Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

ལ་དྭགས་ཁྲིག་རྩེ་དགོན་དང་ལ་དྭགས་མི་མང་ཡོངས་ཀྱིས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ཟླ་ ༨ ཚེས་ ༡༡ ཉིན་ལ་དྭགས་ཁྲིག་རྩེར་ཆོས་འབྲེལ་ཉིན་མཐའ་མའི་སྐབས་ཁ་སང་དབུ་འཛུགས་མཛད་པའི་བྱང་ཆུབ་ལམ་སྒྲོན་གྱི་བཀའ་ཆོས་འཕྲོ་སྐྱོང་མཛད་པ་དང་། ཕྱི་ནང་གི་དད་ལྡན་མང་ཚོགས་སྟོང་ཕྲག་བརྒལ་བར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བཀྲིས་ཆེ་བ་སྩལ་གྲུབ་བསྟུན། དེ་རྗེས་ཁྲིག་རྩེ་འདུས་མང་ཡོངས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་ཡོད་པ་རེད། ༸གོང་ས་མཆོག་གིས་ཆོས་ཞུ་བ་རྣམས་ལ་བྱང་ཆུབ་ལམ་སྒྲོན་གྱི་བཀའ་ཆོས་འཕྲོ་སྐྱོང་མཛད་སྐབས་སངས་རྒྱས་པའི་ཆོས་ལ་འཆད་ཉན་གནང་པར་བླ་མ་དང་སློབ་མ་གཉིས་ཀྱི་ངོས་ནས་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བའི་ཐོག་ནས་ཀུན་སློང་རྣམ་དག་བཅོས་གལ་ཆེ་བ་མ་ཟད། ལྷག་དོན་སངས་རྒྱས་པའི་ཆོས་ལ་དད་པ་ཁོ་ནའི་རྗེས་སུ་མི་འཇུག་པར་ཆོས་ལ་སློབ་གཉེར་གནང་ནས་གོ་བ་གཏིང་ཟབ་ཆགས་པ་ཞིག་གནང་གལ་ཆེ་བ་ཡིན་པའི་བཀའ་ནན་སྩལ་སོང་། ༸གང་ཉིད་མཆོག་གིས་མུ་མཐུད་བཀའ་སྩལ་གནང་པར་ད་ལན་གྱི་བཀའ་ཆོས་སྩལ་ཡུལ་ལ་དྭགས་ཀྱི་མང་ཚོགས་རྣམས་ལ་དད་པ་འདུག་པས་དད་པ་དེ་ཡོད་ཐོག་ས་དགེ་བཀའ་རྙིང་རིས་མེད་ཀྱི་གཞུང་ལུགས་དག་ལ་སློབ་གཉེར་རྒྱ་གང་ཆེ་གནང་འགངས་ཆེ་བ་ཡིན་སྐོར་བཀའ་བསྩལ་མཛད་ཡོད། དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་དེ་རིང་སྔ་ཐོག་ཕྱི་ནང་གི་དད་ལྡན་མང་ཚོགས་རྣམས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་སྩལ་སྐབས་ཚེ་རིང་པོ་ཡོང་བར་རྒྱུ་རྐྱེན་གཙོ་བོ་དེ་རང་ཉིད་ཀྱི་འཕྲོད་བསྟེན་ལེགས་པོ་གནང་རྒྱུ་དེ་ཡིན་པས་དེར་གཟབ་ནན་གནང་དགོས་གལ་ཡིན་པ་སོགས་བཀའ་བསྩལ་མཛད་ཡོད་པ་རེད། རྩ་བའི་༸གོང་ས་མཆོག་གིས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱུང་ཆུབ་ལམ་སྒྲོན་གྱི་ཆོས་འབྲེལ་བཀྲིན་ཆེ་བ་ལེགས་པར་གྲུབ་བསྟུན། ཁྲིག་རྩེ་དགོན་པའི་མཁན་རིན་པོ་ཆེས་༸གང་ཉིད་མཆོག་ལ་བཀྲིན་གཏང་རག་ཚུལ་དུ་མཎྜལ་འདེབས་འབུལ་དང་མང་ཚོགས་ཚོས་ཀྱང་སྟོན་པ་ཐུབ་དབང་གི་སྐུ་བརྙན་གཙོས་བརྟན་བཞུགས་ཀྱི་འབུལ་རྫས་རྣམས་འདེགས་འབུལ་ཞུས་ཡོད་པ་རེད།    

