Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

རྒྱ་གཞུང་གིས་ཨ་རི་གྲོས་ཚོགས་འཐུས་མི་རྣམས་ནས་༸གོང་ས་མཆོག་དང་འབྲེལ་ལམ་ཡོངས་རྫོགས་མཚམས་འཇོག་གནང་དགོས་པའི་ཉེན་བརྡ།

རྒྱ་ནག་གཞུང་གིས་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་རྣམ་པ་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་ཞུས་པར་སྐྱོན་བརྗོད་དང་འབྲེལ། ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ཀྱི་ངོས་ནས་༸གོང་མཆོག་དང་འབྲེལ་ཡོངས་རྫོགས་མཚམས་འཇོག་གནང་བྱེད་དགོས་པ་མ་ཟད། ད་བར་གྱི་འབྲེལ་ལམ་དེའི་བརྒྱུད་ནས་བྱུང་བའི་དཀའ་ངལ་ཁག་འཕྲལ་དུ་ཡོ་བསྲང་གནང་དགོས་པའི་ཉེན་བརྡ་བཏང་འདུག ཨ་རིའི་མང་གཙོ་ཚོགས་པའི་འགོ་ཁྲིད་ལྕམ་སྐུ་ Nancy Pelosi མཆོག་གིས་སྣེ་ཁྲིད་པའི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་བརྒྱད་ལས་གྲུབ་པའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་ཁ་ཉིན་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་༸གོང་ས་མཆོག་དང་ལྷན་མཇལ་མོལ་ཞུས་པ་མ་ཟད། ལྷག་དོན་བོད་མིར་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བཏོན་པའི་ཁྲོད། ཁ་སང་ཚེས་ ༡༠ ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Geng Shuang ཡིས་གསར་འགོད་ལྷན་ཚོགས་ཤིག་གི་བརྒྱུད་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་རྣམ་པས་བཞུགས་སྒར་དུ་༸གོང་ས་མཆོག་དང་ལྷན་མཇལ་མོལ་ཞུས་པ་དེས་འཛམ་གླིང་སྤྱི་ལ་བརྡ་ལན་ནོར་བ་ཞིག་སྤྲད་ཡོད་པ་མ་ཟད། ཨ་རི་གཞུང་ནས་བོད་རང་བཙན་གྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་གནང་རྒྱུ་མིན་པའི་ཁས་ལེན་དམ་བཅའ་དང་ཡོངས་སུ་འགལ་བ་ཞིག་ཆགས་ཡོད་པར་འགྲེལ་བརྗོད་བྱས་འདུག  དེ་བཞིན་ Geng Shuang ཡིས་ཨ་རིའི་གྲོས་ཚོགས་འཐུས་མི་ངོས་ནས་བོད་ཀྱི་གནད་དོན་ཐད་ངེས་པར་དུ་ཡིད་གཟབ་གནང་དགོས་པ་དང་། ཁྱད་པར་དུ་༸གོང་ས་མཆོག་དང་འབྲེལ་ལམ་ཡོངས་རྫོགས་འཕྲལ་མར་མཚམས་འཇོག་དགོས་པ་མ་ཟད། ད་བར་གྱི་འབྲེལ་ལམ་དེའི་བརྒྱུད་ནས་བྱུང་བའི་དཀའ་ངལ་ཁག་འཕྲལ་དུ་ཡོ་སྲང་གནང་དགོས་པའི་ཉེན་བརྡ་བཏང་འདུག དེ་བཞིན་གནད་དོན་དེར་རྒྱ་རིགས་ཉམས་ཞིབ་པ་ Lian Xiangmin ཡིས་རྒྱ་ནག་གཞུང་འབྲེལ་གྱི་Global Times བརྒྱུད་ལམ་ཐོག་ཐེངས་འདིའི་ཨ་རིའི་མང་གཙོ་ཚོགས་པའི་འགོ་ཁྲིད་ལྕམ་སྐུ་ Nancy Pelosi མཆོག་གི་གནང་སྤྱོད་དང་ཁོང་གི་ལྷན་དུ་ཡོད་པའི་གྲོས་ཚོགས་འཐུས་མི་གཞན་ཚོས་༸གོང་ས་མཆོག་གི་མཇལ་ཁ་ཞུས་པ་དེས་ཨ་རི་དང་རྒྱ་ནག་གཉིས་ཀྱི་ཕྱི་འབྲེལ་འབྲེལ་ལམ་ལ་དོ་ཕོག་བཏང་ཡོད་པ་མ་ཟད། རྒྱལ་ཁབ་གཉིས་པོའི་མང་ཚོགས་ཀྱི་མངོན་དང་ཡོངས་སུ་འགལ་ཡོད་ཚུལ་བཅས་བརྗོད་ཡོད་པ་རེད། རྩ་བའི་ཁ་སང་བོད་མིའི་སྒྲིག་འཛུགས་ཀྱིས་བཞུགས་སྒར་དུ་གོ་སྒྲིག་གནང་པའི་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་རྣམ་པར་དགའ་བསུའི་སྣེ་ལེན་གྱི་མཛད་སྒོ་དེའི་ཐོག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྐབས་དེར་ཨ་རིའི་གྲོས་ཚོགས་འཐུས་མི་གཙོ་བོར་གྱུར་པའི་ཨ་རི་གཞུང་ནས་ད་བར་བོད་མིའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་དང་གནང་མུས་ཡིན་པར་བསྔགས་བརྗོད་གནང་པ་དང་སྦྲགས་ཏེ་མ་འོངས་པར་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བར་འབོད་སྐུལ་ཞུས་སོང་བ་མ་ཟད། ད་རེས་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་མི་སྣ་བཞུགས་སྒར་དུ་ཆེད་ཕེབས་གནང་པ་དེས་བོད་ནང་གི་བོད་མི་ཚོར་རེ་བ་དང་། རྒྱ་ནག་གཞུང་ལ་དྲང་བདེན། དེ་བཞིན་རྒྱལ་སྤྱིའི་ཁྱོན་ལ་རང་དབང་གི་བརྡ་ལན་ཞིག་སྤྲོད་ཐུབ་ཡོད་སྐོར་གསུངས་སོང་། རྒྱ་ནག་གཅིག་གི་སྲིད་བྱུས་དང་བོད་མིའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཉིས་ལ་འགལ་ཟླ་རྩ་བ་མེད་སྟབས། ཨ་རིའི་གཞུང་འཛིན་གསར་པའི་ངོས་ནས་བོད་མིའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་དང་། ལྷག་  དོན་སྲིད་འཛིན་ Donald Trump མཆོག་ནས་༸གོང་ས་མཆོག་དང་ལྷན་མཇལ་མོལ་དང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་གང་མགྱོགས་བསྐོ་གཞག་གནང་སྟེ་བོད་རྒྱ་འབྲེལ་མོལ་སླར་གསོ་ཡོང་བར་འབད་བརྩོན་གནང་དགོས་པའི་རེ་འདུན་བཏོན་གནང་ཡོད། མཛད་སྒོ་དེའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་འདིར་ཨ་རི་མང་གཙོ་ཚོགས་པའི་འགོ་ཁྲིད་ལྕམ་སྐུ་ Nancy Pelosi མཆོག་གིས་སྣེ་ཁྲིད་པའི་ཆེས་མཐོའི་སྐུ་ཚབ་རྣམ་པ་བཞུགས་སྒར་དུ་ཕེབས་ནས་བོད་མིར་རྒྱབ་སྐྱོར་གྱི་རྣམ་པ་བཏོན་པ་དང་། དེ་བཞིན་བོད་མིར་གདུང་སེམས་མཉམ་བསྐྱེད་དང་དྲང་བདེན་ལ་རྒྱབ་སྐྱོར་གནང་པ་བཅས་ལ་བཀའ་དྲིན་ཆེ་ཞེས་བཀའ་གནང་པ་དང་འབྲེལ།  དེ་རིང་ང་ཚོ་འདིར་འདུ་འཛོམས་གནང་པ་ནི་རྒྱ་ནག་ལ་ངོ་རྒོལ་མཚོན་ཆེད་དུ་གནང་པ་ཞིག་རྩ་བ་ནས་མིན་སྐོར་བཀའ་ནན་མཛད་ཡོད་པ་རེད། ཁ་སང་བཙན་བྱོལ་བོད་མི་གཞུང་མང་གཉིས་ནས་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ལ་དགའ་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པའི་སྐབས། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་དང་མང་གཙོ་ཚོགས་པའི་འགོ་ཁྲིད་ལྕམ་སྐུ་ Nancy Pelosi མཆོག་གིས་མཛད་སྒོའི་ཐོག་༸གོང་ས་མཆོག་ལ་ཆེ་བསྟོད་དང་སྦྲགས་༸གོང་ས་མཆོག་ནི་ང་ཚོར་སེམས་བསྐུལ་གནང་མཁན་སྙིང་རྗེའི་བདག་ཉིད་ཅན་ཞིག་དང་ཕུགས་བསམ་ཅན་ཞིག་ཡིན་ཅེས་གསུངས་པ་དང་སྦྲགས། ང་ཚོ་འདིར་མགོན་པོ་༸གང་ཉིད་མཆོག་གི་མཇལ་འཕྲད་ཞུ་ཕྱིར་ཆེད་བཅར་ཞུས་པ་ཡིན་ཅེས་དང་། ཁྱད་པར་དུ་ལྕམ་སྐུ་མཆོག་གིས་བོད་མིའི་དཀའ་སྡུག་ལ་གདུང་སེམས་མཉམ་བསྐྱེད་གནང་པ་དང་འབྲེལ་རྒྱ་གཞུང་གིས་སྡུག་རྩུབ་ཅན་གྱི་ཐབས་བྱུས་འོག་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྩ་མེད་གཏོང་བཞིན་ཡོད་སྟབས། ང་ཚོས་ཕྱོགས་གང་ས་ནས་དེར་གདོང་ལེན་བྱ་རྒྱུ་ཡིན་ཅེས་མངོན་གསལ་གནང་ཡོད། གཞན་ཡང་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern མཆོག་དང་སྐུ་ཞབས་ Aliot Engel མཆོག དེ་བཞིན་ལྕམ་སྐུ་ Pramila Jayapal མཆོག་བཅས་ནས་ད་རེས་བཞུགས་སྒར་དུ་དམིགས་བསལ་༸གོང་ས་མཆོག་དང་ལྷན་མཇལ་མོལ་གནང་པ་དང་། ཁོང་རྣམས་ཞལ་གཅིག་གྲག་གིས་ཇི་སྲིད་བོད་མི་རྣམས་རང་ཡུལ་ལ་རང་དབང་གི་ཐོག་ནས་ཆོས་དང་རིག་གཞུང་སོགས་ཀྱི་དགའ་བདེའི་དཔལ་ལ་རོལ་མ་ཐུབ་བར་དུ་ང་ཚོ་དུས་རྟག་ཏུ་ཁྱེད་རྣམས་དང་ཁ་འབྲེལ་གྱི་མ་རེད་ཅེས་ནན་གསུངས་གནང་སོང་། ལྷག་པར་དུ་རྒྱ་གཞུང་ལ་གཉའ་གནོན་ཅན་གྱི་བྱ་སྤྱོད་དེ་མཚམས་འཇོག་བྱེད་དགོས་པ་མ་ཟད། བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུས་ནས་༸གོང་ས་མཆོག་གང་མགྱོགས་བོད་ལ་ཆིབས་བསྒྱུར་བསྐྱང་ཐུབ་ཆེད་ཐབས་ཤེས་སྒོ་ཀུན་ནས་ཞུ་རྒྱུ་ཡིན་ཅེས་གསུངས་ཡོད་པ་རེད།        

