Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ཕུལ་དགོས་པའི་འབོད་སྐུལ་ཞུ་བཞིན་འདུག

རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གི་མཚན་ཐོག་ལ་མི་མང་གི་མཚན་རྟགས་བསྡུ་རུབ་འཁོད་པའི་སྙན་ཞུ་ཞིག་གི་བརྒྱུད་རྒྱ་གར་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna ཞེས་པ་ཕུལ་དགོས་པའི་དགོས་འདུན་བཏོན་བཞིན་འདུག དེ་ཡང་ཞུ་སྙན་དེ་སྔ་ལོ་ཕྱི་ཟླ་ ༡༢ ནང་ Change.org ཞེས་པའི་དྲ་གནས་ཐོག་སྦེང་ལོར་དུ་གནས་བཞུགས་བ་རྒྱ་གར་གྱི་སྨན་པ་སྐུ་ཞབས་ཨ་ཏུལ་ཀི་ཎི་ Atul Kini ལགས་ཀྱིས་དང་བླངས་ཐོག་ནས་དབུ་འཛུགས་གནང་པ་ཞིག་ཆགས་ཡོད། ཞུ་སྙན་དེའི་ནང་ཁོང་གིས་གཙོ་བོ་རྒྱ་གཞུང་གིས་བོད་ལ་བཙན་འཛུལ་བྱས་སྟབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་བྲོས་བྱོལ་ལ་ཕེབས་པའི་དུས་དེ་ནས་བཟུང་སྟེ་མགོན་པོ་༸གང་ཉིད་མཆོག་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཙམ་མ་ཟད། འཛམ་གླིང་འདིར་ཞི་བདེ་བསྐྲུན་སླད་ཞབས་འདེགས་རླབས་ཆེན་སྒྲུབ་མཁན་ཞིག་ཡིན་པ་དང་། ལྷག་དོན་༸གོང་ས་མཆོག་རྒྱ་གར་ནང་དུ་བཞུགས་པའི་རིང་ལ་ཡུལ་དེའི་ཐུན་མོང་མ་ཡིན་པའི་དཔལ་ན་ལེནྡྲའི་ནང་པའི་ཆོས་བརྒྱུད་བསྐྱར་གསོ་མཛད་རྒྱུ་གཙོས་པའི་འཛམ་གླིང་ནང་བྱམས་བརྩེ་དང་ཞི་བདེ་གོང་འཕེལ། དེ་བཞིན་ཆོས་ལུགས་མཐུན་སྒྲིལ་ཐད་ཐུགས་ཁུར་གཙོ་བཞེས་གནང་མཁན་ཞིག་ཡིན་པ་སོགས་ལུང་འདྲེན་དང་སྦྲགས།  སྲིད་བློན་ Narendra Modi མཆོག་གི་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་རྗེས་ཁག་ལ་ཆེ་བསྟོད་ཞུ་ཕྱིར་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna ཞེས་པ་དེ་ངེས་ཕུལ་དགོས་པའི་འབོད་སྐུལ་ཞུས་འདུག ད་ཆ་དྲ་ཐོག་ནས་མཚན་རྟགས་བསྡུ་རུབ་ཀྱི་ཞུ་སྙན་དེར་བོད་མི་ཚོ་གཙོས་པའི་ཧི་མཱ་ལ་ཡའི་རི་བརྒྱུད་དང་རྒྱ་གར་བཅས་ནས་ཁྱོན་མི་གྲངས་ ༢༤༠༠ བརྒལ་བས་རྒྱབ་སྐྱོར་གྱི་མཚན་རྟགས་བཀོད་ཟིན་འདུག་པ་དང་། ཞུ་སྙན་དེར་མང་ཚོགས་ ༢༥༠༠ ཡི་མཚན་རྟགས་བྱུང་མ་ཐག་སྲིད་བློན་མོ་དྷི་མཆོག་གི་མཚན་ཐོག་ལ་ཐད་ཀར་འགྲོ་གྱི་ཡོད་པ་རེད་འདུག ད་ལན་ཞུ་སྙན་དེར་རྒྱབ་སྐྱོར་གནང་མཁན་ཕལ་ཆེ་བ་མ་གྲོས་བསམ་པ་གཅིག་མཐུན་གྱིས་༸གོང་ས་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་དེ་ངེས་པར་དུ་ཐོབ་དགོས་པ་དང་རྒྱ་གར་གཞུང་གིས་མགོན་པོ་༸གང་ཉིད་མཆོག་གིས་ད་བར་རྒྱ་གར་གཙོ་བོར་གྱུར་པའི་འཛམ་གླིང་ཀུན་ལ་ཞི་བདེ་བསྐྲུན་ཕྱིར་ཞབས་འདེགས་རླབས་ཆེན་བསྒྲུབས་དང་སྒྲུབ་མུས་ཁག་ལ་ངོས་བཞེས་དང་ཆེ་བསྟོད་ཞུ་དགོས་པར་ཚོར་ཤུགས་ཆེན་པོས་དགོངས་འཆར་ཕུལ་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་དང་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཤཱན་ཏ་ཀུ་མཱར་མཆོག་གི་ཕྱག་དེབ་ཧི་མཱ་ལ་ཡིའི་མཐོ་སྒང་སྟེང་གྲིབ་གཟུགས་དམར་པོ་ཞེས་པའི་ཕྱག་དེབ་དབུ་འབྱེད་མཛད་པའི་སྐབས་སུ་སྐུ་ཞབས་ཤཱན་ཏ་ཀུ་མཱར་མཆོག་ནས་རྒྱ་གར་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna ཞེས་པ་དེ་ཕུལ་དགོས་པའི་དགོས་འདུན་བཏོནཡོད་པ་དང་། དེ་རྗེས་སྐུ་ཞབས་ཁོང་གི་དབུ་ཁྲིད་པའི་སྐབས་ ༡༦ པའི་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུའི་ཐོག་རྒྱ་གར་གཞུང་ནས་མགོན་པོ་༸གང་ཉིད་མཆོག་ལ་གཟེངས་རྟགས་དེ་ཕུལ་དགོས་པའི་གྲོས་ཆོད་འཇོག་ཡོད་པ་མ་ཟད། ལ་དྭགས་རང་སྐྱོང་རི་ལྗོངས་ལྷན་ཚོགས་ནས་ཀྱང་དེ་མཚུངས་ཀྱིས་གྲོས་ཆོད་གཏན་འབེབས་གནང་ཡོད།  