༸གོང་ས་མཆོག་གིས་ལ་དྭགས་ནང་གི་དད་ལྡན་པ་སྟོང་ཕྲག་བརྒལ་བར་བྱང་ཆུབ་སེམས་འགྲེལ་དང་ལམ་སྒྲོན་གྱི་བཀའ་ཆོས་བཀྲིན་བསྐྱངས་པ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ཟླ་ ༨ ཚེས་ ༡༠ ཉིན་ལ་དྭགས་ཁྲིག་རྩེར་དབྱར་ཆོས་ཆེན་མོའི་ཉིན་གཉིས་པའི་ཐོག་ཕྱི་ནང་གི་དད་ལྡན་མང་ཚོགས་སྟོང་ཕྲག་བརྒལ་བར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱུང་ཆུབ་ལམ་སྒྲོན་གྱི་ཆོས་འབྲེལ་བཀྲིན་བསྐྱངས་ཡོད་པ་རེད། དེའང་མགོན་པོ་༸གང་ཉིད་མཆོག་གིས་སྔ་དྲོ་ཚོུད་ ༨།༠༠ སྟེང་དབྱར་ཆོས་ཆེན་མོ་ཚོགས་ཡུལ་ཁྲིག་རྩེ་དགོན་གྱི་གསུང་ཆོས་རྭ་བར་ཆིབས་སྒྱུར་གྲུབ་བསྟུན། ཆོས་འབྲེལ་གྱི་ཐོག་མར་རྒྱུན་ཕྱག་གསུམ་པ་དང་ཤེས་རབ་སྙིང་པོ། དེ་བཞིན་སེམས་བསྐྱེད་སྨོན་ལམ་བཅས་གསུང་འདོན་མཛད་པ་དང་། འཆད་པར་བྱ་བའི་གཞུང་བྱང་ཆུབ་སེམས་འགྲེལ་ལས་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་སེམས་ཀྱི་གོ་དོན་དང་ཕན་ཡོན་བཅས་ཀྱི་སྐོར་ལས་ཆོས་འབྲེལ་དབུ་འཛུགས་ཀྱིས་བཀའ་སློབ་གནང་སོང་། ༸གོང་ས་མཆོག་གིས་ང་ཚོས་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་སྒོམ་ཚེ། ཚེ་འདིར་སྐྱིད་པོ་ཙམ་མ་ཡིན་པར། ཕྱི་མ་ལའང་བདེ་བ་དང། བདེ་ནས་བདེ་བར་འགྲོ་ཐུབ་རྒྱུ། མཐར་ཐུག་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་རྒྱུ་ཡོད་སྟབས་སངས་རྒྱས་པའི་ཆོས་ཀྱི་རྩ་བ་དེ་ཤེས་ནས་ཉམས་ལེན་བྱ་རྒྱུ་ནི་ཧ་ཅང་གི་གལ་གནད་ཡིན་པར་ལམ་སྟོན་གནང་པ་མ་ཟད། ལྷག་པར་དུ་དེ་རིང་ང་ཚོ་འདིར་འདུས་དགོས་དོན་གཙོ་བོ་ནི་ཆོས་ཉན་ནས་སེམས་དགེ་བ་དང་ཆོས་ཀྱི་ཕྱོགས་སུ་བཅོས་བསྒྱུར་གཏོང་ཆེད་ཡིན་པར་བསམ་དགོས་གལ་ཡིན་པ་བཀའ་བསྩལ་བཀྲིན་ཆེ་བ་མཛད་ཡོད་པ་རེད།  