ་ ༡༡༥ ལྷག་ལ་ནང་ཆོས་དང་འགྲོ་བ་མིའི་རིན་ཐང་གི་སྐོར་ལ་བཀའ་སློབ་རྩོལ་བཞིན་འདུག དེ་རིང་ཉིན་གཉིས་པའི་སྔ་ཐོག་མགོན་པོ་༸གང་ཉིད་མཆོག་ནས་དད་ལྡན་པ་རྣམས་ལ་ནང་ཆོས་ངོ་སྤྲོད་མ་བསྩལ་བའི་གོང་དུ་འཛམ་བུ་གླིང་འདིའི་ཐོག་ཡོད་པའི་འགྲོ་བ་མི་རྣམས་ལ་འཕྲད་བཞིན་པའི་སྡུག་བསྔལ་མང་པོ་ཞིག་སེམས་ཀྱི་འགྲོ་སྟངས་ཡག་པོ་ཞིག་མ་ཤེས་པའི་དབང་གིས་ཡོང་གི་ཡོད་པ་དང་། ལྷག་པར་དུ་དུས་རབས་ ༢༡ འདིའི་ནང་འཕྲད་བཞིན་པའི་བཀའ་རྙོག་ཕལ་མོ་ཆེ་འགྲོ་བ་མིས་བཟོས་པ་ཞིག་ཡིན་སྟབས། ཆོས་དད་ཡོད་མེད་ལ་མ་ལྟོས་པར་འགྲོ་བ་མི་རྣམས་ཨ་མའི་བྱམས་བརྩེ་འོག་ནས་འཚར་ལོངས་བྱུང་བ་འབའ་ཞིག་ཡིན་པས་རང་ཆས་སུ་ཡོད་པའི་བྱམས་བརྩེའི་བསམ་པ་དེ་གོང་མཐོར་གཏང་སྟེ་དུས་རབས་ ༢༡ པ་འདི་བྱམས་བརྩེ་དང་ལྡན་པའི་དུས་རབས་ཤིག་ཏུ་བསྐྲུན་དགོས་པར་བཀའ་བརྩལ་འདུག དེ་བཞིན་༸གོང་ས་མཆོག་གིས་ནང་པ་སངས་རྒྱས་པའི་ནང་ཆོས་ངོ་སྤྲོད་ཁྲོད་སྤྱི་ཡོངས་ནས་ནང་པ་ཞིག་ཡིན་ན་བདེན་བཞི་མི་རྟག་སོགས་བཅུ་དྲུག་དང་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་པོ་ཁས་ལེན་བྱེད་ཀྱི་ཡོད་པ་སོགས་བཀའ་འགྲེལ་དང་སྦྲགས། སྟོན་པའི་ཆོས་འཁོར་རིམ་པ་གསུམ་གྱི་སྐོར་ཆོས་འབྲེལ་བསྩལ་ཡོད་པ་རེད། ལྷག་དོན་མགོན་པོ་༸གང་ཉིད་མཆོག་གིས་ནང་པའི་གཞུང་ལུགས་ཁག་གཅིག་རྒྱ་ཡིག་ཐོག་ཏུ་ཡོད་པ་གང་ཞིག་བོད་ཡིག་ཐོག་མེད་པ་དེ་དག་བོད་ཡིག་ནང་ཚུར་ཕབ་བསྒྱུར་གནང་དགོས་པ་དང་། བོད་ཡིག་ནང་ཡོད་བཞིན་པའི་དབུ་མའི་གཞུང་དེ་དག་རྒྱ་ཡིག་དང་ཉི་ཧོང་གི་སྐད་ཡིག དེ་བཞིན་ཝི་ཏི་ནམ་སོགས་ཀྱི་སྐད་ཡིག་ནང་ཕར་ཕབ་བསྒྱུར་གནང་དགོས་པའི་བཀའ་སློབ་གནང་པ་མ་ཟད། ཝི་ཏི་ནམ་གྱི་མི་མང་རྣམས་རྒྱུན་དུ་མི་གྱོང་པོ་ཞིག་ཡིན་སྟབས་དེ་དག་གི་ཐོག་ལ་སྔར་ལྷག་འབད་བརྩོན་གནང་སྟེ་ཐོག་མར་ཚད་མ་རྣམ་འགྲེལ་དེ་བསྒྱུར་ཐུབ་པ་གནང་དགོས་སྐོར་བཀའ་བསྩལ་འདུག དེ་རིང་ཆོས་འབྲེལ་གྱི་ཉིན་མཐའ་མའི་སྐབས་སུ་ཝི་ཏི་ནམ་གྱི་དད་ལྡན་ཁག་གཅིག་ནས་མགོན་པོ་༸གང་ཉིད་མཆོག་ལ་རྒྱ་ནག་གཞུང་གིས་བོད་སེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་བཞིན་པའི་ཐད་ལ་དགོངས་ཚུལ་གང་ཡོད་བཀའ་འདྲི་ཞུས་པར། མགོན་པོ་མཆོག་ནས་དེ་སྔ་ཡང་རྒྱ་ནག་གཞུང་གིས་བོད་ཀྱི་འབྲས་སྤུངས་དགོན་པ་གཙོས་པའི་ཆོས་སྡེ་མང་པོ་ཞིག་གཏོར་བཤིག་བཏང་ཡོད་པ་སོགས་ལུང་འདྲེན་དང་སྦྲགས། རྒྱ་གཞུང་གིས་ད་ལྟ་གཏོར་བཤིག་གཏོང་བཞིན་པའི་བླ་རུང་ཆོས་སྒར་གྱི་གནས་སྟངས་དེ་སྔར་བཞིན་ཡིད་སྐྱོ་དགོས་པའི་གནད་དོན་ཞིག་ཡིན་པ་བཀའ་བརྩལ་དང་འབྲེལ། རྒྱ་ནག་གཞུང་གིས་སློབ་གཉེར་ཁང་དེའི་ནང་ལ་སློབ་གཉེར་གནང་བཞིན་པའི་སློབ་གཉེར་བའི་ཆོས་དད་དང་བསམ་བློ་ལ་དྲག་པོའི་ཐོག་ནས་དུས་ནམ་ཡང་འགྱུར་བ་གཏང་ཐུབ་ཀྱི་མ་རེད་ཅེས་བཀའ་ལན་མཛད་འདུག  

Latest news