fbpx

Tibetan Royal Year of 2150 | Year of the Water Rabbit

༸གོང་ས་མཆོག

རྒྱ་གཞུང་གིས་གནོན་ཤུགས་ལ་ལྟོས་མེད་སྲིད་འཛིན་ཨོ་བྷ་མས་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་རྒྱུ།

རྒྱ་ནག་གཞུང་གིས་གནོན་ཤུགས་ལ་ལྟོས་མེད་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་རག་ཨོ་བྷ་མ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་རྒྱུ་རེད་འདུག དེའང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཕྱི་ཚེས་ ༡༣ ནས་དབུ་ཛུགས་ཀྱིས་ཨ་མི་རི་ཀའི་རྒྱལ་ས་ (Washington DC) ཝ་ཤིང་ཊོན་ཌི་སིར་མང་ཚོགས་ལ་བཀའ་སློབ་སྩལ་བ་དང་འདི་བཞིན་ཆེ་མཐོའི་མི་སྣ་ཁག་མཇལ་འཕྲད་མཛད་པ་བཅས་ཀྱི་མཛད་འཆར་སྐྱོང་བཞིན་པའི་ཁྲོད། ཁ་སང་ཚེས་ ༡༤ ཉིན་རྒྱ་ནག་གཞུང་གིས་ཨ་མི་རི་ཀར་གནོན་ཤུགས་སྤྲོད་པ་དང་སྦྲགས་ཨ་རི་གཞུང་ནས་དེ་སྔ་ཁས་ལེན་གནང་པ་རྣམས་དམ་འཛིན་བྱས་ཏེ། ཁ་བྲལ་རིང་ལུགས་པ་ལ་རྒྱབ་སྐྱོར་དང་མཇལ་འཕྲད་རིགས་མ་གནང་ན་ལེགས་པོ་ཡོད་སྐོར་བརྗོད་འདུག འོན་ཏང་ཁ་སང་རྒྱ་གཞུང་གིས་གནོན་ཤུགས་སྤྲོད་པར་ལྟོས་མེད་ཀྱིས་ཨ་རིའི་ཕོ་བྲང་དཀར་པོས་གཞུང་འབྲེལ་གསལ་བསྒྲགས་ཤིག་སྤེལ་བའི་བརྒྱུད་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་རག་ཨོ་བྷ་མ་མཆོག་རྣམ་གཉིས་དེ་རིང་ཟླ་ ༦ ཚེས་ ༡༥ ཉིན་རྒྱ་གར་ནང་གི་དགོང་དྲོའི་ཚོུད་ ༨།༠༠ ཙམ་དང་། ཁུལ་དེའི་སྔ་དྲོའི་ཚོུད་ ༡༠།༡༥ ཐོག་ཨ་རིའི་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་མཛད་རྒྱུ་ཡིན་པ་དང་། སྐབས་དེར་གསར་འགོད་པ་སོགས་བརྒྱུད་ལམ་ཁག་མཉམ་ཞུགས་གནང་ཆོག་གི་མེད་པ་རེད་འདུག གཞི་རྩའི་སྤྱི་ལོ་ ༡༩༩༡ ལོ་ནས་ཨ་མི་རི་ཀའི་སྲིད་འཛིན་རིམ་བྱོན་ཡོངས་ནས་༸གོང་ཉིད་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། སྐུ་ཞབས་ཨོ་བྷ་མ་མཆོག་ནས་ཨ་རིའི་སྲིད་འཛིན་གྱི་ཐུགས་འགན་བཞེས་པ་ནས་བཟུང་སྟེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་གནང་པ་ད་ལན་འདི་ཐེངས་བཞི་པ་དེ་ཆགས་ཀྱི་ཡོད་པ་མ་ཟད། དེ་སྔའི་མཇལ་འཕྲད་སྐབས་སྲིད་འཛིན་མཆོག་ནས་མགོན་པོ་༸གང་ཉིད་མཆོག་གྱི་འདོན་གནང་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་དང་། རྒྱ་གཞུང་གིས་རྩ་མེད་གཏོང་བཞིན་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་སྲུང་སྐྱོབ་གནང་རྒྱུར་ཨ་རི་གཞུང་ནས་མུ་མཐུད་རྒྱབ་སྐྱོར་ཡོད་པ་སོགས་གསུངས་ཡོད། ཐེངས་འདིའི་ཕོ་བྲང་དཀར་པོའི་ནང་གི་མཇལ་འཕྲད་དང་འབྲེལ། རྒྱལ་སྤྱིའི་ཆབ་སྲིད་པ་དང་གསར་འགོད་པ། དེ་བཞིན་དཔྱད་ཞིབ་དང་འབྲེལ་ཡོད་མི་སྣ་མང་དག་ཞིག་གིས་ཀྱང་དོ་སྣང་ཆེན་པོ་གནང་བཞིན་ཡོད་པ་མ་ཟད། ལ་ལ་གནས་ཚུལ་དེ་ཐོས་མ་ཐག་ཏུ་སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་ལམ་ངོ་དེབ་དང་འཕྲུལ་བྱ་སོགས་ཀྱི་སྟེང་དུ་ད་ལན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་རག་ཨོ་བྷ་མ་མཆོག་རྣམ་གཉིས་མཇལ་འཕྲད་གནང་རྒྱུ་འདི་ནི་སྲིད་འཛིན་མཆོག་སྲིད་འཛིན་གྱི་ལས་ཡུན་ལས་འཁྱུར་ལ་ཉེ་བས་ཐོན་མཇལ་གྱི་འཚམས་འདྲི་ལྟ་བུ་ཞིག་ཡིན་པ་ལས། བོད་དང་རྒྱ་ནག་གི་ཆབ་སྲིད་གནད་དོན་ཐོག་བཀའ་མོལ་གང་ཡང་གནང་གི་མ་རེད་ཅེས་གང་ཟག་སོ་སོའི་དགོངས་ཚུལ་གནང་འདུག དེ་མཚུངས་སུ་འགའ་ཞིག་གིས་ཀྱང་ཨོ་བྷ་མ་མཆོག་གིས་དེ་སྔའི་མཇལ་འཕྲད་སྐབས་སུ་གསུངས་པ་ལྟར་དབུ་མའི་ལམ་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་པ་ལས་དམིགས་བསལ་གསར་པ་གང་ཡང་གསུང་གི་མ་རེད་ཅེས་སོགས་བཀོད་འདུག གཞན་ཁག་ཅིག་ནས་ཨོ་བྷ་མ་མཆོག་ནས་༸གོང་ས་མཆོག་དང་མཇལ་འཕྲད་གནང་པ་ཙམ་གྱིས་ཨ་རི་གཞུང་ནས་བོད་དོན་ལ་རྒྱབ་སྐྱོར་ཡོད་པ་མངོན་གསལ་ཡིན་པ་དང་། མ་འོངས་པར་ཨ་རི་གཞུང་ནས་མཇལ་འཕྲད་ཙམ་མ་ཡིན་པར་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ལག་ལེན་གྱི་ཐོག་ནས་རྒྱབ་སྐྱོར་གནང་གལ་ཡིན་པ་སོགས་བཀོད་ཡོད། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཨ་རི་ནང་གི་མཛད་འཆར་དང་འབྲེལ། ཁ་སང་མགོན་པོ་༸གང་ཉིད་མཆོག་ལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། ཁུལ་དེའི་ཕོ་བྲང་དཀར་པོའི་ཉེ་འགྲམ་དུ་ཡོད་པའི་Willard གསོལ་མགྲོན་ཁང་དུ་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་མི་ཉི་བརྒྱ་ལྷག་གི་ལྷན་དུ་༸གང་ཉིད་མཆོག་གི་དགོངས་གཞི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ལས་དོན་གནང་ཕྱོགས་དང་འབྲེལ་གྲོས་མོལ་གནང་ཡོད་པ་རེད། དེ་བཞིན་སྐབས་དེར་མགོན་པོ་མཆོག་གིས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གཞུང་དང་ཚོགས་པ་ཁག་གི་སྐུ་ཚབ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་ཡོང་བའི་འབོད་བསྐུལ་དང་། ཉེ་འཆར་བོད་མིའི་སྒྲིག་འཛུགས་ནས་བསྐོ་གཞག་གནང་པའི་ཨ་རིའི་སྐུ་ཚབ་དོན་གཅོད་གསར་པ་བོད་མི་མང་སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་མཆོག་མང་ཚོགས་ལ་ངོ་སྤྲོད་མཛད་ཡོད་པ་རེད། རྩ་བའི་དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་རྣམ་གཉིས་དབར་མཇལ་འཕྲད་མཛད་རྒྱུ་དང་། ཁུལ་དེར་རྟེན་གཞི་བྱས་པའི་ National Endowment for Democracy ཞེས་མང་གཙོ་གོང་སྤེལ་བསྟི་གནས་ཁང་གིས་གོ་སྒྲིག་ཞུས་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དང་། བོད་མིའི་སྒྲིག་འཛུགས་འདི་བཞིན་ཚད་ལྡན་མང་གཙོའི་ལམ་ལུགས་སུ་ཤར་སྐྱོད་བྱེད་བཞིན་པ་བཅས་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དང་། འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་ཐབས་ཀྱི་བགྲོ་གླེང་བཅས་ཀྱི་ཐོག་དབུ་བཞུགས་མཛད་རྒྱུའི་མཛད་འཆར་ཡོད་པ་རེད།