༸གོང་ས་མཆོག་གིས་ལྷོ་ཀོ་རི་ཡའི་འདེམས་ཐོན་སྲིད་འཛིན་མཆོག་ལ་འཚམས་འདྲི་གནང་པ།

ཁ་ཉིན་རེས་གཟའ་མིར་དམར་ཉིན་ལྷོ་ཀོ་རི་ཡ་སྲིད་འཛིན་འོས་བསྡུའི་ཁྲོད་སྐུ་ཞབས་ Moon Jae-In མཆོག་ལ་རྒྱལ་ཁ་ཐོབ་ནས་རྒྱལ་ཁབ་ཀྱི་སྲིད་འཛིན་ ༡༢ པར་འདེམས་ཐོན་བྱུང་བར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་བསུའི་འཚམས་འདྲི་བསྩལ་འདུག མགོན་པོ་མཆོག་གིས་འཚམས་འཕྲིན་དེའི་ནང་སྲིད་འཛིན་མཆོག་ལ་དེ་རིང་སང་ཉིན་གྱི་འཛམ་གླིང་འདི་དུས་ཚོད་ཉག་ཕྲ་བའི་དཀའ་ངལ་ཆེན་པོ་ཞིག་གི་འོག་འགྲོ་བཞིན་ཡོད་པའི་ཁྲོད། ས་གནས་མང་པོ་ཞིག་གི་བདེ་འཇགས་དང་ཞི་བདེར་ཉེན་ཁ་ཆེན་པོ་འཕྲད་བཞིན་ཡོད། གནས་སྟངས་དེ་འདྲའི་འོག་ང་ཚོས་ཀི་རི་ཡའི་མང་གཙོའི་ལམ་སྲོལ་གྱི་ནུས་པ་དེ་ལས་སེམས་ཤུགས་ཤིག་བསྐྱེད་འོས་ཀྱི་གནས་སུ་གྱུར་ཡོད་ཅེས་བཀའ་གནང་པ་མ་ཟད། ད་དུང་༸གོང་ས་མཆོག་གིས་ད་ལྟའི་དུས་སྐབས་འདིར་དེ་སྔ་དང་མི་འདྲ་བ། ཞི་བདེ་འདོད་མཁན་རྣམས་པ་ཕྱོགས་གཅིག་ཏུ་ལངས་ནས་རྩོད་རྙོག་དང་དཀའ་ངལ་ཁག ཕན་ཚུན་གུས་བརྩི་དང་བསམ་ཤེས། དེ་བཞིན་གཉིས་སྨན་གྲོས་མོལ་ཐོག་ནས་སེལ་ཐབས་གནང་གི་ཡོད་སྐོར་བཀའ་གནང་འདུག དགའ་བསུའི་འཚམས་འཕྲིན་དེའི་མཚམས་སུ་མགོན་པོ་མཆོག་གིས་སྲིད་འཛིན་གསར་པ་སྐུ་ཞབས་ Moon Jae-In མཆོག་གི་མ་འོངས་ལས་དོན་མཐའ་དག་བྱ་བ་ལམ་ལྷོང་ཡོང་བའི་ཐུགས་སྨོན་ཡོད་ཅེས་ཀྱང་གསུངས་འདུག