༸གོང་ས་མཆོག་གིས་ Louisville གྲོང་ཁྱེར་ནང་གི་ཆོས་ལུགས་མཐུན་སྒྲིལ་གྱི་དུས་སྟོན་ལ་འཚམས་འདྲིའི་ཕྱག་ཡིག་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ Kentucky མངའ་སྡེའི་ Louisville གྲོང་ཁྱེར་ནང་དུ་ཉིན་གྲངས་བཞིའི་རིང་འཚོགས་གཏན་འཁེལ་བའི་ཆོས་ལུགས་མཐུན་སྒྲིལ་གྱི་དུས་སྟོན་ཐོག་ལ་འཚམས་འདྲིའི་ཕྱག་ཡིག་བསྩལ་འདུག ཁ་སང་ Insider ཞེས་པའི་ Louisville ས་གནས་གསར་ཁང་གི་གནས་ཚུལ་སྤེལ་བར་གཞིགས་ཚེ་ Louisville གྲོང་ཁྱེར་ནང་དུ་སང་ཉིན་ཚེས་ ༡༩ ཉིན་དབུ་འཛུགས་ཀྱིས་ཚེས་ ༢༢ བར་ཁུལ་དེར་ Festival of Faith ཞེས་ཆོས་ལུག་མཐུན་སྒྲིལ་གྱི་དུས་སྟོན་ཚོགས་ཀྱི་ཡོད་པ་དང་། ཁ་སང་ཚེས་ ༡༧ ཉིན་དུས་སྟོན་དེའི་སྔོན་འགྲོའི་མཛད་སྒོར་དུས་སྟོན་གོ་སྒྲིགས་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Owsley Brown ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་གནང་མཛད་པའི་འཚམས་འདྲིའི་ཕྱག་ཡིག་དེ་སྒྲོག་ལྗང་གནང་འདུག དེའི་ནང་༸གོང་ས་མཆོག་གིས་ད་ལན་ Louisville གྲོང་ཁྱེར་ནང་དུ་ Compassion : Shining like the Sun ཞེས་བྱམས་བརྩེའི་བརྗོད་གཞིའི་གཙོ་བོར་བཞག་པའི་ཐོག་ནས་མི་མང་ཕོན་ཆེ་ཞིག་འདུ་འཛོམས་གནང་གི་ཡོད་སྟབས་མགོན་པོ་༸གང་ཉིད་མཆོག་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་བསྩལ་འདུག ༸གོང་ས་མཆོག་གིས་དུས་སྟོན་གོ་སྒྲིག་གནང་མཁན་ཚོར་འཚམས་འདྲི་གནང་པ་དང་འབྲེལ་ཏེ་༸གང་ཉིད་མཆོག་དུས་སྟོན་ཐོག་དངོས་སུ་དབུ་བཞུགས་མཛད་མ་ཐུབ་ཀྱང་། དུས་སྟོན་དེའི་བརྒྱུད་ནས་སྤྱི་ཚོགས་ཡར་རྒྱས་དང་ཕན་བདེ་སྒྲུབ་པའི་ཐབས་ཤེས་ཤིག་ཐུབ་པར་ཐུགས་སྨོན་མཛད་བཞིན་ཡོད་པ་བཀའ་བསྩལ་མཛད་འདུག ལྷག་པར་དུ་༸གོང་ས་མཆོག་གིས་ཆོས་ལུགས་ཚང་མའི་ནང་བྱམས་པ་དང་བརྩེ་བ། བཟོད་བསྲན་སོགས་ཀྱི་བསླབ་བྱ་གཅིག་མཚུངས་གནང་གི་ཡོད་པ་དང་། འགྲོ་བ་མི་ཡོངས་ནས་བདེ་སྐྱིད་དང་ཞི་བདེ། དེ་བཞིན་འཆམ་མཐུན་སོགས་གཅིག་མཚུངས་འདོད་ཀྱི་ཡོད་པ་བཀའ་བསྩལ་དང་འབྲེལ། ༸གོང་ས་མཆོག་གིས་ Louisville གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་ Greg Fischer ལགས་ནས་བྱམས་བརྩེའི་གྲོང་ཁྱེར་ཞིག་བསྐྲུན་ཐབས་གནང་བཞིན་པར་བསྔགས་བརྗོད་ཡོད་པ་བཀའ་བསྩལ་ཡོད། རྩ་བའི་དུས་སྟོན་དེའི་ཐོག་ཡི་ཤུ་དང་ཁ་ཆེ། ཇིའུ། ནང་པ། དེ་བཞིན་ཆོས་ལུགས་ལས་དོན་དང་འབྲེལ་བའི་གཞུང་འབྲེལ་མི་སྣ་དང་ལོ་རྒྱུས་སྨྲ་བ། སྒྱུ་རྩལ་བ་དང་གྲོས་ཚོགས་འཐུས་མི་བཅས་བརྗོད་གཞི་འདྲ་མིན་ཐད་ལ་གསུང་བཤད་གནང་མཁན་ཁྱོན་མི་གྲངས་ ༣༣ གདན་ཞུས་གནང་པའི་ཁོངས་སུ་སྐུའི་དབྱིན་སྐད་གསུང་སྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱང་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་འདིའི་དུས་སྟོན་གྱི་དབུ་འབྱེད་མཛད་སྒོར་དབུ་བཞུགས་མཛད་གཏན་འཁེལ་ཡོད་ཀྱང་། ༸སྐུའི་འཕྲོད་བཞེས་རྐྱེན་པས་མཛད་རིམ་དེས་གཙོས་པའི་ཨ་རི་ནང་གི་མཛད་འཆར་ཁག་ཅིག་དེ་སྔོན་ནས་ཕྱིར་ཐེན་གནང་དགོས་བྱུང་ཡོད་པ་རེད།

༸གོང་ས་མཆོག་གི་ཟླ་བ་རྗེས་མའི་མཛད་འཆར་ཁག་ཅིག་དུས་ཚོད་ངེས་མེད་བར་ཕར་འགྱངས་གནང་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཟླ་བ་རྗེས་མའི་ཕྱི་ཚེས་ ༡༡ ནས་ ༢༥བར་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེ་ནང་གི་ནང་པའི་དད་ལྡན་པ་འཁོད་ཡུལ་ས་གནས་ཁག་མི་འདྲ་བ་བཅུ་ཙམ་གྱི་ནང་དུ་ཆིབས་བསྒྱུར་མཛད་འཆར་ཐུགས་གཏན་ཁེལ་ཡོད་ཀྱང་། དེ་རིང་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གཞུང་འབྲེལ་དྲ་གནས་ཐོག་མཛད་འཆར་དང་འབྲེལ་བའི་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་ ༥ ཚེས་ ༡༡ ནས་ ༢༥ བར་ཀུ་ལུ་མ་ན་ལི་དང་ལ་ཧོལ། དེ་བཞིན་པི་ཏི་དང་ཀི་ནོར་སོགས་ཀྱི་མཛད་འཆར་དེ་བཞིན་དུས་ཚེས་ངེས་མེད་བར་ཕར་འགྱངས་གནང་ཡོད་ཅིང་མི་དམངས་ལ་དོ་ཕོག་བྱུང་ཡོད་ཚེ་བཟོད་གསོལ་ཞུ་རྒྱུ་ཡིན་པ་གསུངས་འདུག