༸གོང་ས་མཆོག་གིས་བཙན་བྱོལ་བོད་མི་རྣམས་ནས་རང་མགོ་གང་ཐོན་ཙམ་མ་ཡིན་པར་གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱི་ཚབ་བྱས་ནས་ཧུར་ཐག་གནང་གལ་ཡིན་པ་བཀའ་བསྩལ་འདུག

 བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་ལྟའི་དུས་སྐབས་བཙན་བྱོལ་བོད་མི་རྣམས་ནས་རང་མགོ་གང་ཐོན་བྱ་རྒྱུ་ཙམ་མ་ཡིན་པར་གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱི་ཚབ་བྱེད་ནས་ཧུར་ཐག་གནང་རྒྱུ་གལ་ཆེ་ཡིན་པའི་བཀའ་སྩལ་འདུག དེ་ཡང་ཁ་སང་ཚེས་ ༡༣ ཉིན་མགོན་པོ་༸གང་ཉིད་མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སིའི་བོད་རིགས་སྤྱི་མཐུན་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། ཁུལ་དེའི་རྟེན་གཞི་བྱས་པའི་ཨ་རིའི་གཙུག་ལག་སློབ་གྲྭ་ Bender Arena ཆེན་མོའི་རྩེད་རར་བོད་རིགས་དང་མང་ཚོགས་ ༣༠༠༠ ལྷག་ལ་དེང་དུས་ཀྱི་འཛམ་གླིང་ནང་སེམས་ཀྱི་ཞི་བདེ་སྐྲུན་ཐབས་ཞེས་པའི་བརྗོད་གཞི་ཐོག་བཀའ་སློབ་བཀའ་དྲིན་སྩལ་བ་དང་འབྲེལ། སྐབས་དེར་ཕེབས་པའི་ས་གནས་བོད་མི་རྣམས་ལ་༸གང་ཉིད་མཆོག་གིས་བོད་རང་དབང་རང་བཙན་ཤོར་ནས་མི་ལོ་མང་པོ་སོང་ཡང་། ད་བར་བོད་མིའི་མི་རབས་རྒན་པ་རྣམས་ཀྱིས་བཀའ་དྲིན་ལ་བརྟེན་ནས་བོད་མི་རྣམས་རང་ཉིད་བོད་མི་ཞིག་ཡིན་བསམ་པའི་འདུ་ཤེས་མ་བརླག་པར་གནས་ཐུབ་པ་བྱུང་ཡོད་སྐོར་བཀའ་སྩལ་ཏེ། ད་ལྟའི་ཆར་བཙན་བྱོལ་བོད་མི་རྣམས་ནས་རང་མགོ་གང་ཐོན་ཙམ་མིན་པར་གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱི་ཚབ་བྱས་ནས་ཧུར་ཐག་གནང་རྒྱུ་གལ་ཆེ་ཡིན་པའི་ལམ་སྟོན་བསྩལ་འདུག དེ་བཞིན་མགོན་པོ་མཆོག་གིས་བོད་ཀྱི་སྐད་ཡིག་འདི་ནི་རང་ཉིད་ནང་པ་སངས་རྒྱས་པའི་ཆོས་ལ་སློབ་སྦྱོང་གནང་བྱ་རྒྱུར་གཞི་མ་ལྟ་བུ་ཡིན་པ་མ་ཟད། སྐད་ཡིག་འདིའི་བརྒྱུད་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཞབས་འདེགས་རླབས་པོ་ཆེ་ཞུ་ཐུབ་ངེས་ཡིན་སྟབས། བོད་རིགས་གཞོན་སྐྱེས་རྣམས་ནས་བོད་ཡིག་ལ་དོ་སྣང་དང་སློབ་སྦྱོང་གནང་གལ་ཆེ་བའི་བཀའ་བསྩལ་འདུག ལྷག་དོན་༸གོང་ས་མཆོག་གིས་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་གནས་བབ་དང་འབྲེལ་བོད་མིའི་སྒྲིག་འཛུགས་དེ་བཞིན་དུས་ཚོད་དང་མཐུན་པའི་མང་གཙོའི་ལམ་ལུགས་ཐོག་འགྲོ་བཞིན་པ་ཡོད་པ་དང་། མ་འོངས་པར་དུས་ཀྱི་འགྱུར་ལྡོག་ལ་གཞིགས་ཏེ་གོམ་པ་མདུན་བསྐྱོད་གནང་སྟེ་བོད་ཀྱི་རིག་གཞུང་དང་སྲོལ་རྒྱུན་གང་འདྲ་ཞིག་ཡིན་ཡང་འཛམ་བུ་གླིང་འདིའི་ཐོག་ཕན་ཐོག་ཡོད་ན་མུ་མཐུད་བདག་གཅེས་གནང་དགོས་པའི་བཀའ་སྩལ་ཡོད་པ་རེད། སྐབས་དེའི་མཛད་རིམ་ཐོག་བོད་དོན་ལ་རྒྱབ་བསྐྱོར་གནང་མཁན་དང་མགོན་པོ་༸གང་མཆོག་དང་ཐུགས་ཉེ་བའི་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ Nancy Pelosi མཆོག་གིས་དབུས་པའི་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དང་ས་གནས་རྫོང་དཔོན། དེ་བཞིན་མགོན་པོ་མཆོག་གི་མཛའ་གྲོགས་སྐུ་ཞབས་ Richard Gere ལགས་སོགས་གནད་ཡོད་མི་སྣ་མང་དག་ཞིག་ཀྱང་ལྷན་ཞུགས་གནང་འདུག གཞི་རྩའི་༸གོང་ས་མཆོག་གིས་ཁ་སང་བོད་མི་ཚོར་བཀའ་སློབ་མ་སྩལ་སྔ་རོལ་དུ་ཝ་ཤིང་ཊོན་ཌི་སིར་རྟེན་གཞི་བྱས་པའི་ཨ་རིའི་ཞི་བདེ་བསྟི་གནས་ཁང་གི་གོ་སྒྲིག་འོག་ཨ་མི་རི་ཀའི་ན་གཞོན་ཁག་ཅིག་དང་ལྷན་དུ་དྲག་པོའི་ལས་གཞི་མཚམས་འཇོག་བྱེད་རྒྱུར་ན་གཞོན་གྱི་ཆ་ཤས་ལེན་ཐབས་ཀྱི་བགྲོ་གླེང་གི་ཚོགས་མགོན་དུ་དབུ་བཞུགས་མཛད་ཡོད་པ་དང་། སྐབས་དེར་༸གང་ཉིད་མཆོག་གིས་ཉེ་ཆར་ཨ་རིའི་གྲོང་ཁྱེར་ Orlando མཚན་ཚོགས་ཤིག་ཏུ་མི་བསད་ཁྲག་སྦྱོར་གྱི་དོན་རྐྱེན་འོག་ཚེ་འདས་དང་རྨས་སྐྱོན་ཕོག་པའི་མི་སེར་རྣམས་ལ་མྱ་ངན་མཚོན་ཆེད་སྐར་མ་གཅིག་རིང་ངག་བཅད་གྲུབ་བསྟུན། བགྲོ་གླེང་ཐོག་ཕེབས་པའི་ཚོགས་བཅར་བའི་དྲི་བར་བཀའ་ལན་མཛད་འདུག མགོན་པོ་མཆོག་ནས་ཨ་རིས་ལག་བསྟར་བྱས་པའི་དམག་དོན་སྲིད་བྱུས་ཀྱི་ཐོག་ནས་འཁོན་འཛིན་མི་ཉུང་བ་ཞིག་བཟོས་སྟབས། ཕན་ཚུན་དབར་ངལ་བ་དེ་དག་བྱུང་ཡོད་པ་གསུངས་པ་དང་འབྲེལ། དཀའ་རྙོག་དང་འཁོན་འཛིན་གང་འདྲ་ཞིག་ཡིན་ཡང་གྲོས་མོལ་དང་མཐུན་སྒྲིལ། དེ་བཞིན་བརྩེ་སེམས་དང་དྲང་བདེན་གྱི་ལམ་ནས་སེལ་ཐབས་གནང་དགོས་པ་ལས། དྲག་པོའི་དམག་ཤུགས་ཀྱིས་འགྲོ་བ་མིའི་དཀའ་ངལ་དང་སེམས་ཚོར་ལ་འགྱུར་བ་ནམ་ཡང་གཏང་ཐུབ་ཀྱི་མ་རེད་ཅེས་བཀའ་བསྩལ་འདུག མཛད་འཆར་ལྟར་ན། དེ་རིང་ཕྱི་ཚེས་ ༡༤ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Paul Ryan མཆོག་དང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ Nancy Pelosi མཆོག་གི་སྣེ་འཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེའི་གྲོས་ཚོགས་སུ་ཕེབས་བསུ་དང་སྦྲགས་ཉིན་དགུང་གསོལ་ཚིགས་ཤིག་འདེགས་འབུལ་ཞུ་རྒྱུ་རེད་འདུག སྐབས་དེར་ཨ་རིའི་ཆབ་སྲིད་ཚོགས་པ་ཁག་གི་སྐུ་ཚབ་མཚོན་པའི་གྲོས་ཚོགས་ཀྱི་འཐུས་ ༣༠ ཙམ་དང་། དེ་བཞིན་སྐུ་ཞབས་ Richard Gere ལགས་བཅས་ནས་མཉམ་ཞུགས་གནང་གི་འདུག ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Paul Ryan མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེའི་གྲོས་ཚོགས་ནང་གདན་ཞུའི་གོ་སྐབས་བྱུང་བ་དེ་ནི་སྐལ་བཟང་ཞིག་ལ་ངོས་འཛིན་དང་སྦྲགས། ༸གོང་ས་མཆོག་ནི་མི་མང་པོར་བཟང་ཕྱོགས་ཀྱི་སེམས་སྐུལ་གནང་ཐུབ་མཁན་གྱི་གང་ཟག་ཁྱད་དུ་འཕགས་བ་ཞིག་རེད་ཅེས་གསུངས་འདུག གཞན་ཡང་ལྕམ་Nancy Pelosi མཆོག་གིས་ད་རེས་སླར་༸གོང་ས་མཆོག་ཁུལ་དེའི་གྲོས་ཚོགས་ནང་གནད་ཞུ་ཐུབ་པ་དེ་ནི་ཨ་རིའི་ཆབ་སྲིད་ཚོགས་པ་ཡོངས་ཀྱིས་མགོན་པོ་མཆོག་གིས་ད་བར་འཛམ་གླིང་ཞི་བདེ་དང་བྱམས་སྙིང་རྗེ་སོགས་ཀྱི་ཐོག་སྐུ་ངལ་ཚད་མེད་བསྐྱོན་པར་ཆེ་བསྟོད་ཀྱི་གུས་འདུག་ཞུ་རྒྱུ་དང་། ༸གོང་ས་མཆོག་ཁུལ་དེའི་གྲོས་ཚོགས་དུ་ནམ་ཕེབས་ཀྱང་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་སེམས་འགུལ་འཕར་མ་ཞིག་ཐེབས་ཀྱི་འདུག་ཅེས་གསུངས་པ་དང་འབྲེལ།  ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་ཀྱང་བོད་ཀྱི་རྩ་དོན་དང་ཆོས་དང་རིག་གཞུང་སྲུང་སྐྱོབ་སོགས་ཀྱི་ཐད་ལ་རོགས་རམ་གང་ཐུབ་གནང་དགོས་པའི་འབོད་སྐུལ་ཡང་ཞུས་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཚེས་ ༡༣ ནས་དབུ་འཛུས་ཀྱིས་ཚེས་ ༢༥ བར་ཁྱོན་བདུན་ཕྲག་གཉིས་ལྷག་ཙམ་རིང་ཨ་རིའི་རྒྱལ་ས་གཙོས་པའི་ California དང་།  Uttah དེ་བཞིན་ Colorado དང་། Indiana བཅས་ཨ་རིའི་མངའ་སྡེ་ཆེ་ཁག་ལྔའི་ནང་རིམ་པས་མཛད་འཕྲིན་བསྐྱང་གནང་གི་ཡོད་པ་མ་ཟད། སང་ཉིན་ཕྱི་ཚེས་ ༡༥ ཉིན་ཁུལ་དེར་རྟེན་གཞི་བྱས་པའི་ National Endowment for Democracy  ཞེས་མང་གཙོ་གོང་སྤེལ་བསྟི་གནས་ཁང་གིས་གོ་སྒྲིག་ཞུས་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་འབུལ་བཞེས་མཛད་སྒོ་དང་། འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་ཐབས་ཀྱི་བགྲོ་གླེང་ཐོག་དབུ་བཞུགས་མཛད་རྒྱུ་རེད་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རི་ནང་༸ཞབས་སོར་བདེ་བར་འཁོད་པ།