༸གོང་ས་མཆོག་གིས་རྒྱ་ནག་ལ་གྲོགས་པོའི་འདུ་ཤེས་འཛིན་ཏེ་བོད་ཀྱི་དཀའ་རྙོག་སེལ་དགོས་ཀྱི་རེད་ཅེས་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བཙན་བྱོལ་བོད་མི་གཞུང་དམངས་གཉིས་ནས་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ལ་དགའ་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་དང་། ༸གོང་ས་མཆོག་གིས་སྐབས་དེར་ཆེས་མཐོའི་སྐུ་ཚབ་རྣམ་པ་ད་རེས་བཞུགས་སྒར་དུ་ཕེབས་ནས་གཞིས་བྱེས་བོད་མི་ཡོངས་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བཏོན་པར་བཀའ་དྲིན་ཆེ་ཞེས་གསུངས་པ་དང་འབྲེལ། དེ་རིང་ང་ཚོ་འདིར་འདུ་འཛོམས་གནང་པ་ནི་རྒྱ་ནག་ལ་ངོ་རྒོལ་མཚོན་ཆེད་དུ་གནང་པ་ཞིག་རྩ་བ་ནས་མིན་སྐོར་བཀའ་གནང་པ་མ་ཟད། ང་ཚོའི་ངོས་ནས་རྒྱ་ནག་ལ་གྲོགས་པོའི་འདུ་ཤེས་འཛིན་ཏེ་བོད་ཀྱི་གནད་དོན་སེལ་དགོས་ཀྱི་རེད་ཅེས་བཀའ་བསྩལ་མཛད་སོང། དེ་རིང་ཟླ་ ༥ ཚེས་ ༡༠ ཉིན་སྔ་དྲོ་ཚོུད་ ༩ སྟེང་བོད་མིའི་སྒྲིགས་འཛུགས་ཀྱིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ཁང་དུ་གོ་སྒྲིག་གནང་པའི་གཞུང་འབྲེལ་མཛད་སྒོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཨ་རིའི་མང་གཙོ་ཚོགས་པའི་འགོ་ཁྲིད་ལྕམ་སྐུ་ Nancy Pelosi མཆོག་གིས་སྣེ་ཁྲིད་པའི་གྲོས་ཚོགས་འཐུས་མི་བརྒྱད་ལས་གྲུབ་པའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་དང་དེ་བཞིན་ཁོང་རྣམས་དང་ལྷན་དུ་གཞུང་འབྲེལ་ལས་བྱེད་ཁག་ཅིག་བཅས་ཁྱོན་ ལས་བྱེད་ ༣༠ ལྷག་ཕེབས་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཀྱིས་དབུས་པའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་སེར་སྐྱ་མང་ཚོགས་བཅས་ཁྱོན་མི་ཚོགས་སྟོང་ཕྲག་བརྒལ་བ་ལྷན་ཞུགས་གནང་ཡོད་པ་རེད། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྐབས་དེར་ཨ་རིའི་གྲོས་ཚོགས་འཐུས་མི་གཙོ་བོར་གྱུར་པའི་ཨ་རི་གཞུང་ནས་ད་བར་བོད་མིའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་དང་གནང་མུས་ཡིན་པར་བསྔགས་བརྗོད་གནང་པ་དང་སྦྲགས་ཏེ་མ་འོངས་པར་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བར་འབོད་སྐུལ་ཞུས་སོང་བ་མ་ཟད། ད་རེས་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་མི་སྣ་བཞུགས་སྒར་དུ་ཆེད་ཕེབས་གནང་པ་དེས་བོད་ནང་གི་བོད་མི་ཚོར་རེ་བ་དང་། རྒྱ་ནག་གཞུང་ལ་དྲང་བདེན། དེ་བཞིན་རྒྱལ་སྤྱིའི་ཁྱོན་ལ་རང་དབང་གི་བརྡ་ལན་ཞིག་སྤྲོད་ཐུབ་ཡོད་སྐོར་གསུངས་སོང་། རྒྱ་ནག་གཅིག་གི་སྲིད་བྱུས་དང་བོད་མིའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཉིས་ལ་འགལ་ཟླ་རྩ་བ་མེད་སྟབས། ཨ་རིའི་གཞུང་འཛིན་གསར་པའི་ངོས་ནས་བོད་མིའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་དང་། ལྷག་  དོན་སྲིད་འཛིན་ Donald Trump མཆོག་ནས་༸གོང་ས་མཆོག་དང་ལྷན་མཇལ་མོལ་དང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་གང་མགྱོགས་བསྐོ་གཞག་གནང་སྟེ་བོད་རྒྱ་འབྲེལ་མོལ་སླར་གསོ་ཡོང་བར་འབད་བརྩོན་གནང་དགོས་པའི་རེ་འདུན་བཏོན་གནང་སོང་། ཕྱོགས་མཚུངས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམ་བསྟན་འཕེལ་མཆོག་ནས་ཀྱང་ཨ་རིའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་རྣམ་པར་དགའ་བསུ་དང་སྦྲགས། ཨ་རི་གཞུང་གི་རྒྱབ་སྐྱོར་ལ་བརྟེན་ནས་བོད་དོན་འཐབ་རྩོད་ཀྱི་ནུས་པ་ཇེ་ཆེར་སོང་ཡོད་པ་དང་དེས་བོད་མིར་རེ་བ་དང་སེམས་ཤུགས་འཕར་མ་ཞིག་སྤྲོད་རྒྱུར་ཕན་ཐོགས་ཆེན་པོ་ཡོང་གི་འདུག་ཅེས་གསུངས་ཡོད། གཞི་རྩའི་ཐེངས་འདིའི་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་དེའི་ནང་ཨ་རིའི་མང་གཙོ་དང་སྤྱི་མཐུན་ཚོགས་པ་གཉིས་ཀའི་སྐུ་ཚབ་ཡོད་པ་མ་ཟད། དེའི་ཁོངས་སུ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་གིས་དབུས་པའི་གྲོས་ཚོགས་འཐུས་མི་བཞི་དེ་སྔ་ཕྱི་ལོ་ ༢༠༡༥ལོར་བོད་ནང་དུ་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་གི་ངོ་བའི་ཐོག་ནས་གཟིགས་སྐོར་ལ་ཕེབས་མྱོང་ཡོད་པ་རེད་། མཛད་སྒོའི་ཐོག་ཏུ་ལྕམ་སྐུ་ Nancy Pelosi མཆོག་གིས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པ་རྩ་མེད་བཏང་དང་གཏོང་བཞིན་པ་དེ་ནི་འཛམ་གླིང་ཡོངས་ཀྱི་བཟང་སྤྱོད་ཀྱི་ལྟ་གྲུབ་ལ་དྲི་བ་ཞིག་ཆགས་ཀྱི་ཡོད་པ་དང། ང་ཚོའི་ངོས་ནས་མཉམ་འབྲེལ་ཐོག་དེར་གདོང་ལེན་བྱེད་དགོས་ཀྱི་འདུག་ཅེས་གསུངས་སོང་། ཁོང་རྣམས་ནས་མུ་མཐུད་བོད་མིར་རྒྱབ་སྐྱོར་གྱིས་བོད་ཀྱི་དཀའ་རྙོག་མ་སེལ་བར་དུ་འཐབ་རྩོད་གནང་རྒྱུ་མ་ཟད། མགོན་པོ་༸གང་ཉིད་མཆོག་དགུང་གྲངས་ ༡༡༣ བར་བཞུགས་རྒྱུའི་རེ་བ་ཞུ་བཞིན་ཡོད་ཅེས་གསུངས་ཡོད་པ་རེད། དེ་བཞིན་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་རྒན་གྲས་སྐུ་ཞབས་ Jim Sensenbreaner མཆོག་གིས་༸གོང་ས་མཆོག་ལ་དད་གུས་དང་བོད་དོན་ལ་རྒྱབ་སྐྱོར་ཐོག་ཐུག་སྐབས་ཨ་རིའི་གྲོས་ཚོགས་ནང་དུ་ཆབ་སྲིད་ཚོགས་པ་ནང་ཁུལ་བསམ་ཚུལ་མི་མཐུན་པ་རྩ་བ་ནས་མེད་སྐོར་འགྲེལ་བརྗོད་གནང་པ་མ་ཟད། ཨ་རིའི་གཞུང་ནས་ད་བར་དྲང་བདེན་ལ་རྒྱབ་སྐྱོར་གནང་དང་གནང་མུས་ཡིན་པ་རེད། ཁྱད་པར་དུ་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་དང་བོད་ཀྱི་དཀའ་རྙོག་མ་སེལ་བར་དུ་ཨ་རི་གཞུང་ནས་མུ་མཐུད་འབད་རྩོན་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་ནན་བརྗོད་གནང་སོང། གཞན་ཡང་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern མཆོག་དང་སྐུ་ཞབས་ Aliot Engel མཆོག དེ་བཞིན་ལྕམ་སྐུ་ Pramila Jayapal མཆོག་བཅས་ནས་ད་རེས་བཞུགས་སྒར་དུ་དམིགས་བསལ་༸གོང་ས་མཆོག་དང་ལྷན་མཇལ་མོལ་གནང་པ་དང་། ལྷག་དོན་བོད་མིར་རྒྱབ་སྐྱོར་མཚོན་ཆེད་དུ་འདི་གར་བཅར་ཐུབ་པར་དགའ་སྤོབས་ཆེན་པོ་བྱུང་ཞེས་གསུངས་པ་དང་ཆབས་ཅིག ༸གོང་ས་མཆོག་འཛམ་གླིང་འདིའི་ནང་སྐུ་འཁྲུངས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། སྐུ་ཞབས་ Engel མཆོག་གིས་རྒྱ་གཞུང་ལ་བོད་ནས་ཕྱིར་ལོག་བྱེད་དགོས་པ་དང་བོད་ཀྱི་མ་འངོས་གནས་བབ་ཐག་གཅོད་གནང་རྒྱུའི་འགན་དབང་དེ་བོད་མིར་ཡོད་པའི་བརྡ་ལན་ཞིག་གནང་སོང་། མཛད་སྒོ་དེའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་འདིར་ཨ་རི་མང་གཙོ་ཚོགས་པའི་འགོ་ཁྲིད་ལྕམ་སྐུ་ Nancy Pelosi མཆོག་གིས་སྣེ་ཁྲིད་པའི་ཆེས་མཐོའི་སྐུ་ཚབ་རྣམ་པ་བཞུགས་སྒར་དུ་ཕེབས་ནས་བོད་མིར་རྒྱབ་སྐྱོར་གྱི་རྣམ་པ་བཏོན་པ་དང་། དེ་བཞིན་རྒྱལ་སྤྱིའི་ཁྲོད་བོད་མིར་རྒྱབ་སྐྱོར་གནང་མཁན་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་པ་དེ་ནི་དཔལ་འབྱོར་དང་ཆབ་སྲིད་ཀྱི་རྒྱབ་བརྟེན་སོགས་གང་ལའང་བརྟེན་ནས་མིན་པར་གཙོ་བོ་བོད་མིའི་དྲང་བདེན་དང་འཚེ་མེད་ཞི་བའི་འཐབ་རྩོད། བོད་མིའི་བྱམས་བརྩེའི་རིག་གཞུང་ལ་བརྟེན་ནས་གནང་པ་ཞིག་ཡིན་སྟབས། ང་ཚོས་གཞན་ལ་བྱམས་བརྩེ་སྤེལ་བའི་བརྒྱུད་བོད་ཀྱི་བདེན་མཐའ་སེལ་རྒྱུ་དང་ཁྱད་པར་དུ་རྒྱལ་སྤྱིའི་ཁྲོད་མིག་དཔེ་བཏོན་ཐུབ་པ་ཞིག་བྱེད་དགོས་པའི་ལམ་སྟོན་མཛད་སོང། ༸གོང་ས་མཆོག་གིས་ད་དུང་འདས་པའི་ལོ་རྒྱུས་ནང་གོ་མཚོན་གྱི་ནུས་པར་བརྟེན་ནས་དཀའ་ངལ་སེལ་ཐུབ་ཀྱི་མེད་པ་དང། མ་འོངས་པ་ནའང་ཐབས་ལམ་དེའི་ཐོག་ནས་དཀའ་ངལ་སེལ་ཐུབ་ཀྱི་མ་རེད་ཅེས་བཀའ་བསྩལ་གནང་པ་དང་འབྲེལ། རྒྱ་ནག་ལ་གྲོགས་པོའི་འདུ་ཤེས་འཛིན་ཏེ་བོད་ཀྱི་དཀའ་རྙོག་སེལ་དགོས་པ་དང་། དེ་རིང་ང་ཚོ་འདིར་འདུ་འཛོམས་གནང་པ་ནི་རྒྱ་ནག་ལ་ངོ་རྒོལ་མཚོན་ཆེད་དུ་གནང་པ་ཞིག་རྩ་བ་ནས་མིན་སྐོར་བཀའ་ནན་མཛད་ཡོད་པ་རེད། གཞི་རྩའི་ཨ་རིའི་གྲོས་ཚོགས་འཐུས་མིའི་ཆེས་མཐོའི་སྐུ་ཚབ་རྣམ་པ་ཁ་སང་ཉིན་རྒྱབ་བཞུགས་སྒར་དུ་ཆེད་ཕེབས་གནང་ཡོད་པ་དང། ཁོང་རྣམས་ཀངྒ་ར་གནམ་ཐང་ནས་ཐད་ཀར་༸རྒྱལ་བའི་ཕོ་བྲང་དུ་ཕེབས་ནས་༸གོང་ས་མཆོག་དང་ལྷན་མཇལ་མོལ་ཞུས་པ་མ་ཟད། རྡ་སྟེང་བོད་ཁྱིམ་དང་བཀའ་ཤག སྤྱི་འཐུས་ལྷན་ཚོགས་བཅས་སུ་གཟིགས་སྐོར་དང། ལྷག་པར་དེ་རིང་སྔ་དྲོ་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འཐུས་མི་རྣམས་དང་མཇལ་མོལ་གནང་ཡོད་པ་རེད། རྒྱ་གར་དུ་མ་ཕེབས་གོང་བལ་ཡུལ་ལ་ཆེད་ཕེབས་ཀྱིས་རྒྱལ་ཁབ་དེའི་སྲིད་བློན་དང་སྲིད་འཛིན་བཅས་མཇལ་འཕྲད་གནང་སྟེ་བོད་མི་སྐྱབས་བཅོལ་བའི་གནད་དོན་སྐོར་གླེང་མོལ་གནང་ཡོད་པ་རེད།