དེ་ལྟར་ན་ཆོས་ཉན་ནས་བློ་ཆོས་སུ་སོང་བ་དང་ཆོས་དེ་ཡང་ཐེག་ཆེན་གྱི་ཆོས་སུ་སོང་བར་སྐྱབས་འགྲོ་སེམས་བསྐྱེད་ཀྱིས་ཀུན་ནས་བླངས་དགོས་གལ་ཡིན་པ་མ་ཟད། སྒོས་སུ་བྱང་ཆུབ་ཀྱི་སེམས་ནི་གཙོ་བོ་ཡིན་པས་རྒྱ་གར་གྱི་མེས་པོ་དམ་པ་གྷན་དྷི་མཆོག་སོགས་སྙན་གྲགས་ཆེ་བའི་མི་སྣ་དེ་དག་ལ་དགའ་མོས་ཡོང་དགོས་དོན་རྐང་གཞན་ཕན་གྱི་བསམ་བློའི་སྟེང་ནས་ཡོང་གི་ཡོད་སྐོར་བཀའ་ནན་བསྩལ་སོང་། ཁྱད་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་བསྐྱངས་པ་འདིའི་ཁྲོད་མང་ཚོགས་རྣམས་ལ་གཞུང་དེ་ཐོས་རྗེས་རིམ་པས་རང་ངོས་ནས་སློབ་སྦྱོང་བྱེད་དགོས་པ་མ་ཟད། ལོ་རྗེས་མ་སོ་སོའི་སེམས་ལ་འགྱུར་བ་ཏོག་ཙམ་གཏང་དགོས་རེད། དེ་ལྟར་མ་བྱུང་ཚེ་ཆོས་ཆོས་སུ་མ་སོང་བ་རེད་ཅེས་བཀའ་བསྩལ་མཛད་ཡོད་པ་རེད། ཉིན་དགུང་ཚོུད་ ༡༡།༣༠ ཐོག་༸གོང་ས་མཆོག་གིས་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་གྲུབ་བསྟུན། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་གཙོ་བོ་བསྟན་པའི་བྱང་ཆུབ་ལམ་སྒྲོན་གྱི་བཀའ་ཆོས་བཀྲིན་བསྩལ་གནང་ཡོད་པ་དང་། སྐབས་དེར་མགོན་པོ་མཆོག་གིས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དེ་སྔ་རྒྱ་གར་ནས་བོད་ལ་གདན་འདྲེན་ཞུ་སྟངས་དང་། དེ་ནས་སྟོད་མངའ་རིས་མཐོ་ལྡིང་དུ་བྱང་ཆབ་ལམ་སྒྲོན་མཛད་སྟངས་སོགས་ཇོ་བོ་རྗེ་བོད་གངས་ཅན་ལྗོངས་ལ་བཀྲིན་ཆེན་པོ་ཡིན་པའི་ཆོས་འབྱུང་ལོ་རྒྱུས་སྙིང་བསྡུས་ཤིག་ངོ་སྤྲོད་མཛད་སོང་།      རྩ་བའི་སང་ཉིན་ཚེས་ ༡༡ ཉིན་གྱི་སྔ་ཐོག་༸གོང་ས་མཆོག་གིས་བྱང་ཆུབ་ལམ་སྒྲོན་གྱི་གཞུང་འཕྲོ་སྐྱོང་གྲུབ་བསྟུན་མང་ཚོགས་ལ་ཚེ་དབང་བཀྲིན་བསྩལ་རྒྱུ་དང་། དེ་རྗེས་ཁྲིག་རྩེ་འདུས་མང་ཡོངས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་རྒྱུ་རེད་འདུག

༸གོང་ས་མཆོག་གིས་ཁྲིག་དགོན་དབྱར་ཆོས་ཆེན་མོ་དབུ་འབྱེད་དང་ལ་དྭགས་པའི་ཆོས་ལུགས་མཐུན་སྒྲིལ་གྱི་ནོར་བུའི་འོད་ཟེར་དེ་འཛམ་གླིང་སྤྱིར་ཁྱབ་ཐུབ་པ་གནང་གལ་ཡིན་པ་བཀའ་བསྩལ་བ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་དགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོ་ཚོུད་ ༨།༣༠ ཐོག་ལ་དྭགས་གི་རྒྱལ་ས་གླེ་ནས་རྒྱང་ཐག་ཀི་ལོ་མི་ཊ། ༡༩ སར་ཆགས་པའི་ས་གནས་ཀྱི་དགེ་ལུགས་པ་དགོན་པ་རྙིང་ཤོས་ཁྲིག་དགོན་ཚུལ་ཁྲིམས་རྣམ་དག་གླིང་དུ་ཆིབས་སྒྱུར་བཀྲིན་བསྐྱངས་ཏེ། གཙུག་ལག་ཁང་གསར་པར་རབ་གནས་དང་ཉིན་གྲངས་ ༡༢ རིང་ཚོགས་རྒྱུའི་དབྱར་ཆོས་ཆེན་མོ་དབུ་འབྱེད་བཀྲིན་བསྩལ་གནང་སོང་བ་མ་ཟད། སེར་སྐྱ་མང་ཚོགས་སྟོང་ཕྲག་བརྒལ་བར་བླང་དོར་བཀའ་སློབ་བཀྲིན་བསྩལ་སོང་། ཁྲིག་དགོན་དབྱར་ཆོས་ཆེན་མོ་དབུ་འབྱེད་མཛད་སྒོའི་ཐོག་མར་ཁྲིག་རྩེ་མཁན་པོ་རིན་པོ་ཆེ་ངག་དབང་བྱམས་པ་བསྟན་འཛིན་ལགས་ནས་༸གོང་ས་མཆོག་དབུ་བཞུགས་གཙོས། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག བ་ཀུ་ལ་རིན་པོ་ཆེ་མཆོག། ས་གནས་ཀྱི་ཁ་ཆེ་དང་ཡི་ཤུའི་སྐུ་མགྲོན་རྣམ་པ་དང་། དེ་བཞིན་ཇ་མུ་དང་ཀཤ་མིར་མངའ་སྡེའི་མཉམ་འབྲེལ་དང་ལ་དྭགས་སྡེ་ཚན་གྱི་བློན་ཆེན་སྐུ་ཞབས་ཚེ་རིང་རྡོ་རྗེ་མཆོག་དང་ལ་དྭགས་རི་ལྗོངས་ཡར་རྒྱས་ཚོགས་ཆེན་གྱི་སྡེ་དཔོན་འབུམ་རམས་པ་བསོད་ནམས་ཟླ་བ་ལགས་སོགས་ཆོས་ཕྱོགས་དང་གཞུང་གི་དཔོན་རིགས་རྣམས་ལ་དགའ་བསུ་དང་སྦྲགས་དུས་ཚིགས་ངོ་སྤྲོད་ཀྱི་གསུང་བཤད་གནང་སོང་བ་དང་། རྐང་ཐེངས་འདིའི་དབྱར་ཆོས་ཆེན་མོ་འདི་ནི་ཚོགས་ཐེངས་ ༤ དེ་ཆགས་ཡོད་པ་རེད་འདུག དེ་ཡང་གཙོ་བོ་༸གོང་ས་མཆོག་གིས་བཀའ་དགོངས་ལྟར། ཆོས་བརྒྱུད་ཕན་ཚུན་དབར་ལ་བགྲོ་གླེང་སྦྱང་བཤད་དང་། ལ་དྭགས་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་ཡོང་ཆེད་དུ་དམིགས་ཡོད་སྐོར་དང། དབྱར་ཆོས་ཐོག་མ་ཕྱི་ལོ་ ༢༠༡༣ ལོར་ལ་དྭགས་མཚན་ཉིད་སློབ་གྲྭར་ཚོགས་ཡོད་པ་དང་། ཐེངས་གཉིས་པ་ལི་འཁྱིལ་དགོན་པ་དང་། གསུམ་པ་དཔེ་ཐུབ་དགོན་པར་ཚོགས་གྲུབ་ཡོད་པ་ངོ་སྤྲོད་གནང་པ་མ་ཟད། ལྷག་པར་དུ་འདས་པའི་དབྱར་ཆོས་ཆེན་པོའི་ལས་རིམ་ནས་མང་ཚོགས་ལ་ཕན་ཐོགས་རྒྱ་མི་ཆུང་བ་བྱུང་ཡོད་སྐོར་གསུངས་སོང་། ཁྲིག་རྩེ་མཁན་པོ་རིན་པོ་ཆེ་མཆོག་གིས་མཛད་སྒོ་འདིའི་ཐོག་༸སྐུའི་གྱ་སྟོན་ལ་བཀྲིན་རྗེས་དྲན་ཞུ་ཆེད་གསེར་གྱི་རྟགས་མ་ཞིག་༸གང་ཉིད་མཆོག་ལ་ཕུལ་ཡོད་པ་རེད། ད་རེས་ཉིན་གྲངས་ ༡༢ རིང་ཚོགས་རྒྱུའི་དབྱར་ཆོས་ཆེན་མོའི་ཐོག་གཙོ་བོ་ལི་འཁྱིལ་དགོན་པ་དང་དཔེ་ཐུབ་དགོན། མཚན་ཉིད་སློབ་གྲྭ་དང་ཁྲིག་རྩེ་དགོན་སོགས་ལ་དྭགས་ནང་གི་དགོན་ཁག་ཚང་མ་ནས་དགེ་བཙུན་སྐུ་ཚབ་ཙམ་མ་ཟད། ཉེ་འཁོར་སློབ་གྲྭ་ཁག་བཅུའི་སློབ་ཕྲུག་ཁག་ཅིག་བསྡོམས་ཁྱོན་མཉམ་ཞུགས་གནང་མཁན་ ༣༠༠ ཙམ་འདུག་པ་དང་། ལས་རིམ་ལྟར་ན་དབྱར་ཆོས་འདིའི་ཁྲོད་གདན་ཞུ་ནང་པའི་དགེ་བཤེས་ཁག་ཅིག་དང་ས་གནས་ཀྱི་ཡི་ཤུ་དང་ཁ་ཆེའི་མཁས་པ་འགའ། ཆོས་ལུགས་དང་མི་རིགས་མཐུན་སྒྲིལ་གལ་གནད་དང་ཆང་རག་གི་ཉེས་དམིགས། ནང་ཆོས་དང་ཚན་རིག་གི་འབྲེལ་བའི་སྐོར། བདེན་བཞི་དང་ཐེག་པ་གསུམ་སོགས་བརྗོད་སྣ་མང་ཐོག་གསུང་བཤད། དེ་ནས་ཉིན་ལྟར་བྱང་ཆུབ་ལམ་སྒྲོན་གྱི་གཞུང་ཐོག་དམ་བཅའ་དང་རྩོད་པ་སོགས་རྩོད་གནང་གི་འདུག དེ་རིང་སྔ་ཐོག་དབུ་འབྱེད་མཛད་སྒོའི་ཐོག་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང། ས་གནས་ཀྱི་ཁ་ཆེ་shia དང་ sunny འི་སྐུ་ཚབ་སྐུ་ཞབས་ Molvi Abdul ལགས་དང་སྐུ་ཞབས་ Mohammad Javid ལགས་བཅས་ནས་ཆོས་ལུགས་མཐུན་སྒྲིལ་དང་འཆམ་མཐུན། འཛམ་གླིང་ཞི་བདེའི་གལ་གནད་སོགས་ཀྱི་ཐོག་གསུང་བཤད་གནང་པ་མ་ཟད། ཁྱད་པར་དུ་སྐབས་དེར་ཇ་མུ་དང་ཀཤ་མིར་མངའ་སྡེའི་མཉམ་འབྲེལ་དང་ལ་དྭགས་སྡེ་ཚན་གྱི་བློན་ཆེན་སྐུ་ཞབས་ཚེ་རིང་རྡོ་རྗེ་མཆོག་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལྕམ་སྐུ་ Mehbooba Mufti མཆོག་གིས་༸གོང་ས་མཆོག་ལ་འཚམས་འདྲིའི་ཞུས་ཡོད་པ་དང་ཁོང་མོ་ད་རེས་ས་གནས་སུ་འཕྲད་བཞིན་པའི་དཀའ་རྙོག་གི་རྐྱེན་པས་བཅར་ཐུབ་མེད་པ་སྙན་གསེང་ཞུས་སོང་། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་འདི་ག་ཁྲིག་རྩེ་དབྱར་ཆོས་ཆེན་མོའི་མཛད་སྒོའི་ཐོག་བཅར་བའི་མང་ཚོགས་སྟོང་ཕྲག་བརྒལ་བར་ཐོག་མར་༸གང་ཉིད་མཆོག་འཛམ་གླིང་ས་ཕྱོགས་གང་དུ་ཕེབས་རུང་། མི་སུ་འདྲ་ཞིག་དང་མཇལ་རུང་༸སྐུ་ཉིད་འགྲོ་བ་མི་གཅིག་ཡིན་པའི་འདུ་ཤེས་ཐོག་ནས་མཇལ་འཕྲད་གནང་གི་ཡོད་སྐོར་བཀའ་བསྩལ་གནང་སྟེ། ༸སྐུའི་ཐུགས་བསྐྱེད་དམ་བཅའ་གསུམ་ལས་