ཁ་སང་ཟླ་ ༦ ཕྱི་ཚེས་ ༡༢ ཉིན་རྒྱབ་ཚོུད་ ༣།༣༠ སྟེང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་༸གང་ཉིད་མཆོག་གི་བཞུགས་གནས་ Park Hyatt གསོལ་མགྲོན་ཁང་དུ་༸ཞབས་སོར་བདེ་བར་འཁོད་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཨ་རི་སྐུ་ཚབ་དོན་གཅོད་སྐལ་རྡོ་ལགས་ཀྱིས་གཙོས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ།  བོད་དོན་རྒྱབ་སྐྱོར་བ། དེ་བཞིན་དད་ལྡན་མང་ཚོགས་རྣམས་ཀྱིས་ཕྱག་ཏུ་དྭངས་གཙང་མཇལ་དར་གཙོས་བདུག་སྤོས་བསྣམས་ཤིང། བཀྲིས་ཞོལ་པ་འཁྲབ་སྟོན་དང་གྲོ་སོ་ཕྱེ་མར་ཆང་ཕུད་བཅས་འདེགས་འབུལ་གྱིས་སྲོལ་རྒྱུན་ལམ་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་རེད། ༸གང་ཉིད་མཆོག་གིས་དེ་རིང་ཚེས་ ༡༣ ནས་དབུ་འཛུགས་ཀྱིས་ཚེས་ ༢༥ བར་ཁྱོན་གཟའ་འཁོར་གཉིས་ཙམ་རིང་མཛད་འཕྲིན་བཀྲིན་ཆེ་བ་བསྐྱང་རྒྱུ་ཡིན་པ་རེད། མཛད་འཆར་གཞིགས་ན། ཕྱི་ཚེས་ ༡༣ ཉིན་རྒྱབ་ཚོུད་ ༡།༣༠ ནས་དབུ་འཛུགས་ཀྱིས་ཨ་རིའི་གཙུག་ལག་སློབ་གྲྭ་ཆེན་མོར་དེང་དུས་ཀྱི་འཛམ་གླིང་ནང་སེམས་ཀྱི་ཞི་བདེ་སྐོར་བཀའ་སློབ་བསྩལ་རྒྱུ་དང་། མཛད་རིམ་དེའི་ཐོག་བོད་དོན་རྒྱབ་སྐྱོར་བ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ Nancy Pelosi མཆོག་གིས་གཙོས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་། གློག་བརྙན་ཁྲབ་སྟོན་པ་གྲགས་ཅན་ Richard Gere ལགས་སོགས་གནད་ཡོད་མི་སྣ་མི་ཉུང་ཞིག་ནས་མཉམ་ཞུགས་གནང་གི་ཡོད་པ་རེད་འདུག དེ་རྗེས་ཚེས་ ༡༤ ཉིན་ཨ་རི་གྲོས་ཚོགས་ནང་ནང་མོལ་མཛད་འཆར་ཁག་ཅིག་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་མཛད་འཆར་དུ་ཨ་རིའི་ཕོ་བྲང་དཀར་པོ་དང་ཆེས་ཉེ་བའི་ Willard Hotel ཞེས་པའི་སྐུ་མགྲོན་ཁང་དུ་༸ཞབས་སོར་འཁོད་གནང་མཛད་རྒྱུ། ཕྱི་ཚེས་ ༡༥ ཉིན་ཨ་རི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་ National Endowment for Democracy  ཞེས་པའི་མང་གཙོ་གོང་སྤེལ་བསྟི་གནས་ཁང་གིས་གོ་སྒྲིག་ཞུས་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་འབུལ་བཞེས་མཛད་དང་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་ཐབས་ཀྱི་བགྲོ་གླེང་ཐོག་བཅས་སུ་དབུ་བཞུགས་མཛད་རྒྱུ་རེད་འདུག དེ་བཞིན་ཚེས་ ༡༨ སྔ་དྲོ་༸གང་ཉིད་མཆོག་ཨ་རིའི་ཀེ་ལི་ཕོར་ནི་ཡ་མངའ་སྡེ་ནང་ཆིབས་བསྒྱུར་གྱིས་ཁུལ་དེར་གསར་འཛུགས་ཞུས་པའི་ཝི་ཏི་ནམ་ཆོས་ཚོགས་སུ་བྱམས་བརྩེ་སྐོར་བཀའ་སློབ་བཀྲིན་བསྩལ་རྒྱུ་དང་། ཉིན་རྒྱབ་ཏུ་སངས་རྒྱས་སྨན་ལྷའི་བཀའ་དབང་བསྩལ་བ་དང་འབྲེལ་ནང་ཆོས་ངོ་སྤྲོད་མཛད་རྒྱུ་ཡིན་པ་རེད། ཕྱི་ཚེས་ ༡༩ ཉིན་༸གོང་ས་མཆོག་གིས་ཝི་ཏི་ནམ་ཆོས་ཚོགས་ཀྱི་ལྷ་ཁང་གསར་པ་དབུ་འབྱེད་ཀྱི་རབ་གནས་བཀྲིན་ཆེ་རྒྱུ་ཡིན་པ་རེད། ཕྱི་ཚེས་ ༢༡ ཉིན་ Utah གཙུག་ལག་སློབ་གྲྭ་ཆེན་མོར་བྱམས་བརྩེ་དང་ཀུན་ཁྱབ་འགན་འཁུར་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ།   གཞན་ཡང་ཕྱི་ཚེས་ ༢༣ སྔ་དྲོ་ Colorado མངའ་སྡེའི་ Boulder ས་གནས་སུ་ཕྱི་ནང་གི་མང་ཚོགས་ལ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་དང་། དེ་རྗེས་ཚེས་ ༢༥ ཉིན་ Indiana ནང་པའི་ཆོས་ཚོགས་དང་ Interfaith Cooperation and Compassionate Indy ཚོགས་གཉིས་ཟུང་འབྲེལ་གྱིས་གོ་སྒྲིག་འོག མང་ཚོགས་ལ་བྱམས་བརྩེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀྲིན་ཆེ་རྒྱུ་བཅས་ཀྱི་མཛད་འཆར་ཡོད་པ་རེད། རྩ་བའི་༸གོང་ས་མཆོག་ད་ལན་གྱི་མཛད་འཆར་ཁྲོད་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་གཙོས་པའི་ California དང་།  Uttah དེ་བཞིན་ Colorado དང་། Indiana བཅས་ཨ་རིའི་མངའ་སྡེ་ཆེ་ཁག་ལྔའི་ནང་ནང་པའི་ཆོས་ཚོགས་དབུ་འབྱེད་དང་བཀའ་ཆོས།  དེ་བཞིན་མང་ཚོགས་ལ་བླང་དོར་གྱི་བཀའ་སློབ་བསྩལ་རྒྱུ་སོགས་ཀྱི་མཛད་འཆར་སྣ་མང་ཞིག་བང་སྒྲིག་གནང་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ནས་ཨ་རིར་ཆིབས་སྒྱུར་བསྐྱངས་པ།