རྩ་བའི་དེ་སྔའི་མཛད་འཆར་ལ་གཞིགས་ན། མགོན་པོ་༸གང་ཉིད་མཆོག་གིས་ཕྱི་ཟླ་ ༥ ཚེས་ ༡༢ ཉིན་ཀུ་ལུ་མ་ན་ལིར་ཡོད་པའི་རྙིང་མ་པ་དགོན་པར་ཚེ་དཔག་མེད་ཀྱི་ཚེ་དབང་བསྩལ་རྒྱུ་ཡིན་པ་དང་། ཚེས་ ༡༤ དང་ ༡༥ བཅས་སུ་ཇིས་པར་སྤྱོད་འཇུག་ཆེན་མོ་དང་སྒྲོལ་དཀར་གྱི་རྗེས་གནང་བཀྲིན་ཆེ་རྒྱུ། དེ་རྗེས་ཚེས་ ༡༦ ཉིན་གར་ཤ་འཕགས་པར་སྤྱན་རས་གཟིགས་ཕྱག་བཞིའི་རྗེས་གནང་དང་། ཚེས་ ༡༧ དང་ ༡༨ བཅས་སུ་བྲང་དཀར་རུ་ལམ་རིམ་བསྡུས་དོན་གྱི་གསུང་ཆོས། ཕྱི་ཚེས་ ༡༩ ཉིན་སྤྱན་རས་གཟིགས་ཀྱི་དབང་དང་། ཚེས་ ༢༠ དང་ ༢༡ བཅས་སུ་ཏ་པོ་དང་ཅང་མགོ་ས་གནས་སུ་སྤྱན་རས་གཟིགས་བླ་མའི་རྣལ་འབྱོར་སོགས་ཀྱི་ཆོས་འབྲེལ་བསྩལ་གཏན་ཁེལ་ཡོད་པ་རེད། ཕྱི་ཟླ་ ༥ ཚེས་ ༢༢ ཉིན་སྤུ་ས་གནས་སུ་ཆིབས་བསྒྱུར་དང་། དེ་བཞིན་ཚེས་ ༢༣ ནས་ ༢༥ བར་ཁལ་པར་ཆིབས་བསྒྱུར་གྱིས་སྒྲོལ་དཀར་ཚེ་དབང་དང་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་སོགས་ཀྱི་མཛད་འཕྲིན་བསྐྱང་གཏན་ཁེལ་ཡོད་པ་རེད།    

༸གོང་ས་མཆོག་རྒྱ་གར་བྱང་ཤར་མངའ་སྡེ་གཉིས་ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་ཆིབས་སྒྱུར་མཛད་སོང་།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཚེས་ ༡ ནས་ཁ་སང་ཚེས་ ༡༡ བར་ཁྱོན་ཉིན་གྲངས་ ༡༡ རིང་རྒྱ་གར་བྱང་ཤར་ Assam དང་ Arunachal མངའ་སྡེ་གཉིས་ནང་དུ་ཆོས་འབྲེལ་གྱི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་དེ་རིང་སྔ་ཐོག་ཚོུད་ ༡༡།༠༠ ཐོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆིབས་བསྒྱུར་བཀྲིན་བསྐྱངས་སོང་། དེ་ཡང་སྔ་དྲོ་ཚོུད་ ༡༠།༠༠ ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཤར་ཁུལ་གྱི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་བཞུགས་སྒར་གྱི་ཉེ་འདབས་སུ་ཡོད་པའི་གྷ་གལ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་བསྟུན་ཕེབས་བསུ་རྒྱས་པ་གོ་སྒྲིག་དང་སྦྲགས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཀྱིས་གཙོས་པའི་རྡ་སའི་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ཁག་ཅིག དེ་བཞིན་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན་དང་སྐུ་ཚབ་རྣམ་པས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་དང་། དེ་བཞིན་བཞུགས་སྒར་གྱི་ཕེབས་ལམ་གཡས་གཡོན་དུ་ས་གནས་བོད་རིགས་དང་རྒྱ་གར་གྱི་ཡུལ་མི། དེ་བཞིན་བོད་ཁྱིམ་སློབ་གྲྭའི་དགེ་ལས་སློབ་མ་བཅས་དད་ལྡན་མང་ཚོགས་ཚོས་ཕྱག་ཏུ་དཀར་གཙང་མཇལ་དར་གཙོས་བདུག་སྤོས་བསྣམས་ཤིང། གྲོ་སོ་ཕྱེ་མར་ཆང་ཕུད་བཅས་འདེགས་འབུལ་དང་སྦྲགས་དགའ་དད་སྤྲོ་གསུམ་འཁོད་པའི་ཐོག་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་སོང་། རྩ་བའི་མགོན་པོ་༸གང་ཉིད་མཆོག་གིས་ཟླ་བ་འདིའི་ཚེས་ ༡ ནས་ ༣ བར་ཐོག་མར་ཨ་སམ་མངའ་སྡེའི་གྲོང་ཁྱེར་གྷོ་ཧ་ཊི་དང་དིབ་རུ་གར་གཉིས་སུ་ཆིབས་བསྒྱུར་མཛད་ནས་དིབ་རུ་གར་གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་སློབ་ཕྲུག་རྣམས་ལ་བླང་དོར་བཀའ་སློབ་བསྩལ་བ་དང་། དེ་བཞིན་ས་གནས་བོད་རིགས་མི་དམངས་ལ་མཇལ་ཁ་དང་བཀའ་སློབ་བཀྲིན་བསྩལ་ཡོད་པ་རེད། ཕྱི་ཚེས་ ༤ ནས་དབུ་འཛུགས་ཀྱིས་ཚེས་ ༡༡ བར་ཨ་རུ་ནཱ་ཅལ་མངའ་སྡེ་ནང་དུ་ཆིབས་བསྒྱུར་གྱིས་ཁུལ་དེའི་ འབུམ་སྡེ་ལ།  སྡི་རང་། རྟ་དབང་བཅས་ཀྱི་དད་ལྡན་མང་ཚོགས་ཁྲི་ཚོ་ལྷག་ལ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་དང་། དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མ་དང་། བླ་མའི་རྣལ་འབྱོར། སྤྱན་རས་གཟིགས་ཀྱི་རྗེས་གནང་སོགས་ཀྱི་ཆོས་འབྲེལ་རྒྱ་ཆེ་བསྩལ་ཡོད་པ་རེད། མགོན་པོ་མཆོག་གི་ཐེངས་འདིའི་རྒྱ་གར་བྱང་ཤར་མངའ་སྡེ་གཉིས་ནང་གི་མཛད་འཆར་ཁྲོད་ Assam མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Sarbananda Sonowal མཆོག་དང་དེ་བཞིན་ Arunchal མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་གིས་དབུས་པའི་མངའ་སྡེའི་གཞུང་འབྲེལ་ཆེས་མཐོའི་དཔོན་རིགས་མང་དག་ཞིག་ནས་༸གོང་ས་མཆོག་གི་མཇལ་ཁ་ཞུས་ཡོད་པ་མ་ཟད། ཁྱད་པར་དུ་རྒྱ་གར་དབུས་གཞུང་གི་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ Kiren Rijiju མཆོག་སྡི་རང་ས་གནས་སུ་ཆེད་བཅར་ཞུས་ནས་༸གོང་ས་མཆོག་གི་མཇལ་ཁ་ཡང་ཞུས་ཡོད་པ་རེད།      

༸གོང་ས་མཆོག་གིས་ཨ་རུ་ནཱ་ཅལ་ཁུལ་གྱི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་རྟ་དབང་ནས་ཆིབས་ཞལ་བསྒྱུར་གནང་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རུ་ནཱ་ཅལ་མངའ་ཁུལ་དུ་ཟླ་ ༤ ཚེས་ ༢ ཉིན་ནས་དབུ་འཛུགས་ཀྱིས་དེ་རིང་ཟླ་ ༤ ཚེས་ ༡༡ བར་ཁྱོན་ཉིན་གྲངས་ ༡༠ རིང་གི་མཛད་འཕྲིན་ཁག་ལེགས་གྲུབ་མཛད་ནས་དེ་རིང་སྔ་དྲོ་ཚོུད་ ༩།༠༠ སྟེང་མགོན་པོ་༸གང་ཉིད་མཆོག་རྟ་དབང་ནས་ཐད་ཕུར་གནམ་གྲུ་བརྒྱུད་གྷོ་ཧ་ཊི་དང་དེ་ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་ཞལ་བསྒྱུར་གནང་མཛད་སོང་། རྩ་བའི་དེ་རིང་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མོན་རྟ་དབང་ནས་ཆིབས་ཞལ་མ་བསྒྱུར་གོང་དུ་རྟ་དབང་དགའ་ལྡན་ལྷ་རྩེ་རྣམ་རྒྱལ་གླིང་དུ་མགོན་པོ་མཆོག་ལ་ཕེབས་སྐྱེལ་དང་མཐོན་མཇལ་ཞུ་བར་བཅར་མཁན་འབྲུག་པ་དང་ས་གནས་ཀྱི་མོན་པའི་མང་ཚོགས་ཆེས་དུ་མ་འདུ་འཛོམས་བྱུང་ཡོད་པ་དེ་དག་ལ་མགོན་པོ་༸གང་ཉིད་མཆོག་གིས་སྐར་མ་བརྒྱད་ཙམ་རིང་ལ་ལམ་སྟོན་བཀའ་སློབ་བཀྲིན་བསྩལ་སོང་། སྐབས་དེར་མགོན་པོ་མཆོག་གིས་མོན་པའི་མང་ཚོགས་ཚོའི་དད་པ་དང་དམ་ཚིག དེ་བཞིན་ལ་རྒྱ་གཡོ་བ་མེད་པ་ཡོད་སྟབས་མགོན་པོ་༸གང་ཉིད་མཆོག་ཐུགས་ཧ་ཅང་དགྱེས་ཚོར་བྱུང་སྐོར་བཀའ་བསྩལ་དང་ཆབས་ཅིག མང་ཚོགས་ཀྱི་ངོས་ནས་ནང་ཆོས་ལ་སློབ་གཉེར་གནང་དགོས་གལ་ཡིན་པ་དང་། ༸གོང་ས་མཆོག་ལ་ཆ་མཚོན་ན་ད་ལྟ་དགུང་གྲངས་ ༨༢ ལ་ཕེབས་ཟིན་ཀྱང་ད་དུང་སློབ་མ་ཞིག་ཡིན་པའི་འདུ་ཤེས་ཐོག་ནས་ནང་ཆོས་ལ་སློབ་གཉེར་གནང་བཞིན་ཡོད་པ་བཀའ་བསྩལ་སོང་། དེས་ན་མོན་པའི་མང་ཚོགས་ཚོས་ཀྱང་དེ་དེ་བཞིན་ནང་པའི་ལྟ་གྲུབ་ལ་དོ་སྣང་དང་བགྲོ་གླེང། དེ་བཞིན་སློབ་གཉེར་བྱེད་དགོས་ཞེས་བཀའ་ནན་བསྩལ་ཡོད། ༸གོང་ས་མཆོག་གིས་དེ་བཞིན་འབྲུག་གི་དད་ལྡན་ཆོས་ཞུ་བ་ཚོར་འབྲུག་པའི་རྒྱལ་ཁབ་དེ་འཛམ་གླིང་འདིའི་སྟེང་གི་རང་དབང་ལུང་པའི་ཁྲོད་ནས་ནང་པ་སངས་རྒྱས་པའི་ཆོས་ལྡན་ཞིང་ཁམས་ཀྱི་རྒྱལ་ཁབ་གཅིག་པོ་དེ་ཡིན་པ་དང་། བོད་དང་འབྲུག་ལ་ཆ་མཚོན་ན་གནའ་སྔ་མོ་ནས་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་རེད། སྐབས་རེ་འཁྲུག་པ་ཕྲན་བུ་རྒྱབ་ཀྱི་ཡོད་ཀྱང་། བོད་དང་འབྲུག་གཉིས་པོ་བུ་རྒན་གཞོན་ལྟ་བུ་རེད་ཅེས་བཀའ་བསྩལ་བ་དང་འབྲེལ། ད་ལྟའི་འབྲུག་གཞུང་དེ་ཕྱི་དངོས་པོའི་ཡར་རྒྱས་འགྲོ་བཞིན་ཡོད་པ་དང་དེ་མཚུངས་རང་ཉིད་ཀྱི་ཕ་མེས་ནས་ཡོད་པའི་ནང་པ་སངས་རྒྱས་པའི་ཆོས་དེ་ལམ་དང་ལུགས་སྲོལ་ལྟར་གནང་པ་ཙམ་མིན་པར་དོན་དངོས་ཐོག་སློབ་གཉེར་གནང་དགོས་གལ་ཡིན་པ་སོགས་བཀའ་བསྩལ་ཡོད་པ་རེད། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་ ༣ ཚེས་ ༣༡ ཉིན་ནས་ཐོག་མར་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེ་གྲོང་ཁྱེར་གྷོ་ཧ་ཊི་དང་དེ་བཞིན་སྡིབ་རུ་གར་ས་གནས་གཉིས་ཀྱི་མང་ཚོགས་རྣམས་ལ་བཀའ་སློབ་བསྩལ་བ་དང་། དེ་བཞིན་ཟླ་ ༤  ཚེས་ ༢ ཉིན་ནས་དབུ་འཛུགས་ཀྱིས་ཨ་རུ་ནཱ་ཅལ་མངའ་སྡེའི་བསྟན་འཛིན་སྒང་དང་འབུམ་སྡེ་ལ།  སྡི་རང་། རྟ་དབང་བཅས་ཀྱི་མང་ཚོགས་ཚོར་བཀའ་ཆོས་དང་། གསར་བཞེངས་བྱུང་བའི་དགོན་སྡེ་སོགས་ལ་དབུ་འབྱེད་རབ་གནས་གནང་པ་དང་། མང་ཚོགས་ལ་བཀའ་སློབ་སོགས་ཀྱི་མཛད་འཕྲིན་རྒྱ་ཆེ་བསྐྱངས་གནང་མཛད་ཡོད་པ་རེད།