འགྲོ་བ་མའི་བཟང་སྤྱོད་ཀྱི་རིན་ཐང་གོང་འཕེལ་དང་འཛམ་གླིང་ཆོས་ལུགས་མཐུན་སྒྲིལ་སྐོར་ལ་བཀའ་སློབ་གནང་པ་མ་ཟད། ཁྱད་པར་སྐབས་དེར་ཆོས་ལུགས་མཐུན་སྒྲིལ་སྐོར་ལས་ད་ལྟ་ལ་དྭགས་ནང་གི་ནང་པ་དང་ཁ་ཆེའི་དབར་གྱི་འབྲེལ་བ་དང། དེ་བཞིན་ཁ་ཆེ་ནང་ཕུན་ཚུན་གྱི་འབྲེལ་བ་དེ་ནི་གཅེས་པའི་ནོར་བུ་ལྟ་བུ་ཆགས་ཡོད་པས་བསྔགས་བརྗོད་ཆེན་པོ་གནང་པ་དང་ཆབས་ཅིག ནོར་བུ་དེ་ཡིས་འོད་ཟེར་དེ་རིམ་པས་འཛམ་གླིང་སྤྱི་ལ་ཁྱབ་སྤེལ་གནང་རྒྱུའི་འགན་བཞེས་དགོས་པ་ལམ་སྟོན་མཛད་ཡོད། དེ་བཞིན་༸གོང་ས་མཆོག་གིས་དབྱར་ཆོས་ཆེན་མོ་སྐོར་ལས་འཕྲོས་ཏེ།  དེ་གར་འདུས་པའི་གྲྭ་བཙུན་དང་མི་སྐྱ་ཕོ་མོ་ཀུན་ལ་སངས་རྒྱས་ཀྱི་ཆོས་ཤེས་པ་ལ་ལུང་རྟོགས་ཀྱི་ཆོས་ལ་སློབ་སྦྱོང་བྱ་རྒྱུ་ཤིན་ཏུ་ནས་གལ་ཆེ་ཡིིན་ཞིང་ཁ་འདོན་ལ་༸སྐུ་འདྲ་བཞེངས་པ་ཙམ་གྱིས་འགྲིག་ཐབས་མེད་པས་རྟགས་གསལ་དང་རིགས་ལམ་སྦྱོང་རྒྱུ་ནི་དེ་བས་གལ་ཆེ་བ་ཡིན་པ་བཀའ་བསྩལ་མཛད་སོང་། ཁྱད་པར་དུ་༸གོང་ས་མཆོག་གིས་དུས་རབས་ ༢༡ པའི་ནང་པའམ་ཆོས་ལ་ཤེས་ནས་དད་པ་ཐོབ་གལ་ཡིན་པ་མ་གཏོགས། དབང་བརྟུལ་དད་པའི་རྗེས་འབྲངས་ཁོ་ནར་འཇུག་པ་ཡིན་ན་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་གནས་ཀྱི་མ་རེད་ཅེས་བཀའ་ནན་བསྩལ་སོང། རྩ་བའི་མཛད་འཆར་ལྟར་སང་ཉིན་༸གོང་ས་མཆོག་གིས་ཁྲིག་རྩེ་དགོན་དུ་ཇོ་བོ་རྗེས་མཛད་པའི་བྱང་ཆུབ་ལམ་སྒྲོན་དང་དཔལ་མགོན་འཕགས་པ་ཀླུ་གྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་ཆོས་འབྲེལ་བཀྲིན་བསྩལ་རྒྱུ་ཡིན་འདུགཔ་དང་། གནངས་ཚེས་ ༡༡ ཉིན་ཁྲིག་རྩེ་འདུས་མང་ནས་མགོན་པོ་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་འཆར་འདུག

༸གོང་ས་མཆོག་གིས་སི་དར་ཐ་འབྲིང་རིམ་སློབ་གྲྭར་ཆིབས་སྒྱུར་དང་ཐུབ་དབང་སྣང་བརྙན་གསར་པ་དབུ་འབྱེད་བཀྲིན་བསྐྱངས་པ།