དེ་རིང་ཟླ་ ༦ ཕྱི་ཚེས་ ༡༠ ཉིན་དགུང་ཚོུད་ ༡༢།༢༠ ཙམ་ལ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དྷ་ས་བཞུགས་སྒར་ནས་ཨ་རིར་ཆིབས་སྒྱུར་བསྐྱངས་གནང་མཛད་སོང་། དེ་ཡང་མགོན་པོ་༸གང་ཉིད་མཆོག་དང་སྟོན་འཁོར་ལྷན་རྒྱས་ལྗགས་སྨིན་གྲུབ་རྗེས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཕེབས་ཐོན་གྱིས་གྷ་གལ་གནམ་ཐང་དང་དེ་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཆིབས་སྒྱུར་བསྐྱངས་ཀྱི་ཡོད་པ་དང་།  ཕྱི་ཚེས་ ༡༢ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཞབས་སོར་བདེ་བར་འཁོད་གནང་གི་ཡོད་པ་རེད། དེ་རྗེས་༸གང་ཉིད་མཆོག་གིས་ཚེས་ ༡༣ ནས་དབུ་འཛུགས་ཀྱིས་ཚེས་ ༢༥ བར་ཁྱོན་གཟའ་འཁོར་གཉིས་ཙམ་རིང་མཛད་འཕྲིན་བཀྲིན་ཆེ་བ་བསྐྱང་རྒྱུ་རེད་འདུག དེ་ཡང་ཁུལ་དེའི་ཨ་རིའི་གཙུག་ལག་སློབ་གྲྭ་ཆེན་མོར་དེང་དུས་ཀྱི་འཛམ་གླིང་ནང་སེམས་ཀྱི་ཞི་བདེ་སྐོར་བཀའ་སློབ་བསྩལ་རྒྱུ་དང་། ལྷག་དོན་ཕྱི་ཚེས་ ༡༥ ཉིན་ཨ་རི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་ National Endowment for Democracy  ཞེས་པའི་མང་གཙོ་གོང་སྤེལ་བསྟི་གནས་ཁང་གིས་གོ་སྒྲིག་ཞུས་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་འབུལ་བཞེས་མཛད་དང་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་ཐབས་ཀྱི་བགྲོ་གླེང་ཐོག་བཅས་སུ་དབུ་བཞུགས་མཛད་རྒྱུ་རེད་འདུག དེ་བཞིན་ཚེས་ ༡༨ སྔ་དྲོ་༸གང་ཉིད་མཆོག་ཨ་རིའི་ཀེ་ལི་ཕོར་ནི་ཡ་མངའ་སྡེ་ནང་ཆིབས་བསྒྱུར་གྱིས་ཁུལ་དེར་གསར་འཛུགས་ཞུས་པའི་ཝི་ཏི་ནམ་ཆོས་ཚོགས་སུ་བྱམས་བརྩེ་སྐོར་བཀའ་སློབ་བཀྲིན་བསྩལ་རྒྱུ་དང་། ཉིན་རྒྱབ་ཏུ་སངས་རྒྱས་སྨན་ལྷའི་བཀའ་དབང་བསྩལ་བ་དང་འབྲེལ་ནང་ཆོས་ངོ་སྤྲོད་མཛད་རྒྱུ་ཡིན་པ་རེད། ཕྱི་ཚེས་ ༡༩ ཉིན་༸གོང་ས་མཆོག་གིས་ཝི་ཏི་ནམ་ཆོས་ཚོགས་ཀྱི་ལྷ་ཁང་གསར་པ་དབུ་འབྱེད་ཀྱི་རབ་གནས་བཀྲིན་ཆེ་རྒྱུ་དང་། ཚེས་ ༢༡ ཉིན་ Utah གཙུག་ལག་སློབ་གྲྭ་ཆེན་མོར་བྱམས་བརྩེ་དང་ཀུན་ཁྱབ་འགན་འཁུར་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ།   གཞན་ཡང་ཕྱི་ཚེས་ ༢༣ སྔ་དྲོ་ Colorado མངའ་སྡེའི་ Boulder ས་གནས་སུ་ཕྱི་ནང་གི་མང་ཚོགས་ལ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་དང་། ཉིན་རྒྱབ་ཏུ་མང་ཚོགས་ལ་བྱམས་བརྩེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀྲིན་ཆེ་རྒྱུ་བཅས་ཀྱི་མཛད་འཆར་ཡོད་པ་རེད། གཞི་རྩའི་༸གོང་ས་མཆོག་ད་ལན་གྱི་མཛད་འཆར་ཁྲོད་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་གཙོས་པའི་ California དང་།  Uttah དེ་བཞིན་ Colorado དང་། Indiana བཅས་ཨ་རིའི་མངའ་སྡེ་ཆེ་ཁག་ལྔའི་ནང་ནང་པའི་ཆོས་ཚོགས་དབུ་འབྱེད་དང་བཀའ་ཆོས།  དེ་བཞིན་མང་ཚོགས་ལ་བླང་དོར་གྱི་བཀའ་སློབ་བསྩལ་རྒྱུ་སོགས་ཀྱི་མཛད་འཆར་སྣ་མང་ཞིག་བང་སྒྲིག་གནང་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རི་ནང་ཆིབས་བསྒྱུར་མ་མཛད་གོང་འདས་པའི་ཉིན་གྲངས་གསུམ་ནང་Nalanda Shiksha འམ་ནཱེནྡྲའི་སློབ་གཉེར་ཁང་ཞེས་པའི་རྒྱ་གར་ནང་པའི་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུ་དོན་བཞིན། ༸གང་ཉིད་མཆོག་ནས་ཟླ་འདིའི་ཕྱི་ཚེས་ ༧ ནས་དབུ་འཛུགས་ཀྱིས་ཚེས་ ༩ བར་ཉིན་གྲངས་གསུམ་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆེད་དུ་བྱ་བའི་འདུལ་བྱ་ནཱ་ལེནྡྲའི་སློབ་གཉེར་ཁང་གི་རྒྱ་གར་སློབ་ཕྲུག་དང་ཝི་ཏི་ནམ། ཀོ་རི་ཡ།  ཕྱི་ནང་དད་ལྡན་ཆོས་ཞུ་བ། དེ་བཞིན་རྡ་སའི་སེར་སྐྱ་མང་ཚོགས་ ༧༠༠༠ སྟོང་བརྒལ་བར་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་ལེའུ་ལྔ་པ་ཤེས་བཞིན་བསྲུང་བའི་བར་ཁ་སང་བཀའ་ཆོས་རེ་ཞིག་མཇུག་སྒྲིལ་མཛད་ཡོད་པ་རེད།  