༸གོང་ས་མཆོག་གིས་མོན་རྟ་དབང་ཁུལ་དུ་སླར་ཆིབས་བསྒྱུར་མཛད་རྒྱུར་ཞལ་བཞེས་གནང་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མོན་རྟ་དབང་ཁུལ་དུ་ཉིན་གྲངས་གསུམ་གྱི་ཆོས་འབྲེལ་ལེགས་གྲུབ་ཀྱིས་རེ་ཞིག་མཇུག་སྒྲིལ་གནང་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་རིང་མིན་ལོ་གཅིག་གཉིས་ནང་སླར་མོན་རྟ་དབང་ཁུལ་དུ་ཆིབས་བསྒྱུར་མཛད་རྒྱུར་ཞལ་བཞེས་གནང་སོང་། དེ་རིང་ཟླ་ ༤ ཚེས་ ༡༠ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྟ་དབང་ཡིད་དགའ་ཆོས་འཛིན་གསུང་ཆོས་ར་བར་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ཁྲི་བཞི་ལྷག་ལ་རིག་འཛིན་གདུང་སྒྲུབ་ཀྱི་བཀའ་དབང་བཀྲིན་བསྩལ་བ་དང་ཆབས་ཅིག་ཏུ་ས་གནས་ཀྱི་བཏང་སྙོམས་ཚོགས་ཞེས་རྟ་དབང་ས་གནས་དུད་འགྲོའི་རང་དབང་སྲུང་སྐྱོབ་ཚོགས་པས་གོ་སྒྲིག་འོག་རྟ་དབང་མང་ཚོགས་ནས་མགོན་པོ་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་གནང་སོང་། སྐབས་དེར་༸གོང་ས་མཆོག་གིས་མོན་ཡུལ་ས་གནས་མང་ཚོགས་ཚོས་མགོན་པོ་༸གང་ཉིད་མཆོག་ལ་དད་པ་དང་དམ་ཚིག ལ་རྒྱ་བཅས་གཡོ་བ་མེད་པའི་ནུས་པར་བརྟེན་ནས་ད་རེས་མགོན་པོ་༸གང་ཉིད་མཆོག་མོན་ཡུལ་ཁུལ་གྱི་ཆིབས་བསྒྱུར་དེའི་ཁྲོད་༸སྐུ་ཉིད་ཀྱི་མཐོང་འདོད་དྲན་ཡོད་གང་ཡོད་པ་བཞིན་ཕན་ཐོགས་ཆེན་པོ་བྱུང་སོང་ཞེས་བཀའ་བསྩལ་བ་མ་ཟད། ལྷག་དོན་མོན་པའི་མི་རབས་རྙིང་པ་ཚོ་བརྗེ་འགྲོ་གི་ཡོད་ཀྱང་། མི་རབས་གཞོན་པ་ཚོས་བོད་དོན་ལ་ལྷག་བསམ་རྣམ་དག་འགན་ཁུར་དང་རྒྱབ་སྐྱོར་རྒྱུན་སྐྱོང་གནང་བཞིན་པར་ཡི་རང་བསྔགས་བརྗོད་མཛད་ཡོད་པ་རེད། དེ་བཞིན་༸གོང་ས་མཆོག་གིས་ད་རེས་ཉིན་གསུམ་གྱི་ཆོས་འབྲེལ་ཞུ་ཟིན་རྗེས་མོན་པའི་མང་ཚོགས་ཚོས་དུས་རྒྱུན་སེམས་པ་བཟང་པོ་བྱེད་དགོས་ཞེས་བཀའ་བསྩལ་བ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་རིང་མིན་ལོ་གཅིག་གཉིས་ནང་སླར་མོན་རྟ་དབང་ཁུལ་དུ་སླར་ཆིབས་བསྒྱུར་མཛད་རྒྱུར་ཞལ་བཞེས་གནང་སོང་། གཞན་ཡང་ཨུ་རུ་ནཱ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་འཇམ་དཔལ་བཀྲིས་ལགས་ཀྱིས་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་ལན་ས་གནས་སུ་གནམ་གཤིས་དང་ཕེབས་ལམ་ལེགས་པོ་མེད་པར་ལྟོས་མེད་ཀྱིས་མོན་ཡུལ་མང་ཚོགས་ལ་ཐུགས་བརྩེ་བ་ཆེན་པོས་ས་གནས་སུ་ཆིབས་བསྒྱུར་གྱིས་ཆོས་ཀྱི་འཁོར་ལོའི་མཛད་འཕྲིན་རླབས་ཆེན་བསྐྱངས་པར་མོན་ཡུལ་གཞུང་མང་གཉིས་ཀྱི་ཚབ་ཞུས་ནས་མགོན་པོ་༸གང་ཉིད་མཆོག་ལ་ཐུགས་རྗེ་བླ་མེད་དུ་ཆེ་ཞེས་ཞུས་བ་མ་ཟད། མོན་ཡུལ་མང་ཚོགས་ཚོའི་ངོས་ནས་དུས་དང་རྣམ་པ་ཀུན་ཏུ་བོད་དོན་ལ་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་གསུངས་སོང་། ལྷག་དོན་ཁོང་གིས་༸གོང་ས་མཆོག་གིས་བསྩལ་བའི་བླང་དོར་ལམ་སྟོན་འོག་མོན་ཡུལ་མང་ཚོགས་རྣམས་ཤར་བསྐྱོད་བྱ་རྒྱུའི་ཁས་ལན་རྒྱུ་ཡིན་ཅེས་གསུངས་པ་དང་ཆབས་ཅིག