༸གོང་ས་མཆོག་དང་ བོད་མིའི་སྒྲིག་འཛུགས་ནས་ཕ་རན་སི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་གནང་པ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕ་རན་སི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་སྐུ་ཞབས་ Emmanuel Macron མཆོག་ལ་རྒྱལ་ཁ་ཐོབ་ནས་སྲིད་འཛིན་དུ་འོས་འདེམས་བྱུང་བར་འཚམས་འདྲིའི་གསུང་འཕྲིན་བསྩལ་འདུག ཁ་སང་ཚེས་ ༧ ཉིན་ཕ་རན་སི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་སྐུ་ཞབས་ Emmanuel Macron མཆོག་ལ་ཡུལ་དེའི་སྲིད་འཛིན་སྐབས་ ༢༥ པར་བདམས་ཐོན་བྱུང་འདུག བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་ཚེས་ ༧ ཉིན་འདི་ག་བཞུགས་སྒར་ནས་ Emmanuel Macron མཆོག་ལ་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་ཏེ། མགོན་པོ་༸གང་ཉིད་མཆོག་ནི་གཞི་རྒྱ་ཆེ་བའི་སྤྱི་ཚོགས་སྤྱིའི་ཕུགས་ཀྱི་ལས་དོན་ཐོག་ཐུགས་འཁུར་བཞེས་མཁན་ཡུ་རོབ་མཐུན་ཚོགས་ཀྱི་སྒྲོམ་གཞིར་ཡི་རངས་བསྔགས་བརྗོད་གནང་མཁན་ཞིག་ཡིན་པ་མ་ཟད། ཡུ་རོབ་མཐུན་ཚོགས་ཀྱི་སྒྲོམ་གཞི་དེ་རིམ་པས་རྒྱ་བསྐྱེད་ཐོག གླིང་ཆེན་གཞན་ཚོར་དམིགས་དཔེ་འོས་པ་ཞིག་ཆགས་རྒྱུའི་ཐུགས་རེ་གནང་བཞིན་ཡོད་པ་བཀའ་སྩལ་འདུག ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་ནས་ཕ་རན་སིའི་རྒྱལ་ཁབ་དེ་ནི་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་གཙོ་གྲས་ཤིག་ཆགས་ཀྱི་ཡོད་སྟབས། བདམས་ཐོན་སྲིད་འཛིན་མཆོག་གིས་སྣེ་ཁྲིད་འོག་ཡུ་རོབ་མཐུན་ཚོགས་ཀྱི་དཀའ་ངལ་ཁག་ལ་གདོང་ལན་གྱིས་མ་འོངས་པའི་ལས་དོན་རྣམས་ལམ་ལྷོང་ཡོང་བའི་ཐུགས་རེ་ཡོད་ཅེས་བཀའ་བསྩལ་འདུག གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཀྱང་སྐུ་ཞབས་ Emmanuel Macron མཆོག་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པར་འཚམས་འདྲི་དང་སྦྲགས། ཐེངས་འདིའི་འོས་བསྡུའི་རྒྱལ་ཁ་དེས་ཕ་རན་སིའི་མང་ཚོགས་ཀྱི་གཅིག་སྒྲིལ་གྱི་རྣམ་པ་དང་། ལྷག་པར་དུཕ་རན་སི་རྒྱལ་ཁབ་ཀྱི་གཞི་རྩའི་རྩ་འཛིན་ཏེ་རང་དབང་དང་འདྲ་མཉམ། དེ་བཞིན་མཐུན་སྒྲིལ་བཅས་མཚོན་གྱི་ཡོད་པ་གསུངས་འདུག སྲིད་སྐྱོང་མཆོག་ནས་དེ་སྔ་ཕྱི་ལོ་ ༢༠༠༨ ལོར་ཕ་རན་སིའི་རྒྱལ་ས་པེ་རི་སི་ནས་བོད་མིར་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གྲོང་ཁྱེར་དེའི་ཆེ་བསྟོད་མི་སེར་གྱི་ཕྱག་འཁྱེར་ཕུལ་བ་མ་ཟད། སྐུ་ཞབས་ Emmanuel Macron མཆོག་ནས་ཀྱང་དེ་སྔ༌༸གོང་ས་མཆོག་དང་ལྷན་མཇལ་མོལ་ཞུས་སྐབས་བོད་དོན་ལ་རྒྱབ་སྐྱོར་ཡོད་སྐོ་གསུངས་པ་ལུང་འདྲེན་གྱིས་ད་ལྟ་སྐུ་ཞབས་ Emmanuel Macron མཆོག་དངོས་སུ་ཕ་རན་སིའི་སྲིད་འཛིན་ཆགས་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་སྲིད་འཛིན་མཆོག་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལྟར་བོད་དོན་ཐད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད། གཞི་རྩའི་ཁ་སང་ཕ་རན་སི་རྒྱལ་ཡོངས་ནང་དུ་གནང་པའི་སྲིད་འཛིན་འོས་བསྡུའི་ཁྲོད་རང་ལོ་ ༣༩ སོན་པའི་སྐུ་ཞབས་ Emmanuel Macron མཆོག་ལ་འོས་བརྒྱ་ཆ་ ༦༥.༥ ཐོབ་སྟེ་ཕ་རན་སི་སྲིད་འཛིན་གསར་པར་འོས་འདེམས་བྱུང་ཡོད་པ་དང་། ཁོང་ནི་ཕ་རན་སིའི་ལོ་རྒྱུས་ནང་གི་སྲིད་འཛིན་ལོ་ན་ཆུང་ཤོས་དེ་ཆགས་ཡོད་པ་རེད།    