༸གོང་ས་མཆོག་གིས་སྤྱོད་འཇུག་ཆེན་མོའི་ཆོས་འབྲེལ་ལེགས་གྲུབ་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱ་གར་གྱི་སློབ་གཉེར་བ་གཙོས་པའི་ཝི་ཏི་ནམ། ཀོ་རི་ཡ། ཕྱི་ནང་དད་ལྡན་ཆོས་ཞུ་བ། དེ་བཞིན་རྡ་སར་གཉུག་མར་གནས་པ་དང་གློ་བུར་ལྷགས་པའི་སེར་སྐྱ་མང་ཚོགས་སྟོང་ཕྲག་བརྒལ་བར་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་ལེའུ་ལྔ་པ་ཤེས་བཞིན་བསྲུང་བའི་བཀའ་ཆོས་བཀྲིན་ཆེ་བ་དང་སྦྲགས་ཏེ་ཉིན་གྲངས་གསུམ་གྱི་ཆོས་འབྲེལ་རེ་ཞིག་མཇུག་སྒྲིལ་གནང་སོང་། མགོན་པོ་༸གང་ཉིད་མཆོག་ནས་ཟླ་འདིའི་ཕྱི་ཚེས་ ༧ ནས་དབུ་འཛུགས་ཀྱིས་དེ་རིང་ཚེས་ ༩ བར་ཉིན་གྲངས་གསུམ་རིང་ཆེད་དུ་བྱ་བའི་འདུལ་བྱ་ནཱ་ལེནྡྲའི་སློབ་གཉེར་ཁང་གི་རྒྱ་གར་སློབ་ཕྲུག་དང་ཝི་ཏི་ནམ། ཀོ་རི་ཡ། ཕྱི་ནང་དད་ལྡན་ཆོས་ཞུ་བ། དེ་བཞིན་རྡ་སར་གཉུག་མར་གནས་པ་དང་གློ་བུར་ལྷགས་པའི་སེར་སྐྱ་མང་ཚོགས་སྟོང་ཕྲག་བརྒལ་བར་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་བཀྲིན་ཆེ་བ་དང་། དེ་རིང་ཆོས་འབྲེལ་གྱི་ཉིན་མཐའ་མའི་ཐོག་ཆོས་ཞུ་བ་ཚོར་ལེའུ་ལྔ་པ་ཤེས་བཞིན་བསྲུང་བའི་སྐོར་ངོ་སྤྲོད་ཀྱི་བཀའ་ཆོས་དབུ་འཛུགས་མཛད་ཡོད་པ་རེད། དེའང་དེ་རིང་སྔ་དྲོ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ནཱ་ལེནྡྲའི་ཤིཀ་ཤཱ་ཞེས་པའི་རྒྱ་གར་ནང་པའི་སློབ་གཉེར་ཁང་གི་མི་སྣ་ཁག་ཅིག་ནས་ལེགས་སྦྱར་འམ་ Sanskrit སྐད་ཀྱི་ཐོག་པཎ་གྲུབ་ ༡༧ གྱི་གསོལ་འདེབས་གསུང་འདོན་གནང་གྲུབ་བསྟུན། ༸གོང་ས་མཆོག་གིས་ཉིན་མཐའ་མའི་ཆོས་འབྲེལ་དབུ་འཛུགས་བསྐྱངས་ཡོད། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོ་བོད་མི་རྣམས་ཀྱི་ངོས་ནས་སོ་སོའི་བླ་མ་དང་བླ་བརྒྱུད་ཁག་ལ་རྩ་ཆེན་པོ་མཐོང་གི་ཡོད་ཀྱང་། དོན་དངོས་ཐོག་ང་ཚོའི་བླ་མ་དང་དགེ་རྒན་གཙོ་བོ་དེ་དཔལ་ནཱ་ལེནྡྲའི་མཁས་པ་དེ་དག་ཆགས་ཀྱི་ཡོད་སྐོར་བཀའ་སྩལ་དང་འབྲེལ། ད་ལན་རྒྱ་གར་གྱི་ཐོུང་མ་ཡིན་པའི་ Sanskrit སྐད་ཀྱི་ཐོག་ལ་པཎ་གྲུབ་ ༡༧ གྱི་གསོལ་འདེབས་གསུང་པའི་སྐབས་སུ་དམིགས་བསལ་གྱི་ཐུགས་ཚོར་ཞིག་ཡོང་གི་ཡོད་པ་བཀའ་བསྩལ་མཛད་སོང་།    དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་སྟོན་པ་བཅོམ་ལྡན་འདས་ཀྱི་ནང་པ་སངས་རྒྱས་པའི་ཆོས་ལ་ལག་བསྟར་བྱེད་མཁན་ཁོངས་སུ་ Burma དང་། Thailand དང་། Sri Lanka སོགས་ཀྱི་ནང་དུ་དར་ཁྱབ་ཡོད་པའི་ Pali རིག་གཞུང་དེ་མི་ཉམས་རྒྱུན་འཛིན་ཧ་ཅང་ལེགས་པོ་གནང་ཡོད་པ་ལྟར། རྒྱ་ནག་དང་སོག་པོ། རྒྱ་གར་སོགས་ཀྱི་ནང་དུ་དར་ཁྱབ་ཡོད་པའི་ Sanskrit རིག་གཞུང་དེའི་བྱུང་ཁུངས་གཙོ་བོ་རྒྱ་གར་ཡིན་སྟབས། རྒྱ་གར་བ་རྣམས་ནས་ནང་པ་ཡིན་མིན་ལ་མ་ལྟོས་པར་རང་གི་རིག་གཞུང་བསམ་གྱི་མི་ཁྱབ་པ་དེ་མི་ཉམས་རྒྱུན་འཛིན་གནང་དགོས་གལ་ཡིན་པ་སོགས་བཀའ་བསྩལ་ཡོད་པ་རེད། དེ་རིང་བཀའ་ཆོས་མཐའ་མའི་ཆོས་འབྲེལ་དབུ་འཛུགས་མ་བསྐྱང་གོང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་དམིགས་བསལ་མཇལ་འཕྲད་གནང་སྟེ་རྒྱ་གར་ནང་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ནས་དར་ཁྱབ་ཆེ་བའི་འཚེ་མེད་ཞི་བའི་ལྟ་གྲུབ་ཨ་ཧིཾ་སཱའི་ཕན་ཡོན་དང་དར་འཕེལ་སྐོར་ལ་བཀའ་བསྡུར་ལྷུག་པོ་གནང་ཡོད་པ་རེད་འདུག རྩ་བའི་ནཱ་ལེནྡྲའི་སློབ་གཉེར་ཁང་གི་ངོས་ནས་དེ་སྔ་ཡང་༸གོང་ས་མཆོག་གི་དྲུང་ནས་བཀའ་ཆོས་ཞུས་མྱོང་ཡོད་པ་ལྟར། ད་ལན་གྱི་ཆོས་འབྲེལ་དེ་ཐེངས་ ༥ དེ་ཆགས་ཀྱི་འདུག་པ་དང། ཐེངས་འདིའི་ཆོས་འབྲེལ་ཐོག་རྒྱ་གར་གྱི་དད་ལྡན་ཆོས་ཞུ་བ་ ༡༢༠༠ གཙོས་པའི་འཛམ་གླིང་རྒྱལ་ཁབ་ ༧༨ ཙམ་གྱི་དད་ལྡན་ཆོས་ཞུ་བ་ ༦༦༥༠ དང་། དེ་བཞིན་རྡ་སར་གཉུག་མར་གནས་པ་དང་གློ་བུར་ལྷགས་པའི་སེར་སྐྱ་མང་ཚོགས་ ༨༠༠༠ བརྒལ་བ་འདུ་འཛོམས་བྱུང་འདུག དེ་རིང་སྔ་དྲོ་ཆོས་འབྲེལ་དབུ་འཛུགས་མ་བསྐྱང་གོང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ Federation of Indian Chambers of Commerce & Industry ཞེས་རྒྱ་གར་གྱི་ཧཻདརཱ་བཱད་ཡན་ལག་གི་རྒྱ་གར་གྱི་ཚོང་དང་བཟོ་གྲྭའི་སྤྱི་མཐུན་མཉམ་འབྲེལ་གྱི་བུད་མེད་ཚོགས་སྡེའི་ཚོགས་མི་བེུད་ ༥༨ རྣམས་ལ་དམིགས་བསལ་གྱི་མཇལ་ཁ་གནང་འདུག