ཁོང་གིས་རྒྱ་གར་གྱི་རྒྱལ་ཁབ་དེ་བོད་དང་ས་འབྲེལ་ཞིག་ཡིན་པ་རེད། དེས་ན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རུ་ནཱ་ཅལ་ས་གནས་སུ་ཆིབས་བསྒྱུར་མཛད་རྒྱུའི་ཐད་ལ་རྒྱ་ནག་གཞུང་གིས་དགག་བྱ་ཞུ་རྒྱུར་རྒྱུ་མཚན་གང་ཡང་ཡོད་མ་རེད་ཅེས་གོ་སྐབས་དེའི་བརྒྱུད་ནས་གསལ་པོ་བཟོ་རྒྱུ་ཡིན་ཅེས་གསུངས་སོང་། དེ་རིང་སྔ་དྲོ་མགོན་པོ་མཆོག་གིས་ཆོས་འབྲེལ་གྲུབ་པའི་རྗེས་སུ་ཡིད་དགའ་ཆོས་འཛིན་གསུང་ཆོས་ར་བའི་ནང་དུ་རྟ་དབང་ས་གནས་ཁག་གི་མང་ཚོགས་དང་། བོད་མི། འབྲུག་པ་གསུམ་ནས་དགའ་དད་སྤྲོ་གསུམ་འཁོད་པའི་ཐོག་ནས་རང་སོ་སོའི་རིག་གཞུང་གཞས་སྣ་ཁག་༸གོང་ས་མཆོག་ལ་སྤྱན་འབུལ་ཞུས་ཡོད་པ་རེད། རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་བཙན་བྱོལ་དུ་ཕེབས་སྐབས་ཐོག་མར་མོན་རྟ་དབང་ཁུལ་དུ་ཆོས་ཕྱོགས་མཛད་འཕྲིན་ཆེས་ཐོག་མ་དེ་བསྐྱངས་གནང་མཛད་པ་སོགས་ཀྱི་བཀྲིན་རྗེས་དྲན་སླད་དུ་མོན་རྟ་དབང་ཁུལ་གྱི་ཆོས་རིག་ལས་ཁུངས་ནས་ཕྱོགས་བསྒྲིགས་ཞུས་པའི་དཔེ་དེབ་རྒྱ་མཚོ་དང་རི་བོ་སྔོན་པོ་ཞེས་པ་དེ་མགོན་པོ་༸གང་ཉིད་མཆོག་གིས་དབུ་འབྱེད་མཛད་ཡོད་པ་རེད།

༸གོང་ས་མཆོག་གིས་ཁ་སང་རྟ་དབང་ཁུལ་དུ་མཛད་འཕྲིན་མི་འདྲ་བ་ཁག་ལྔ་ལྷག་བསྐྱངས་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་རེས་གཟའ་ཉིན་མའི་ཉིན་མོན་རྟ་དབང་ཁུལ་དུ་ལག་ལེན་སོ་བདུན་མའི་ཆོས་འབྲེལ་སྐབས་མང་ཚོགས་ལ་དོལ་རྒྱལ་བསྟེན་སྲོལ་དང་སྤྲུལ་སྐུའིཡང་སྲིད་ངོས་འཛིན་གནང་ཕྱོགས་སྐོར་བླང་དོར་བཀའ་སློབ་བཀྲིན་བསྩལ་བ། སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོའི་བཀའ་དབང་བཀྲིན་བསྩལ་བ། ༸རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་མཆོག་གི་འཁྲུངས་ཁང་གནས་གཟིགས། མངའ་སྡེ་བློན་ཆེན་དམ་པ་རྡོ་རྗེ་མཁའ་འགྲོ་མཆོག་གི་རྗེས་དྲན་སྐྱེད་ཚལ་དང་འགྲེམ་སྟོན་ཁང་དབུ་འབྱེད་གནང་པ་མ་ཟད། རྟ་དབང་དགོན་པའི་མཁན་བླ་འདུས་མང་ཡོངས་ལ་བླང་དོར་བཀའ་སློབ་བཀྲིན་བསྩལ་བ་སོགས་ཀྱི་མཛད་འཕྲིན་ཁག་ལྔ་ལྷག་བསྐྱངས་གནང་མཛད་འདུག ཁ་སང་ཟླ་ ༤ ཚེས་ ༩ ཉིན་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡིད་དགའ་ཆོས་འཛིན་གསུང་ཆོས་ར་བར་མོན་པ་དང་བོད་མི། འབྲུག་པ་སོགས་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ཁྲི་བཞི་ལྷག་ལ་རྒྱལ་སྲས་ཐོག་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་ཆོས་འབྲེལ་བཀྲིན་བསྐྱངས་གནང་པ་དང་འབྲེལ། མགོན་པོ་མཆོག་གིས་མང་ཚོགས་ལ་དོལ་རྒྱལ་བསྟེན་སྲོལ་བྱེད་མི་རུང་བ་དང་། དེ་བཞིན་བླ་མ་ངོས་འཛིན་ཞུ་ཕྱོགས་སྐོར་ལ་བཀའ་བསྩལ་སྐབས་བླ་མ་ཚད་ལྡན་ཞིག་ནི་སྐུ་གོང་མའི་ལུང་རྟོགས་ཀྱི་བསྟན་པའི་བྱ་བ་མཛད་ཐུབ་མཁན་ཁྱད་ཆོས་བཅུ་ལྡན་ཞིག་དགོས་ཀྱི་རེད་ཅེས་བཀའ་གནང་འདུག རྩ་བའི་མགོན་པོ་༸གང་ཉིད་མཆོག་གིས་ཐུགས་རྗེ་ཆེན་པོའི་བཀའ་དབང་གི་སྒྲུབ་བཞག་དབུ་འཛུགས་མ་མཛད་གོང་དུ་རྟ་དབང་གི་ཉེ་འབྲེལ་འབྲུག་གི་ས་མཚམས་ཁུལ་དུ་ཡོད་པའི་རླུང་ལྷར་གསར་བཞེངས་ལེགས་གྲུབ་བྱུང་བའི་སྒྲོལ་མ་ལྷ་ཁང་གི་མཚན་བྱང་དང་། བོད་དང་འབྲུག་གི་ས་མཚམས་སུ་རྒྱལ་བ་བྱམས་པའི་སྐུ་བརྙན་གསར་བཞེངས་གནང་རྒྱུའི་རྨང་རྡོ། དེ་བཞིན་འབྲུག་གི་ས་མཚམས་ཉེ་འཁྲིས་སུ་ལྷུན་པོ་ཛེ་མ་ཐང་དུ་གུ་རུའི་སྐུ་བརྙན་གསར་བཞེངས་ལེགས་གྲུབ་བྱུང་བ་བཅས་ལ་རབ་གནས་བཀྲིན་བསྐྱངས་གནང་ཡོད་པ་རེད། མང་ཚོགས་ལ་ཆོས་འབྲེལ་དང་བཀའ་དབང་གྲུབ་པའི་རྗེས་༸གོང་ས་མཆོག་ནས་ཡིད་དགའ་ཆོས་གླིང་གི་གསུང་ཆོས་ར་བ་ནས་རྒྱང་ཐག་སྤྱི་ལེ་གཉིས་སར་རྟེན་གཞི་བྱས་པའི་༸རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་འཁྲུངས་ཁང་ཨུ་རྒྱན་གླིང་དུ་ཆིབས་བསྒྱུར་བསྐྱངས་པ་དང་འབྲེལ། མ་ཧཱ་གུ་རུའི་ཚོགས་མགོན་དུ་དབུ་བཞུགས་ཀྱིས་ལྷ་ཁང་ལ་གནས་གཟིགས་དང་དེ་བཞིན་ཁུལ་དེར་ཉིན་གུང་ལྗགས་སྨིན་བཞེས་གནང་ཡོད་པ་རེད། མགོན་པོ་མཆོག་གིས་དེ་རྗེས་རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་འཁྲུངས་ཁང་ནས་རྒྱང་ཐག་སྤྱི་ལེ་གཅིག་སར་ཉེ་འཆར་གསར་བཞེངས་བྱུང་བའི་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དམ་པ་རྡོ་རྗེ་མཁའ་འགྲོ་མཆོག་གི་དྲན་རྟེན་སྐྱེད་ཚལ་དུ་ཆིབས་བསྒྱུར་གནང་སྟེ་སྐྱེད་ཚལ་དང་རྡོ་རྗེ་མཁའ་འགྲོ་དྲན་རྟེན་གྱི་འགྲེམས་སྟོན་ཁང་གཉིས་ལ་དབུ་འབྱེད་ཀྱི་རབ་གནས་བཀྲིན་བསྐྱངས་འདུག