༸གོང་ས་མཆོག་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ Botswana ནང་དུ་ཆིབས་བསྒྱུར་མཛད་གཏན་འཁེལ་འདུག

༸གོང་ས་མཆོག་རིང་མིན་ཟླ་ ༨ པའི་ནང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ Botswana ནང་དུ་ལུས་སེམས་སྲོག་གི་ལྷན་ཚོགས་ཐོག་དབུ་བཞུགས་གནང་ཕྱིར་ཆིབས་བསྒྱུར་མཛད་གཏན་འཁེལ་འདུག དེ་ཡང་ Botswana Dialogue ཞེས་པའི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་ཧྥེ་རི་ཁའི་རྒྱལ་ཁབ་  Botswana རྒྱལ་ས་ Gaborone ནང་དུ་རྟེན་གཞི་བྱས་པའི་གཙུག་ལག་སློབ་གཉེར་ཁང་གི་ནང་དུ་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༡༧ ནས་ ༡༩ བར་བཅས་ཉིན་གྲངས་ ༣ རིང་འཚོགས་གཏན་འཁེལ་བའི་ལུས་སེམས་སྲོག་གི་ལྷན་ཚོགས་ཐོག་དབུ་བཞུགས་གནང་རྒྱུ་ཡིན་པ་དང་། མགོན་པོ་༸གང་ཉིད་ཡུལ་དེའི་ནང་ཆིབས་བསྒྱུར་མཛད་པ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། ལྷན་ཚོགས་དེའི་ཐོག་ Africa གླིང་ཆེན་ཐོག་གི་ཆོས་ཕྱོགས་དང་མང་ཚོགས་ཀྱི་དབུ་ཁྲིད། ཚན་རིག་པ་དང་ཤེས་ལྡན་མི་སྣ། སྨན་པ་སོགས་མང་དག་ཞིག་ལྷན་འཛོམས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང། དབང་རྩའི་རིག་པའི་ཚན་རིག་པ་རྣམས་ཀྱི་ལྷན་དུ་ Botho/Ubuntu ཞེས་པའི་ཨ་ཕི་རི་ཀའི་གདོད་མའི་མི་རིགས་རྣམས་ཀྱི་ཁྲོད་ལ་གནའ་སྔ་མོ་ནས་དར་ཁྱབ་ཡོད་པའི་བསམ་བློའི་རིག་གཞུང་སྐོར་གོ་བསྡུར་སྦྱངས་བཤད་གནང་རྒྱུ་རེད་འདུག དེའང་ Botho/Ubuntu རིག་གཞུང་གི་ལྟ་གྲུབ་གཙོ་བོ་ནི་ I am because you are ཞེས་ཁྱེད་ལ་བརྟེན་ནས་ང་ཞེས་གཅིག་ལ་གཅིག་བརྟེན་གྱི་བསམ་བློའི་ཐོག་ནས་འགྲོ་བ་མིའི་རིན་ཐང་བརྩི་བཞིན་པ་དེ་དང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་བཀའ་སློབ་ལམ་སྟོན་གནང་བཞིན་པ་དང་ཆེས་མཐུན་གྱི་ཡོད་པ་རེད་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ཡུལ་གྲུ་གང་གི་ནང་དུ་ཕེབས་ཀྱང་རྒྱ་གཞུང་གིས་རྒྱལ་ཁབ་དེ་དག་ལ་༸གོང་ས་མཆོག་ཁུལ་དེར་ཕེབས་བཅུག་རྒྱུ་མེད་པ་དང་། འགོ་ཁྲིད་རྣམས་ལ་མགོན་པོ་༸གང་ཉིད་མཆོག་གི་ལྷན་དུ་མཇལ་འཕྲད་གནང་རྒྱུ་མེད་པར་གནོན་ཤུགས་སྤྲོད་མུས་ཡིན་སྟབས། དེ་སྔ་༸གོང་ས་མཆོག་ལྷོ་ཨ་ཧྥེ་རི་ཁའི་ནང་གི་ཆིབས་བསྒྱུར་ཐེངས་ཁ་ཤས་ཕྱིར་འཐེན་གནང་དགོས་བྱུང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་ལྷོ་ Africa སྐུ་ཚབ་དོན་གཅོད་ཞིང་ཆེན་དངོས་གྲུབ་རྡོ་རྗེ་ལགས་སུ་མགོན་པོ་༸གང་ཉིད་མཆོག་གི་ཐེངས་འདིའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ Botswana ནང་དུ་ཆིབས་བསྒྱུར་དང་འབྲེལ་བའི་སྐོར་ལ་བཀའ་འདྲི་ཞུས་པར་ཁོང་༸གོང་ས་མཆོག་ཁུལ་དེའི་ནང་ལ་ཉིན་གྲངས་ ༣ རིང་འཚོགས་གཏན་འཁེལ་བའི་ལུས་སེམས་སྲོག་གི་ལྷན་ཚོགས་ཐོག་དབུ་བཞུགས་གནང་རྒྱུ་དང་ཉིན་མཐའ་མའི་སྐབས་སུ་སློབ་ཕྲུག་རྣམས་ལ་བཀའ་སློབ་བསྩལ་ཡིན་པ་སོགས་གསུངས་སོང་།