༸གོང་ས་མཆོག་གིས་སྤྱོད་འཇུག་ཆེན་མོའི་ཆོས་འབྲེལ་དབུ་འཛུགས་བསྐྱངས་པ།

དེ་རིང་ཟླ་ ༦ ཚེས་ ༧ ཉིན་གྱི་སྔ་དྲོ་ཚོུད་ ༩།༠༠ སྟེང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནཱ་ལེནྡྲའི་སློབ་གཉེར་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། བཀའ་བཞེས་བཟང་པོ་སྨིན་བསྩལ་ཐོབ་སྟེ། མགོན་པོ་༸གང་ཉིད་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱ་གར་གྱི་སློབ་གཉེར་བ་གཙོས་པའི་ཝི་ཏི་ནམ། ཀོ་རི་ཡ།  དེ་བཞིན་ཕྱི་ནང་གི་དད་ལྡན་སེར་སྐྱ་མང་ཚོགས་སྟོང་ཕྲག་བརྒལ་བར་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ལེའུ་བཞི་པའི་ཆོས་འབྲེལ་དབུ་འཛུགས་བསྐྱངས་གནང་སོང་། དེ་རིང་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་ཞབས་སོར་བདེ་བར་འཁོད་མཚམས་རྒྱ་གར་ནཱ་ལེནྡྲའི་ཤིཀ་ཤཱའམ་ནཱ་ལེནྡྲའི་སློབ་གཉེར་ཁང་གི་དད་ལྡན་པ་ཁག་ཅིག་གིས་རྒྱ་གར་གྱི་སྲོལ་རྒྱུན་རིག་གཞུང་ལྟར། མགོན་པོ་༸གང་ཉིད་མཆོག་ལ་མཆོད་ཡོན་དང་། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་བཅས་ཀྱི་མཆོད་རྫས་སྣ་ཚོགས་འདེགས་འབུལ་ཞུས་གྲུབ་རྗེས་ཆོས་འབྲེལ་དབུ་འཛུགས་བསྐྱངས་གནང་སོང་། སྐབས་དེར་༸གོང་ས་མཆོག་གིས་བཀའ་ཆོས་དངོས་གཞི་དབུ་འཛུགས་མ་གནང་པའི་གོང་ལ་བཀའ་བསྩལ་གནང་དོན། ལོ་རྒྱུས་ཀྱི་ཐོག་ནས་སྟོན་པ་བཅོམ་ལྡན་འདས་ཀྱི་ནང་པའི་ཆོས་ཀྱི་དོན་གྱི་བདག་པོ་དེ་རྒྱ་གར་བ་རྣམས་ཡིན་པ་དང་། ད་ལན་རྒྱ་གར་འཕགས་པའི་ཡུལ་གྱི་ཆོས་གྲོགས་རྣམས་ལ་ཆོས་གསུང་སྐབས་དམིགས་བསལ་གྱི་ཐུགས་ཚོར་ཞིག་འཁྲུངས་ཀྱི་ཡོད་སྐོར་བཀའ་སྩལ་དང་འབྲེལ། རྒྱ་གར་ནང་དུ་འཛམ་བུ་གླིང་གི་ཆོས་བརྒྱུད་གཙོ་ཆེ་ཁག་དར་འཕེལ་བྱུང་ཡོད་པ་མ་ཟད། ལྷག་དོན་རྒྱ་གར་ནང་ཆོས་ལུགས་ཕན་ཚུལ་དབར་གུས་བརྩི་དང་མཐུན་སྒྲིལ་ངང་གནས་ཐུབ་པདེ་ནི་འཛམ་བུ་གླིང་ཡོངས་ཀྱི་མིག་དཔེ་འོས་པ་ཞིག་ཡིན་སྟབས། རྒྱ་གར་གྱི་དད་ལྡན་པ་རྣམས་ནས་སོ་སོའི་ཕ་མེས་ཀྱི་དུས་ནས་དར་ཁྱབ་བྱུང་བའི་ནང་པའི་ཆོས་ལ་དོ་སྣང་བྱེད་པར་ཤིན་ཏུ་ནས་འོས་ཤིང་དེར་དགའ་བ་སྐྱེས་དགོས་པ་ཞིག་རེད་བཅས་བཀའ་གནང་ཡོད། ༸གོང་ས་མཆོག་ལ་རྒྱ་གར་གྱི་དད་ལྡན་པ་ཁག་ཅིག་ནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དེའི་བརྒྱུད་འཛམ་གླིང་ལ་ཕན་པའི་ཞབས་འདེགས་ཇི་ལྟར་བསྒྲུབ་ཐུབ་བམ་ཞེས་བཀའ་འདྲི་ཞུས་པར་༸གང་ཉིས་མཆོག་གིས་བཀའ་ལན་སྩལ་བར་རྒྱ་གར་ནང་དུ་སངས་རྒྱས་ཀྱི་བསྟན་པ་རྒྱུན་འཛིན་གནང་མཁན་གྱི་སྐྱེས་བུ་དམ་པ་མང་པོ་བྱུང་ཡོད་སྐོར་དཔེ་མཚོན་གསུངས་པ་དང་སྦྲགས། མ་འོངས་པར་དེ་མཚུངས་སངས་རྒྱས་ཀྱི་བསྟན་པ་དམ་འཛིན་གནང་ཚེ་ཞབས་འདེགས་བསྒྲུབ་ཐུབ་རྒྱུ་ངེས་ཡིན་སྟབས།  སངས་རྒྱས་ཀྱི་ཆོས་དེ་ལ་ཉམས་ལེན་དང་སློབ་གཉེར་གནང་རྒྱུ་གལ་ཆེ་ཡིན་སྐོར་བཀའ་བསྩལ་གནང་ཡོད་པ་རེད། གོང་ས་མཆོག་གི་གསུང་ཆོས་ཀྱི་མཛད་རིམ་ཁག་དཔའ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་མཐུན་འགྱུར་འོག་ཐད་སྲིང་གནང་རྒྱུ་མ་ཟད། ཨིན་སྐད་དང་རྒྱ་སྐད། རྒྱ་གར་སྐད། དེ་བཞིན་ཀོ་རི་ཡ་སོགས་ཀྱི་སྐད་ཡིག་ཐོག་གསུང་ཆོས་གསན་རྒྱུ་ཡོད་པ་རེད་འདུག རྩ་བའི་ནཱ་ལེནྡྲའི་སློབ་གཉེར་ཁང་གི་ངོས་ནས་དེ་སྔ་ཡང་༸གོང་ས་མཆོག་གི་དྲུང་ནས་བཀའ་ཆོས་ཞུས་མྱོང་ཡོད་པ་ལྟར། ད་ལན་གྱི་ཆོས་འབྲེལ་དེ་ཐེངས་ ༥ དེ་ཆགས་ཀྱི་འདུག་པ་དང། ཐེངས་འདིའི་ཆོས་འབྲེལ་ཐོག་རྒྱ་གར་གྱི་དད་ལྡན་ཆོས་ཞུ་བ་ ༡༢༠༠ གཙོས་པའི་འཛམ་གླིང་རྒྱལ་ཁབ་ ༧༨ ཙམ་གྱི་དད་ལྡན་ཆོས་ཞུ་བ་ ༦༦༥༠ དང་། དེ་བཞིན་རྡ་སར་གཉུག་མར་གནས་པ་དང་གློ་བུར་ལྷགས་པའི་སེར་སྐྱ་མང་ཚོགས་ ༨༠༠༠ བརྒལ་བ་འདུ་འཛོམས་བྱུང་འདུག དེ་རིང་སྔ་དྲོ་ཆོས་འབྲེལ་དབུ་འཛུགས་མ་བསྐྱང་གོང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ Federation of Indian Chambers of Commerce & Industry ཞེས་རྒྱ་གར་གྱི་ཧཻདརཱ་བཱད་ཡན་ལག་གི་རྒྱ་གར་གྱི་ཚོང་དང་བཟོ་གྲྭའི་སྤྱི་མཐུན་མཉམ་འབྲེལ་གྱི་བུད་མེད་ཚོགས་སྡེའི་ཚོགས་མི་བེུད་ ༥༨ རྣམས་ལ་དམིགས་བསལ་གྱི་མཇལ་ཁ་གནང་འདུག