དེའི་རྗེས་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་པར་ཆིབས་ཞལ་བསྒྱུར་ཏེ་རྟ་དབང་དགོན་པའི་གཙུག་ལག་ཁང་དུ་དགོན་པའི་མཁན་པོ་བླ་སྤྲུལ་དང་དགེ་འདུན་པ་བཅས་ལ་བླང་དོར་བཀའ་སློབ་བཀྲིན་བསྩལ་ཡོད་པ་རེད། རྩ་བའི་ཁ་སང་རེས་གཟའ་ཉིན་མའི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ས་གནས་ཁག་ཏུ་ཆིབས་བསྒྱུར་དང་མཛད་འཕྲིན་སྐྱོང་སྐབས་ཕེབས་ལམ་གཡས་གཡོན་ཕྱོགས་གང་སར་ས་གནས་མང་ཚོགས་ཚོས་དཀར་གཙང་གི་མཇལ་དར་སོགས་བསྣམས་ནས་དགའ་དད་སྤྲོ་གསུམ་གྱི་ངང་ཕེབས་བསུ་དང་ཆིབས་བསྒྱུར་མཛད་ཡུལ་ས་གནས་དེ་དག་ལ་འཚང་ཁ་ཤིག་ཤིག་གིས་མཇལ་བཅར་ཞུས་བ་མ་ཟད། ལྷག་པར་དུ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ཀྱང་ཆེད་བཅར་ཞུས་ཡོད་པ་རེད།

༸གོང་ས་མཆོག་གིས་རྒྱ་ནག་ནང་དུ་བྱམས་བརྩེའི་གསར་བརྗེ་ཞིག་དགོས་ཀྱི་འདུག་ཅེས་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མོན་རྟ་དབང་དུ་ཚོགས་པའི་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་ནང་དུ་སླར་ཡང་གསར་བརྗེ་ཞིག་དགོས་པ་དང་། དེ་ཡང་གཙོ་བོ་བྱམས་བརྩེ་ལ་གཞི་བཞག་པའི་གསར་བརྗེ་ཞིག་དགོས་ཀྱི་འདུག་ཅེས་བཀའ་བསྩལ་གནང་སོང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཕྱི་ཚེས་ ༨ ཉིན་མོན་རྟ་དབང་ཁུལ་གྱི་ཉིན་དང་པོའི་ཆོས་འབྲེལ་ལེགས་གྲུབ་ཟིན་རྗེས། མགོན་པོ་མཆོག་དབུ་བཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་ཚོགས་གནང་པ་དང་། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོའི་ངོས་ནས་རྒྱ་ནག་མི་མང་དང་རྒྱ་ནག་གཞུང་དབར་ལ་དབྱེ་བ་འབྱེད་དགོས་པ་རེད། རྒྱ་ནག་གཙོས་པའི་འཛམ་གླིང་འདིའི་ཐོག་རྒྱལ་ཁབ་གང་ཞིག་ཡིན་རུང་མཐར་དེ་མང་ཚོགས་ལ་བདག་ཡོད་པ་དང་། གཞུང་གང་འདྲ་ཡིན་རུང་བརྗེ་པོ་ཐེབས་འགྲོ་གི་ཡོད་ཀྱང་། མང་ཚོགས་ནི་རང་འཇགས་གནས་ཀྱི་རེད། རྒྱ་ནག་ལ་ཆ་མཚོན་པ་ན་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་དང་རིག་གཞུང་ཡོད་པའི་མི་རིགས་ཤིག་དང་དཀའ་ལས་བརྒྱབ་ཐུབ་མཁན་གྱི་མི་རིགས་ཤིག་རེད། འོན་ཀྱང་ད་ལྟའི་རྒྱ་གཞུང་གི་སྒྲོམ་གཞི་འདི་ནི་དབང་ཆ་གཅིག་བསྡུས་རིང་ལུགས་དང་བསམ་བློ་གུ་དོག་པོ་ཞིག་ཡིན་པ་བརྟེན། སྒྲོམ་གཞི་དེའི་འོག་རྒྱ་ནག་གི་ལོ་རྒྱུས་ལྡན་པའི་རིག་གཞུང་དག་ལ་དོག་ཕོག་ཧ་ཅང་ཆེན་པོ་ཐེབས་ཡོད་པ་རེད་ཅེས་བཀའ་བསྩལ་བ་དང་འབྲེལ། རྒྱ་ནག་ནང་ལ་ཆ་མཚོན་ན་ད་ལྟའི་འགྱུར་བ་འགྲོ་གི་ཡོད་པ་དང་། ངོས་ཀྱི་རེ་བ་ལ་ད་ལྟའི་རྒྱ་ནག་དམར་པོའི་གཞུང་དེའི་སྣེ་ཁྲིད་པའི་འོག་སླར་གསར་བརྗེ་ཞིག་བྱེད་དགོས་པ་དང་། དེའང་གཙོ་བོ་བྱམས་བརྩེ་ལ་གཞི་བཞག་པའི་གསར་བརྗེ་ཞིག་དགོས་ཀྱི་འདུག་ཅེས་བཀའ་བསྩལ་གནང་སོང་། རྒྱ་ནག་ནང་ཡོད་པའི་མི་མང་ཚོར་དངོས་ཡོད་ཀྱི་གནས་ཚུལ་གང་ཡིན་ཤེས་རྒྱུར་ཐོབ་ཐང་ཡོད་པ་རེད། རྒྱ་ནག་གཞུང་གིས་དམ་བསྒྲགས་འོག་རྒྱ་རིགས་མང་ཚོགས་ཚོར་ཕྱོགས་གཅིག་པོའི་གནས་ཚུལ་བཤད་ནས་མང་ཚོ་རྣམས་ལྐུག་པ་བཟོ་ཡི་ཡོད་རེད། དེ་ནི་བཟང་ཕྱོགས་ཀྱི་ཆ་ནས་ཧ་ཅང་ནོར་འཁྲུལ་ཆེན་པོ་རེད། གནས་ཚུལ་གང་འདྲ་ཞིག་ཡིན་རུང་མང་ཚོགས་ལ་ཕྱི་གསལ་ནང་གསལ་བྱེད་རྒྱུ་དེ་ཤིན་ཏུ་ནས་གལ་ཆེན་པོ་རེད་ཅེས་གསུངས་སོང་། ད་ལྟའི་རྒྱ་ནག་ནང་ཡོད་པའི་ཁྲིམས་ཞིབ་ལྷན་ཁང་དེ་རྒྱལ་སྤྱིའི་གནས་ཚད་དང་མཐུན་པ་ཞིག་དང་རང་དབང་ལྡན་པ་བཟོ་དགོས་ཀྱི་འདུག་ཅེས་ལམ་སྟོན་བསྩལ་ཡོད། བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