རྒྱ་གཞུང་གིས་༸གོང་ས་མཆོག་རྟ་དབང་ཁུལ་དུ་ཆིབས་བསྒྱུར་མཛད་པར་ཁ་གཡར་ནས་ལྡི་ལི་ནང་གི་ཚོགས་འདུ་ཞིག་ལས་ཕྱིར་འཐེན།

རྒྱ་ནག་གཞུང་གིས་ཉེ་སྔོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྟ་དབང་ནང་དུ་ཆིབས་བསྒྱུར་མཛད་པ་དེར་མ་འདོད་པའི་རྣམ་འགྱུར་ཆེད་བཏོན་གྱིས་རྒྱ་དཀར་ནག་དང་ཨུ་རུ་སུ་བཅས་ཀྱི་ཕྱི་སྲིད་བློན་ཆེན་གྱི་ཚོགས་འདུ་ལས་ཕྱིར་འཐེན་བྱས་འདུག རྩ་བའི་རྒྱ་གར་ཕྱི་སྲིད་བློན་ལྕམ་ Sushma Swaraj མཆོག་གི་སྣེ་ཁྲིད་འོག་ཟླ་ ༤ ཚེས་ ༡༤ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱལ་ཁབ་གསུམ་པོ་དེ་དག་གི་ཕྱི་སྲིད་བློན་ཆེན་མཉམ་འཛོམས་ཐོག་ཕྱི་འབྲེལ་ལས་དོན་ཚོགས་འདུ་ཞིག་ཚོགས་རྒྱུར་གཏན་འཁེལ་གནང་ཡོད་པ་རེད། དེ་རིང་ཟླ་ ༥ ཚེས་ ༥ ཉིན་རྒྱ་གར་གྱི་གར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། རྒྱ་ནག་ཕྱི་སྲིད་བློན་ཆེན་ Wang Yi ཡིས་ད་ལན་རྒྱ་ཁབ་གསུམ་གྱི་ཚོགས་འདུར་མཉམ་ཞུགས་ཀྱི་ཁས་ལེན་བྱེད་མེད་པ་དང་འདི་བཞིན་ཟླ་བ་སྔོན་མའི་ནང་༸གོང་ས་མཆོག་རྒྱ་གར་བྱང་ཤར་ཁུལ་དང་ལྷག་པར་དུ་མོན་རྟ་དབང་ནང་དུ་ཆིབས་བསྒྱུར་བསྐྱངས་ཡོད་སྟབས། རྒྱ་ནག་གཞུང་ནས་དེར་ཆེས་ཁྲོ་པར་བརྟེན་ཐེངས་འདིའི་རྒྱལ་ཁབ་གསུམ་པོའི་ཚོགས་འདུར་མཉམ་ཞུགས་བྱས་མེད་པར་འགྲེལ་བརྗོད་བྱས་ཡོད། རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་རྒྱ་ནག་ཕྱི་སྲིད་བློན་ཆེན་སྲིད་བློན་ཆེན་ Wang Yi ཚོགས་འདུ་དེའི་ནང་མཉམ་ཞུགས་ཡོང་ཆེད་དུ་དུས་ཚོད་ཆེད་སྒྲིག་གིས་ཟླ་ ༤ ཚེས་ ༢༠ ནས་ ༣༠ བར་ཚོགས་རྒྱུར་གཏན་འབེབས་གནང་ཡོད་ཀྱང་། རྒྱ་གཞུང་གི་ངོས་ནས་ཚོགས་དེའི་ཐོག་ལ་མཉམ་ཞུགས་བྱེད་པར་ཁས་ལེན་གང་ཡང་མ་བྱེད་སྟབས་ཐེངས་འདིའི་རྒྱལ་ཁབ་གསུམ་པོའི་ཚོགས་འདུ་དེ་ཚོགས་ཐུབ་མེད་པ་རེད། རྒྱ་གར་གཞུང་གིས་ཉེ་སྔོན་༸གོང་ས་མཆོག་ཨ་རུ་ནཱ་ཅལ་ཁུལ་དུ་ཆིབས་བསྒྱུར་མཛད་པ་དེ་ནི་ཆོས་ཕྱོགས་ཁོ་ནའི་མཛད་འཕྲིན་བསྐྱང་ཕྱིར་ཆེད་ཕེབས་གནང་པ་ཞིག་ལས་དེ་མིན་ཆབ་སྲིད་དང་འབྲེལ་བ་གང་ཡང་མེད་པ་དང་། ལྷག་དོན་མགོན་པོ་༸གང་ཉིད་མཆོག་རྒྱ་གར་གྱི་སྐུ་མགྲོན་ཞིག་ཡིན་པས་རྒྱ་གར་གྱི་ས་ཁུལ་གང་དུ་ཕེབས་ཀྱང་མགོན་པོ་༸གང་ཉིད་མཆོག་གི་ཐུགས་འདོད་ལྟར་རང་དབང་ཡོད་ཅེས་འགྲེལ་བརྗོད་གནང་ཡོད། རྒྱ་གཞུང་གིས་རྒྱ་གར་དབུས་གཞུང་གིས་༸གོང་ས་མཆོག་ཨ་རུ་ནཱ་ཅལ་ཁུལ་དུ་ཆིབས་བསྒྱུར་མཛད་རྒྱུ་དེ་ཡོངས་ཁྱབ་གནང་པ་ནས་བཟུང་སྟེ་༸གོང་ས་མཆོག་གི་ཆིབས་བསྒྱུར་ཐད་ལ་སྐྱོན་བརྗོད་མང་དག་ཞིག་ཞུས་པ་དང་། རྒྱ་ནག་ཕྱི་སྲིད་མགྲིན་ཚབ་པ་ Hua Chunying ཡིས་རྒྱ་གར་གྱི་གཞུང་ཚབ་ཆེན་མོ་སྐུ་ཞབས་ Vijay Gokhale མཆོག་ཆེད་འབོད་ཀྱིས་སྐུ་ཞབས་ཁོང་ལ་ཐེངས་འདིའི་༸གོང་ས་མཆོག་གི་ཨ་རུ་ནཱ་ཅལ་ནང་གི་ཆིབས་བསྒྱུར་ཐད་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་བཏོན་པ་དང་སྦྲགས། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་ངེས་ཡིན་པའི་ཉེན་བརྡ་བཏང་པ་མ་ཟད། ཉེ་ཆར་རྒྱ་གཞུང་གིས་ཨ་རུ་ནཱ་ཅལ་ཁུལ་གྱི་ས་གནས་ཁག་ཅིག་ལ་མིང་གསར་པ་བཏགས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད། འོན་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རུ་ནཱ་ཅལ་ཁུལ་དུ་ཆིབས་བསྒྱུར་མཛད་པ་དང་བསྟུན་གསར་འགོད་པ་ཚོར་དུས་ཚོད་སྔ་རྗེས་སུ་བཀའ་ལན་བསྩལ་བར་ད་ལན་གྱི་ཆིབས་བསྒྱུར་ནི་ཆབ་སྲིད་དང་འབྲེལ་བ་རྩ་བ་ནས་མེད་ཅེས་བཀའ་ནན་གནང་པ་དང་། རྒྱ་གཞུང་ནས་དེར་ཡིད་ཆེས་མེད་ཚེ་ཁོ་རང་ཚོའི་ལས་བྱེད་གཅིག་འདིར་དངོས་སུ་བཏང་ནས་ངོས་ནས་ལས་ཀ་གང་ཞིག་བྱེད་ཀྱི་ཡོད་མེད་བལྟ་ན་འགྲིག་གི་རེད་ཅེས་བཀའ་བསྩལ་ཕེབས་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་རྒྱ་གར་དང་རྒྱ་ནག་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་གོང་འཕེལ་ཡོང་ཐབས་སུ་རྒྱ་གར་གཞུང་གི་ངོས་ནས་ཁ་ཆེའི་ཆོས་ལུགས་པ་ཚོར་ Mecca གནས་མཇལ་ཆེད་ Hujj གནས་སྐོར་གྱི་མཐུན་རྐྱེན་བསྐྲུན་གྱི་ཡོད་པ་ལྟར་རྒྱ་རིགས་ནང་པ་ཚོ་ལའང་དེ་མཚུངས་ཀྱི་མཐུན་རྐྱེན་བསྐྲུན་ཐུབ་ཚེ་དགེ་མཚན་ཡོད་པ་སོགས་བཀའ་བསྩལ་མཛད་ཡོད་པ་རེད།