༸གོང་ས་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོར་ཆོས་འབྲེལ་ལེགས་གྲུབ་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་པའི་སློབ་ཕྲུག་གཙོས་པའི་རྒྱལ་ཁབ་དྲུག་གི་སློབ་ཕྲུག་དང་། ཕྱི་ནང་དད་ལྡན་ཆོས་ཞུ་བ། དེ་བཞིན་རྡ་སར་གཉུག་མར་གནས་པ་དང་གློ་བུར་ལྷགས་པའི་སེར་སྐྱ་མང་ཚོགས་སྟོང་ཕྲག་བརྒལ་བར་བྱང་ཆུབ་ཀྱི་སེམས་བསྐྱེད་དགོས་གལ་ཡིན་པ་བཀའ་བསྩལ་དང་སྦྲགས་ཏེ་ཉིན་གྲངས་གསུམ་གྱི་ཆོས་འབྲེལ་རེ་ཞིག་མཇུག་སྒྲིལ་གནང་སོང་། མགོན་པོ་༸གང་ཉིད་མཆོག་ནས་ཟླ་འདིའི་ཕྱི་ཚེས་ ༡ ནས་དབུ་འཛུགས་ཀྱིས་དེ་རིང་བར་ཉིན་གྲངས་གསུམ་རིང་ཆེད་དུ་འདུལ་བྱ་བོད་པའི་སློབ་ཕྲུག་དང་རྒྱལ་ཁབ་དྲུག་གི་སློབ་ཕྲུག་གཙོས་ཕྱི་ནང་གི་ཆོས་ཞུ་བ་སྟོང་ཕྲག་བརྒལ་བར་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་མཛད་པའི་རང་རྒྱུད་ལ་སྐུལ་མ་འདེབས་པ་དད་པའི་ལྗོན་ཤིང་གི་ཆོས་འབྲེལ་རེ་ཞིག་མཇུག་སྒྲིལ་གནང་བ་དང་། དེ་རིང་ཆོས་འབྲེལ་གྱི་ཉིན་མཐའ་མའི་ཐོག་ཆོས་ཞུ་བ་ཚོར་བྱང་ཆུབ་སེམས་བསྐྱེད་ཀྱི་ངོ་སྤྲོད་མཛད་པ་དང། དེ་བཞིན་གང་བློ་མའི་ལྗགས་ལུང་དང་འཇམ་དཔལ་དབྱངས་ཀྱི་རྗེས་སྣང་མཛད་ཡོད་པ་རེད། དེ་རྗེས་ནང་ཆོས་ངོ་སྤྲོད་ཀྱི་ཆོས་འབྲེལ་ཐེངས་བཅུ་པ་རེ་ཞིག་ལེགས་གྲུབ་དང་བསྟུན། རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་དང་རྡ་སྟེང་བོད་ཁྱིམ་སློབ་གྲྭ་གཉིས་ནས་ཟུང་འབྲེལ་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་གཏང་རག་མཎྜལ་འདེགས་འབུལ་ཞུས་ཡོད་པ་རེད། རྩ་བའི་ཐེངས་འདིའི་ཆོས་འབྲེལ་ཐོག་བོད་ཁྱིམ་ཀྱི་སློབ་གྲྭ་ཁག་ལྔ་དང་རྒྱ་གར་ནང་གི་མཐོ་སློབ་ ༤༢ ཙམ་དང། རྒྱལ་ཁབ་མི་འདྲ་བ་ཁག་དྲུག་ཙམ་གྱི་སློབ་ཕྲུག་གཙོ་བོར་གྱུར་པའི་ཆོས་ཞུ་བ་མཁྱོན་མི་གྲངས་ ༨༠༠༠ ལྷག་གིས་མཉམ་ཞུགས་གནང་ཡོད་པ་རེད། རྩ་བའི་རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་དང་རྡ་སྟེང་བོད་ཁྱིམ་སློབ་གྲྭ་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༠༧ ནས་དབུ་བཙུགས་ཀྱིས་ལོ་ལྟར་དབྱར་དུས་སུ་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ་སློབ་ཕྲུག་རྣམས་ལ་ཉིན་གྲངས་གསུམ་རིང་ནང་ཆོས་ངོ་སྤྲོད་ཀྱི་ཆོས་འབྲེལ་མཛད་ཀྱི་ཡོད་པ་ལྟར། ད་ལན་མགོན་པོ་མཆོག་གིས་སློབ་ཕྲུག་དང་མང་ཚོགས་རྣམས་འདུ་འཛོམས་ཐུབ་རྒྱུར་ལས་སླ་བ་ཡོང་ཆེད་དུ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆོས་འབྲེལ་བསྐྱངས་ཡོད་པ་རེད།  

༸གོང་ས་མཆོག་གིས་རྒྱ་གཞུང་ནས་རྒྱ་ནག་དེ་མུ་མཐུད་དྲག་གནོན་དང་ཕྱི་ལ་སྒོ་རྒྱབ་ཐུབ་ཀྱི་མ་རེད་ཅེས་བཀའ་བསྩལ་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གཞུང་ནས་རྒྱ་ནག་གི་སྤྱི་ཚོགས་དེ་མུ་མཐུད་ནས་དེ་སྔ་ལྟར་དྲག་གནོན་དང་ཕྱི་ལ་སྒོ་རྒྱབ་ཐུབ་ཀྱི་མ་རེད་ཅེས་བཀའ་བསྩལ་གནང་འདུག    དེའང་ཉེ་ཆར་ Germany Frankfurter Allgemeine Zeitung གསར་ཁང་གི་གསར་འགོད་པ་བཞུགས་སྒར་དུ་ཆེད་བཅར་གྱིས་མགོན་པོ་༸གང་ཉིད་མཆོག་ལ་རྒྱ་ནག་གི་གནད་དོན་དང་འབྲེལ་བའི་བཀའ་འདྲི་ཞུས་པར། ༸གོང་ས་མཆོག་གིས་སྐབས་དེར་དེང་ཆར་རྒྱ་ནག་དེ་འགྱུར་བ་ཆེན་པོ་ཞིག་འགྲོ་བཞིན་ཡོད་པ་དང་། ལྷག་དོན་རྒྱ་ནག་གཞོན་སྐྱེས་མང་པོ་ཞིག་རྒྱ་གར། ཡུ་རོབ། ཉེ་ཧོང། དེ་བཞིན་ཨ་རི་སོགས་ཀྱི་ནང་སློབ་གཉེར་ཆེད་བསྐྱོད་མཁན་སྟོང་ཕྲག་མང་པོ་ཡོད་པ་དང། སློབ་ཕྲུག་དེ་རྣམས་ཀྱིས་རྒྱལ་ཁབ་དེ་དག་གི་མག་གཙོ་དང་རང་དབང་བཅས་ཀྱི་ཁོར་ཡུག་དངོས་སུ་མིག་མཐོང་ལག་ཟིན་བྱུང་བ་དང་འདི་བཞིན་དེ་ཚོའི་རིན་ཐང་གང་ཡིན་ཤེས་རྟོགས་ཐུབ་ཡོད་པ་ཅེས་བཀའ་བསྩལ་གནང་འདུག ད་དུང་༸གོང་ས་མཆོག་གིས་ཕྱོགས་གཞན་ཞིག་ལ་རྒྱ་ནག་རྒྱལ་ཁབ་དེ་ནང་པའི་རྒྱལ་ཁབ་ཆེ་ཤོས་ཤིག་དང་། དེའི་དབང་གིས་རྒྱ་ནག་ནང་དུ་འགྱུར་བ་འགྲོ་རྒྱུར་ཤུགས་རྐྱེན་ཆེན་པོ་ཡོད་པ་བཀའ་བསྩལ་དང་འབྲེལ། ད་ལྟའི་རྒྱ་ནག་གཞུང་དེ་སྟོགས་ཤུགས་ཇི་ཙམ་ཆེན་པོ་ཡོད་ཀྱང་། རྒྱ་ནག་གི་སྤྱི་ཚོགས་དེ་མུ་མཐུད་ནས་དེ་སྔ་ལྟར་དྲག་གནོན་དང་ཕྱི་ལ་སྒོ་རྒྱབ་ཐུབ་ཀྱི་མ་རེད་ཅེས་བཀའ་བསྩལ་ནན་པོ་གནང་འདུག གཞན་ཡང་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེང་སྐབས་ཡུ་རོབ་ནང་དུ་ཕྱིའི་སྐྱབས་བཅོལ་བ་ཕོན་ཆེན་ཡོང་བཞིན་པའི་གནད་དོན་དང་འབྲེལ་བའི་ཐོག་བཀའ་བསྩལ་གནང་པར་༸གང་ཉིད་ནས་སྤྱིར་སྐྱབས་བཅོལ་བ་ཚོར་དཀའ་ངལ་ཆེན་པོ་ཡོད་པ་དང་། ལྷག་དོན་བེུད་དང་ཕྲུ་གུ་ཚོར་དཀའ་སྡུག་མྱོང་བཞིན་ཡོད་པ་ནི། ང་ཚོའི་མཐོང་ཆོས་སུ་ཡོད་པ་སྟབས། བཟང་སྤྱོད་ཀྱི་ཐོག་ནས་དེ་དག་ལ་རོགས་རམ་བྱ་རྒྱུ་ནི་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགན་ཡོད་སྐོར་བཀའ་སྩལ་དང་ཆབས་ཅིག  སྐྱབས་བཅོལ་བ་ཚོས་ཀྱང་རྒྱལ་ཁབ་གཞན་ནང་གནས་སྐབས་རིང་སྐྱབས་བཅོལ་དུ་གནས་རྒྱུ་ལས་གཏན་དུ་སྡོད་རྒྱུའི་བསམ་བློ་དེ་དོར་ཏེ་རང་ཉིད་ཀྱི་རྒྱལ་ཁབ་ནང་གི་རྩོད་རྙོག་དང་དཀའ་ངལ་རྣམས་སེལ་དུས་ཕྱིར་ལོག་ནས་འཛུགས་བསྐྲུན་བྱ་རྒྱུའི་དམིགས་ཡུལ་བཟུང་གལ་ཡིན་པ་བཅས་ཀྱི་བཀའ་ནན་ཕེབས་འདུག