་སྲིད་མིན་ཐད་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་དུས་ཚོད་རིང་མིན་ཞིག་རེད། བོད་ནང་ལ་དཀའ་ངལ་ཐོག་གནས་ཡོད་སྟབས་ཏཱ་ལའི་བླ་མ་ཞེས་པ་དེ་ཚོར་བ་རྣོ་བའི་གནད་དོན་ཞིག་ཆགས་ཡོད་པ་རེད། གལ་ཏེ་བོད་ནང་ལ་དཀའ་ངལ་མེད་པ་ཡིན་ན། ཏཱ་ལའི་བླ་མའི་མིང་དེ་ཚོར་བ་རྣོ་པོ་དེ་འདྲ་ཞིག་ཡོང་གི་མ་རེད། རྒྱ་ནག་གཞུང་གིས་ད་ལྟའི་བོད་ནང་གི་དོན་དངོས་དཀའ་ངལ་དེ་དག་སེལ་ཐབས་བྱེད་རྒྱུ་ལས་ལྡོག་ཏེ་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་ལ་མང་ཚོགས་ཐོག་དྲག་པོའི་ཐབས་བྱུས་བེད་སྤྱོད་བྱས་པ་དང་དེ་བཞིན་དམར་ཤོག་ཀྱི་ལྟ་བའི་སློབ་གསོ་སྤྲོད་པ་མ་ཟད། དངུལ་གྱི་མང་ཚོགས་ཀྱི་བསམ་བློ་བསླུ་ཐབས་སོགས་ཀྱི་ཐབས་ཤེས་འདྲ་མིན་བརྒྱུད་ཞི་འཇམ་ཡོང་ཐབས་བྱེད་ཀྱི་ཡོད་པ་རེད། རྒྱ་གཞུང་གིས་བོད་ནང་ལ་ཕྱི་དངོས་པོའི་མཐུན་རྐྱེན་ཡར་རྒྱས་གང་ཚོད་བཏང་ཡོད་ཀྱང་། དོན་དངོས་ཐོག་བོད་ནང་གི་བོད་མི་ཚོའི་སེམས་གཏིང་ལ་མ་སྐྱིད་པ་དང་དཀའ་ངལ་རག་འཇགས་གནས་ཡོད་པ་རེད། དེས་ན་བོད་རྒྱ་ཕྱོགས་གཉིས་པོའི་ཁེ་ཕན་ཆེད་དུ་རྒྱ་གཞུང་གིས་བོད་ནང་ལ་དཀའ་ངལ་དེ་སེལ་དགོས་ཀྱི་རེད། དཀའ་ངལ་དེ་སེལ་རྒྱུ་ཞིག་ཡོད་པ་དང་། དེའང་དོན་དངོས་དང་མཐུན་པའི་ཐོག་ནས་སེལ་དགོས་ཞེས་བཀའ་བསྩལ་ནན་པོ་གནང་ཡོད་པ་རེད། གཞན་ཡང་སྐབས་དེར་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་ཏཱ་ལའི་བླ་མམེད་པའི་སྐབས་སུ་ཡང་སྲིད་དགོས་དང་མི་དགོས་དེ་ནི་མཐར་བོད་མི་མང་ཚོགས་ལ་རག་ལུས་ཡོད་པ་རེད་ཅེས་བཀའ་བསྩལ་བ་མ་ཟད།ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་བའི་ཚོགས་འདུ་ཞིག་ཚོགས་ངེས་ཡིན་སྐོར་ཡང་བཀའ་བསྩལ་མཛད་ཡོད།

༸གོང་ས་མཆོག་མོན་རྟ་དབང་ཁུལ་དུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རུ་ནཱ་ཅལ་མངའ་སྡེའི་གཞུང་མང་གཉིས་ནས་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་ཐོག་དེ་རིང་ཉིན་རྒྱབ་མོན་རྟ་དབང་ཁུལ་དུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་སོང། ༸གོང་ས་མཆོག་གིས་སྡི་རང་ཁུལ་གྱི་ཆོས་འབྲེལ་ཁག་ལེགས་པར་གྲུབ་ཀྱིས་དེ་རིང་སྔ་དྲོ་ཚོུད་ ༧།༠༠ སྟེང་མགོན་པོ་༸གང་ཉིད་མཆོག་སྡི་རང་ནས་མོན་རྟ་དབང་ཁུལ་དུ་ཆིལས་ཞལ་བསྒྱུར་གནང་ཡོད་པ་དང། ཕྱི་དྲོ་ཚོུད་ ༤།༠༠ མན་ཙམ་ལ་མགོན་པོ་༸གང་ཉིད་མཆོག་རྟ་དབང་དགོན་པ་དགའ་ལྡན་རྣམ་རྒྱལ་གླིང་དུ་༸ཞབས་སོར་བདེ་བར་འཁོད་བསྟུན་ཕེབས་བསུར་རྟ་དབང་དགོན་པའི་མཁན་པོ་གཙོས་པའི་ས་གནས་ཀྱི་གྲོས་ཚོགས་འཐུས་མི་སོགས་གཞུང་འབྲེལ་གྱི་གནད་ཡོད་མི་སྣ་ཁག་ཆེད་བཅར་གནང་འདུག རྩ་བའི་ད་ལན་༸གང་ཉིད་མཆོག་གི་ཆིབས་བསྒྱུར་གནང་ཡུལ་གྱི་མོན་རྟ་དབང་ས་ཁུལ་དེ་སྡི་རང་ནས་ཕེབས་གྲུ་ནང་ཚོུད་དྲུག་མན་ཙམ་གྱི་རྒྱང་ཐང་ཡིན་ཞིང་། སྔ་དྲོ་མགོན་པོ་མཆོག་སྡི་རང་ནས་རྟ་དབང་ཕྱོགས་སུ་ཆིབས་བསྒྱུར་གནང་པའི་སྐབས་སུ་ཉེ་སྔོན་ལྟར་མི་འདྲ་བ་ལམ་བར་ལ་གནམ་གཤིས་ཧ་ཅང་ཡག་པོ་འདུག་པ་དང་། ཕེབས་ལམ་དུ་བཀྲིས་རྟགས་བརྒྱད་དང་ཆོས་མཛད་སོགས་བཤམ་པ་དང་། ས་གནས་མི་མང་ཚོགས་ཚོའི་ཕྱག་ཏུ་དཀར་གཙང་གི་མཇལ་དར་དང་བདུག་སྤོས་སོགས་བསྣམས་ཏེ་དགའ་དད་སྤྲོ་གསུམ་འཁོད་པའི་ཐོག་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད། རྩ་བའི་མོན་རྟ་དབང་ཁུལ་གྱི་མཛད་འཆར་ལྟར་ན། མགོན་པོ་མཆོག་ནས་སང་ཉིན་ཟླ་ ༤ ཚེས་ ༨ ནས་ ༡༠ བར་རྟ་དབང་གཙོ་བོར་འགྱུར་པའི་དད་ལྡན་མང་ཚོགས་ལ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་བ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་དང་ཚེ་དབང་སོགས་ཀྱི་ཆོས་འབྲེལ་བསྩལ་རྒྱུའི་མཛད་ཐུགས་གཏན་འཁེལ་འདུག

Latest news