བོད་མིའི་ཁྲོད་དུ་༸གོང་ས་མཆོག་གི་དགོངས་གཞིར་ཞིབ་འཇུག་གཏིང་ཟབ་བྱེད་མཁན་དཀོན་པོ་འདུག

བོད་ཡིག་ནང་བསྒྱུར་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རང་རྣམ་བཙན་བྱོལ་ནང་གི་རང་དབང་ཞེས་པའི་ཕྱག་དེབ་དབུ་འབྱེད་མཛད་སྒོར་ ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་མིའི་ཁྲོད་དུ་༸གོང་ས་མཆོག་གི་དགོངས་གཞིར་ཞིབ་འཇུག་གཏིང་ཟབ་བྱེད་མཁན་དཀོན་པོ་འདུག་ཅེས་གསུངས་སོང་། ཕྱི་ལོ་ ༡༩༩༡ ལོར་ཐོག་མར་དབྱིན་ཡིག་ཐོག་པར་སྐྲུན་ཞུས་པའི་ཆེས་སྙན་གྲགས་ཆེ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ Autobiography འམ་མགོན་པོ་༸གང་ཉིད་མཆོག་གི་རང་རྣམ་ Freedom in Exile ཞེས་པའི་ཕྱག་དེབ་དེ་༸སྐུའི་དབྱིན་སྐད་གསུང་སྒྱུར་བ་བསྟན་འཛིན་ཤེས་རབ་ལགས་ཀྱིས་བོད་ཡིག་ནང་ཕབ་བསྒྱུར་གནང་པ་དང་བོད་ཀྱི་དཔེ་མཛོད་ཁང་གིས་ཕྱག་དེབ་དེ་པར་སྐྲུན་གནང་ཡོད་པ་རེད། ཁ་སང་ཟླ་ ༥ ཚེས་ ༣ ཉིན་ཕྱི་དྲོ་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རང་རྣམ་<<བཙན་བྱོལ་ནང་གི་རང་དབང་>>ཞེས་པའི་དཔེ་དེབ་དེ་དབུ་འབྱེད་གནང་སོང་། དབྱིན་ཡིག་ནས་བོད་བསྒྱུར་ཞུས་པའི་ཕྱག་དེབ་དེའི་ནང་གཙོ་བོ། བོད་ལ་རྒྱ་ནག་དམར་པོའི་གཞུང་གིས་བཙན་འཛུལ་བྱས་སྟབས་༸གོང་ས་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་དང་འབྲེལ། བོད་མི་ས་ཡ་དྲུག་གི་བདེ་སྡུག་དང། འཛམ་གླིང་ཧྲིལ་པོའི་འགྱུར་འགྲོས་དང་མི་རིགས་གཞན་གྱི་གོམ་སྟབས། བཙན་བྱོལ་ནང་གི་རང་དབང་དང་བདེན་པའི་སྟོབས་ཤུགས་གསལ་འདོན། དེ་བཞིན་འཚེ་མེད་ཞི་བའི་གལ་གནད་སོགས་འཁོད་ཡོད་པ་རེད་འདུག དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་བྱུང་རིམ་ལོ་རྒྱུས་ངོ་སྤྲོད་གནང་པ་དང་ཆབས་ཅིག འདས་པའི་ལོ་ངོ་བདུན་བརྒྱ་ཡན་མས་ཤིག་ལ་ཕྱིར་བལྟ་གནང་པ་ཡིན་ན། ༸རྒྱལ་མཆོག་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་ མཛད་པ་འཕྲིན་ལས་ལྟ་བུར་ད་བར་སྐུ་ཕྲེང་རིམ་བྱོན་ནང་བྱུང་མྱོང་མེད་པ་ཞིག་དང། དེ་བཞིན་བོད་ཀྱི་བླ་མ་སུས་ཀྱང་སྐུ་ཚེ་གཅིག་གི་རིང་ལ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལྟ་བུའི་མཛད་པ་འཕྲིན་ལས་རྒྱ་ཆེན་པོ་མཛད་མྱོང་མེད་པ་རེད་ཅེས་གསུངས་ཡོད། དེ་བཞིན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་ད་ལྟའི་ཆར་འཛམ་གླིང་ཁྲོད་དུ་༸གོང་ས་མཆོག་གི་མཛད་རྣམ་དང། ད་བར་༸གང་ཉིད་མཆོག་གི་བསྐྱངས་པའི་མཛད་འཕྲིན་ལ་དོ་དབྱིངས་དང་བཅས་བྲིས་པའི་ཕྱག་དེབ་ལ་ཆ་མཚོན་པ་ཡིན་ན། འཛམ་གླིང་ནང་གི་སྐད་ཡིག་མི་འདྲ་བ་ ༧༠ ལྷག་གི་ནང་ལ་ཡོད་པ་དང་། ཕྱིའི་རྒྱལ་ཁབ་ཁག་གི་མི་རིགས་ཚོས་དོན་གཉེར་ཆེན་པོས་མགོན་པོ་༸གང་ཉིད་མཆོག་གི་དགོངས་གཞིར་དོ་སྣང་གནང་གི་ཡོད་ཀྱང་།  བོད་མི་ཚོས་༸གང་ཉིད་མཆོག་ལ་གྲོང་པའི་བླ་མ་ལྟར་ངོས་འཛིན་པ་ལས་རང་ཅག་རྣམས་ཀྱི་བློ་ཡུལ་དུ་གཞལ་བར་དཀའ་བའི་མཛད་པ་འཕྲིན་ལས་ཁག་ལ་རིན་ཐང་སྤྲོད་གནང་གི་མེད་པ་ཟད།  ལྷག་དོན་༸གོང་ས་མཆོག་གི་དགོངས་གཞི་དང་། དེའི་མཐར་ཐུག་དམིགས་ཡུལ། དེ་ལ་བརྟེན་ནས་བོད་མི་རིགས་ཀྱི་འགན་འཁུར་ཇི་ལྟར་ཆགས་ཡོད་པ་བཅས་ཀྱི་ཐོག་ལ་བསམ་གཞིག་དང་། ཞིབ་འཇུག་གཏིང་ཟབ་བྱེད་མཁན་དཀོན་པོ་འདུག་ཅེས་གསུངས་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་ད་ལན་༸གོང་ས་མཆོག་གི་༸སྐུའི་རང་རྣམ་བོད་བསྒྱུར་གནང་མཁན་བསྟན་འཛིན་ཤེས་རབ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ད་ལན་ཕྱག་དེབ་དེ་བོད་ཀྱི་ཉེ་དུས་ཀྱི་ལོ་རྒྱུས་དང་༸གོང་ས་མཆོག་༸སྐུ་སྒེར་གྱི་རྣམ་ཐར་ཞིག་ཡིན་པའི་ཆ་ནས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་ཤེས་དགོས་པ་ཞིག་ཆགས་ཡོད་སྟབས། ཁོང་ནས་ཆེད་དམིགས་ཀྱིས་དབྱིན་ཡིག་ལས་བོད་བསྒྱུར་ཞུས་པ་ཞིག་ཡིན་པ་གསུངས་སོང་། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རང་རྣམ་ Freedom in Exile འམ་བཙན་བྱོལ་ནང་གི་རང་དབང་ཞེས་པའི་ཕྱག་དེབ་དེ་ད་ལྟའི་ཆར་འཛམ་གླིང་ནང་གི་སྐད་ཡིག་མི་འདྲ་བ་སུམ་ཅུ་སོ་གྲངས་ནང་དུ་ཕབ་བསྒྱུར་ཟིན་ཡོད་པ་དང་། འཛམ་གླིང་ནང་དཔེ་དེབ་ཆེས་སྙན་གྲགས་ཆེ་བའི་ཁོངས་སུ་ཡང་བདམས་ཡོད་པ་རེད། དཔེ་དེབ་དེ་དེ་སྔ་ལྡི་ལི་བོད་ཁང་ནས་ཕྱི་ཡུལ་གྱི་རང་དབང་ཞེས་བསྒྱུར་ཡོད་པ་དང། ད་རེས་བཙན་བྱོལ་ནང་གི་རང་དབང་ཞེས་བོད་བསྒྱུར་གནང་པ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པ་རེད།