༸གོང་ས་མཆོག་དབུ་བཞུགས་ཐོག་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་འབུལ་རྒྱུ།

རྒྱ་ནག་གཞུང་གི་བཙོན་ཁང་ནང་གློ་བུར་དུ་སྐུ་འདས་གྲོངས་སུ་གྱུར་བའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་འབུལ་རྒྱུ་ཡིན་འདུག དེ་ཡང་རིང་མིན་ཟླ་བ་འདིའི་ཕྱི་ཚེས་ ༡༣ ནས་འགོ་འཛུགས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་རྒྱ་ས་ཝ་ཤིང་ཊོན་ཌི་སི་ Washington DC གཙོས་པའི་ཨ་རིའི་མངའ་སྡེ་ཆེ་ཁག་ Colorado དང་ Indiana དེ་བཞིན་ Utah བཅས་ཀྱི་ནང་ལ་ཆིབས་བསྒྱུར་བསྐྱང་གཏན་ཁེལ་བ་དང་བསྟུན། ཁུལ་དེའི་རྒྱལ་སར་རྟེན་གཞི་བྱས་པའི་ National Endowment For Democracy འམ་མང་གཙོ་གོང་སྤེལ་ཚོགས་པས་ཕྱི་ཚེས་ ༡༥ ཉིན་༸གང་ཉིད་མཆོག་དབུ་བཞུགས་ཐོག་མང་གཙོའི་ལས་འགུལ་བ་ཁག་ཅིག་དབར་མང་གཙོའི་ལྟ་གྲུབ་དང་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་ཐབས་སྐོར་ལ་བཀའ་བསྡུར་གྱི་མཛད་རིམ་ཞིག་གོ་སྒྲིག་གནང་གི་ཡོད་པ་རེད། སྐབས་དེར་ཚོགས་པ་དེས་རྒྱ་གཞུང་གི་བཙོན་ཁང་ནང་གློ་བུར་དུ་སྐུ་འདས་གྲོངས་སུ་གྱུར་བའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་མཆེ་མཆོག་གིས་བོད་མིའི་འཐབ་རྩོད་ཁྲོད་མི་རིགས་ཀྱི་ལ་རྒྱ་དང་རིག་གཞུང་སྲུང་སྐྱོབ་སོགས་ཀྱི་ཐད་ལ་རླབ་ཆེན་གྱི་མཛད་རྗེས་བསྐྱངས་པར་ཆེད་བསྟོད་དང་སྦྲགས། Democracy Service Medal ཞེས་མང་གཙོ་དང་འབྲེལ་བའི་ཆེད་བསྟོད་ཀྱི་གཟེངས་རྟགས་ཤིག་འབུལ་གཏན་ཁེལ་ཡོད་པ་མ་ཟད། སྐབས་དེར་མང་གཙོ་གོང་སྤེལ་ཚོགས་པ་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་མཛད་པའི་གོ་སྐབས་དང་སྟུན། བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་བོད་མིའི་སྒྲིག་འཛུགས་དེ་བཞིན་ཡང་དག་པའི་མང་གཙོའི་ལམ་ལུགས་ཐོག་ཕྱག་ལས་གནང་བཞིན་པར་ངོས་འཛིན་དང་ཆེད་བསྟོད་ཀྱང་གནང་རྒྱུ་རེད་འདུག གཞི་རྩའི་རྒྱ་ནག་གཞུང་ནས་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ཁྲིན་ཏུའུར་འབར་གས་དོན་རྐྱེན་ཞིག་དང་འབྲེལ་བ་ཡོད་པར་ཉེས་འཛུགས་འོག་ཕྱི་ལོ་ ༢༠༠༢ ཟླ་བ་ ༤ ཚེས་ ༧ ཉིན་གྱི་གདོང་མོ་ཚོུད་ ༡༢།༠༠ ཙམ་ལ་གློ་བུར་དུ་འཛིན་བཟུང་བྱས་པའི་རྫེས་དུས་རྒྱང་སྲོག་ཁྲིམས་ནས་ཚེ་བརྩོན་དུ་འགྱུར་བ་དང་། དེ་ནས་བཙོན་ཁང་ནང་མནར་གཅོད་འོག་ལོ་ངོ་ ༡༣ རིང་བཞག་ནས་འདས་ལོའི་ཟླ་ ༧ ཚེས་ ༡༢ ཉིན་བཙོན་ཁང་ནང་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་རེད། གཞན་ཡང་སྐབས་དེར་ཚོགས་པ་དེའི་འགན་འཛིན་ Brian Joseph ལགས་ཀྱི་གཙོ་སྐྱོང་འོག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག ཆབ་སྲིད་ཀྱི་ཕྲུག་ཆ་ཆེ་བའི་རྒྱལ་ཁབ་ Cuba དང་། Sudan དེ་བཞིན་ Azerbaijan དང་ Jordan བཅས་ནས་ཕེབས་པའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལས་འགུལ་བ་ Rosa Maria Paya ལགས་དང་ Azar Elshami ལགས། དེ་བཞིན་ Arzu Geybullayeva ལགས་དང་ Rami Soud ལགས་བཅས་དང་ལྷན་དུ་ཕྲུག་ཆ་ཆེ་བའི་ཡུལ་གྲུ་ཁག་ཏུ་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་བསྡུར་གནང་རྒྱུ་ཡིན་འདུག རྩ་བའི་ད་ལྟའི་ཆར་༸གོང་ས་༸སྐྱབསམགོན་ཆེན་པོ་མཆོག་གིས་ཁ་སང་ཚེས་ ༡ ནས་དབུ་འཛུགས་ཀྱིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འབྲོམ་རྗེ་རྒྱལ་བའི་འབྱུང་གནས་ཀྱིས་མཛད་པའི་རང་རྒྱུད་ལ་སྐུལ་མ་འདེབས་པ་དད་པའི་ལྗོན་ཤིང་ཞེས་པའི་སྒོ་ནས་ཆོས་འབྲེལ་གནང་བཞིན་པ་དང་། ཕྱི་ཚེས་ ༧༌༌༌༩ བར་ཉིན་གསུམ་རིང་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་ལིའུ་བཞི་པའི་གསུང་ཆོས་འཕྲོ་སྐྱོང་བཀྲིན་ཆེ་རྒྱུ། ཕྱི་ཚེས་ ༡༣ ནས་ཟླ་མཇུག་བར་ཨ་རི་དང་ཁེ་ན་ཌའི་མངའ་ཁུལ་དུ་མཛད་འཆར་ཆེད་ཆིབས་བསྒྱུར་མཛད་ཀྱི་ཡོད་པ་རེད།  

Latest news

(Visited 5 times, 1 visits today)