༸གོང་ས་མཆོག་གིས་རྒྱ་ནག་སྐམ་ས་ཆེན་པོའི་རྒྱ་རིགས་ཚོར་ཆོས་འབྲེལ་དབུ་འཛུགས་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་རྒྱ་ནག་སྐམ་ས་ཆེན་པོའི་རྒྱ་རིགས་གཙོས་པའི་རྒྱ་རིགས་དད་ལྡན་ཆོས་ཞུ་བ་ཁག་ཅིག་ལ་ཆོས་འབྲེལ་དབུ་འཛུགས་གནང་འདུག དེའང་རྒྱ་ནག་སྐམ་ས་ཆེན་པོའི་རྒྱ་རིགས་དད་ལྡན་ཆོས་ཞུ་བ་ཚོས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཟླ་ ༥ ཚེས་ ༡ ཉིན་དབུ་འཛུགས་ཀྱིས་ཚེས་ ༤ བར་ཁྱོན་ཉིན་གྲངས་བཞིའི་རིང་ལ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་རྒྱ་རིགས་དད་ལྡན་ཆོས་ཞུ་བ་རྣམས་ལ་རྒྱུད་བླ་མ་དང། ན་རོ་ཆོས་དྲུག་གི་ཁྲིད་ཡིག་གཉིས་ཀྱི་བཀའ་ཆོས་བཀྲིན་བསྩལ་གནང་གི་འདུག རྩ་བའི་མགོན་པོ་༸གང་ཉིད་མཆོག་གི་ཐེངས་འདིའི་བཀའ་ཆོས་ཐོག་རྒྱ་ནག་སྐམ་ས་ཆེན་པོའི་རྒྱ་རིགས་གཙོ་བོར་འགྱུར་པའི་ཐེ་ཝན་དང་སིང་ག་པུར། ཨོ་སི་ཊོ་ལི་ཡ་བཅས་ཀྱི་རྒྱ་རིགས་ཆོས་ཞུ་བ་ ༣༣༠ མན་ཙམ་ཆེད་བཅར་ཞུས་འདུག

༸གོང་ས་མཆོག་གིས་བཟང་སྤྱོད་ཀྱི་བསླབ་གཞི་གྲ་སྒྲིག་གནང་མཁན་ཚོའི་གྲུབ་དོན་ལ་བསྔགས་བརྗོད་གནང་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་ས་ལྡི་ལིར་ཚོགས་པའི་བཟང་སྤྱོད་ཀྱི་བསླབ་གཞི་གྲ་སྒྲིག་ལྷན་ཚོགས་ལ་བསྔགས་བརྗོད་དང་སྦྲགས། ཁོང་ཚོའི་གྲུབ་དོན་སྤྱན་འབུལ་ཞུས་པར་མགོན་པོ་༸གང་ཉིད་མཆོག་ཐུགས་དགྱེས་ཚོར་བྱུང་ཡོད་པ་བཀའ་གནང་འདུག རྩ་བའི་ Core Committee Working on the Curriculum for universal Value འམ་བཟང་སྤྱོད་ཀྱི་བསླབ་གཞི་གྲ་སྒྲིག་ལྷན་ཚོགས་ཞེས་པ་དེ་ནི། ༸གོང་ས་མཆོག་གི་དགོངས་གཞི་ལྟར་དེང་གི་ཤེས་ཡོན་ནང་བཟང་སྤྱོད་ཀྱི་བསླབ་གཞི་གྲ་སྒྲིག་དང་འབྲེལ་རྒྱ་གར་དང་ཨ་རི་ནང་གི་ཤེས་ཡོན་ལྟེ་གནས་ཁང་དྲུག་ལས་བསྡུས་པའི་ཚོགས་འདུ་ཞིག་ཡིན་པ་དང་། ལྷན་ཚོགས་དེ་ནས་ད་རེས་ཕྱི་ཚེས་ ༢༧ ནས་འདས་པའི་ཉིན་གཉིས་རིང་སློབ་གྲྭའི་ནང་བཟང་སྤྱོད་ཀྱི་བསླབ་གཞི་དང་འབྲེལ་ནས་རང་རང་སོ་སོའི་བརྟག་དཔྱད་ཞིབ་འཇུག་དང་ལས་འཆར་སོགས་ཀྱི་སྐོར་ལ་གོ་བསྡུར་སྦྱངས་བཤད་གནང་པ་དང་། ཁ་སང་ཉིན་མཐའ་མའི་ཐོག་རང་གི་གྲུབ་དོན་མི་འདྲ་བ་ཁག་༸གོང་ས་མཆོག་ལ་སྙན་གསན་ཞུས་འདུག མགོན་པོ་མཆོག་གིས་ལྷན་ཚོགས་སྐབས་སུ་ལས་གཞི་འདིའི་ཐོག་ལ་མཉམ་རུབ་ཀྱི་འགན་འཁུར་བཞེས་རྒྱུ་དེ་ཤིན་ཏུ་ནས་གནད་འགག་གི་རང་བཞིན་ཆགས་ཡོད་སྐོར་ཡང་ལམ་སྟོན་བསྩལ་འདུག ཉིན་གཉིས་རིང་གི་ལྷན་ཚོགས་འདིའི་ཐོག་ཨ་རིའི་ Emory གཙུག་ལག་སློབ་གཉེར་ཁང་དང་། རྒྱ་གར་གྱི་ Tata སྤྱི་ཚོགས་ཚན་རིག་ལྟེ་གནས་ཁང་སོགས་ཀྱི་ཤེས་ཡོན་ལྟེ་གནས་དྲུག་གི་སྐུ་ཚབ་དང་ལྷན་དུ་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་མཆོག་དང་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས། ༸སྐུའི་དབྱིན་སྐད་གསུང་སྒྱུར་ཟུར་པ་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་སོགས་ནས་བཟང་སྤྱོད་ཀྱི་བསླབ་གཞི་ཐོག་གོ་བསྡུར་སྦྱངས་བཤད་གནང་འདུག འདི་ག་རླུང་འཕྲིན་ཁང་གིས་ལྷན་ཚོགས་འདི་སྐོར་འབྲེལ་ཡོད་དགའ་ལྡན་ཕོ་བྲང་གི་རྒྱ་གར་དང་ལྷོ་ཨེ་ཤི་ཡའི་ངེས་སྟོན་པ་བཀའ་ཟུར་བསྟན་པ་ཚེ་རིང་ལགས་སུ་ཐེངས་འདིའི་ལྷན་ཚོགས་ཀྱི་དགོས་པ་དང་ཕུགས་ཀྱི་དམིགས་ཡུལ་ཇི་ཡིན་ཐོག་བཀའ་འདྲི་ཞུས་པ་ཡིན། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་དང་ཁ་ཉིན་བཅས་སུ་ལྷན་ཚོགས་དེའི་ཉིན་དང་པོའི་ཚོགས་དགོན་དུ་དབུ་བཞུགས་མཛད་ཡོད་པ་དང་དེ་ནས་ཁ་སང་སྔ་ཐོག་ལྷན་ཚོགས་དེའི་མཐའ་མའི་གྲུབ་དོན་ཐོག་མགོན་པོ་༸གང་ཉིད་མཆོག་གིས་གཟིགས་ཚུལ་དང་ལམ་སྟོན་བཀའ་སློབ་བཅས་བསྩལ་ཡོད་པ་རེད།

Latest news