དེ་རིང་ཟླ་ ༨ ཚེས་ ༨ ཉིན་གྱི་སྔ་དྲོ་ཚོུད་ ༨།༠༠ ཡོལ་ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ས་ཕུག་ས་གནས་སུ་ཆིབས་སྒྱུར་གྱིས་རིས་མེད་ཤེས་ཡོན་ལྟེ་གནས་ཁང་ཞིག་ལེགས་གྲུབ་བྱུང་བར་དབུ་འབྱེད་རབ་གནས་གྲུབ་བསྟུན། ༸གང་ཉིད་མཆོག་ཚོུད་ ༩།༠༠ ཡོལ་ཙམ་ནས་སྟོག་ཁྱབ་ཁོངས་ Siddhartha འབྲིང་རིམ་སློབ་གྲྭར་ཆིབས་སྒྱུར་མཛད་པ་དང་། དེའང་གཙོ་བོ་སློབ་མ་རྣམས་ཀྱིས་མགོན་པོ་མཆོག་ལ་རིགས་ལམ་རྟགས་གསལ་སྤྱན་འབུལ་ཞུས་ཡོད་པ་རེད། དེ་རྗེས་ཚོུད་ ༡༠།༠༠ ཙམ་ལ་བ་ཀུ་ལ་རིན་པོ་ཆེ་མཆོག་གི་གུར་བུ་དགོན་དུ་གནས་གཟིགས་མཛད་པ་མ་ཟད། དགོན་པ་དེའི་རྟེན་གཙོ་སྟོན་པ་ཐུབ་པའི་དབང་པོ་མཆོག་གི་སྣང་བརྙན་གསར་པ་ཕི་ཊི་ ༧༡ ཅན་རྟེན་དང་བརྟེན་པ་བཅས་པ་རབ་གནས་དབུ་འབྱེད་བཀྲིན་བསྐྱངས་ཡོད་པ་དང་། ༸གང་ཉིད་མཆོག་གི་སྐུ་འཁོར་ལྷན་རྒྱས་སྟོག་རྒྱལ་ཁང་དུ་ཉིན་དགུང་ལྗགས་སྨིན་བཞེས་གནང་མཛད་ཡོད། རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་སྔ་དྲོ་ཚོུད་  ༩།༠༠ ཐོག་ལ་དྭགས་གླེ་ལྕོག་ལམ་སར་རྟེན་གཞི་བྱས་པའི་བོད་ཕྲུག་ཁྱིམ་སྡེའི་རྩེད་ཐང་དུ་ས་གནས་བོད་རིགས་རྣམས་ལ་བཀའ་སློབ་བཀྲིན་བསྐྱངས་ཡོད་པ་དང་། སྐབས་དེར་མགོན་པོ་༸གང་ཉིད་ནས་བོད་མི་རྣམས་ནས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ལ་དགའ་ཞེན་དང་སྤོབས་པ་ཆེན་པོའི་ཐོག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་གནང་བཞིན་པ་དེ་ནི་ཁ་བྲལ་བའི་བྱ་སྤྱོད་ཞིག་མ་རེད་ཅེས་བཀའ་སྩལ་འདུག དེའང་༸གོང་ས་མཆོག་གིས་མང་ཚོགས་རྣམས་ལ་བཀའ་སློབ་སྩལ་དོན་ལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རིགས་དེ་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་པའི་མི་རིགས་ཤིག་ཡིན་པ་དང། མི་རིགས་ཀྱི་ངོ་བོ་མཚོན་སླད་གཙོ་ཆེ་ཤོས་སྐད་ཡིག་ཡིན་སྟབས། རྒྱ་རིགས་མི་མང་རྣམས་ནས་སྔ་རབས་ནས་ཡོད་པའི་རང་ཉིད་ཀྱི་ངོ་བོ་དང་རིག་གཞུང་ལ་དགའ་ཞེན་ཆེན་པོ་གནང་བཞིན་པ་ལྟར། བོད་མི་ཚོ་ལའང་དེ་མཚུངས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་། ཆོས་དང་སྐད་ཡིག་སོགས་ལ་དགའ་ཞེན་དང་སྤོབས་པ། ལྷག་དོན་རིག་གཞུང་དེ་དག་སྲུང་སྐྱོབ་དང་མི་ཉམས་རྒྱུན་འཛིན་གནང་རྒྱུའི་རང་དབང་ཡོད་པ་རེད་ཅེས་བཀའ་སྩལ་མཛད་འདུག ༸གང་ཉིད་མཆོག་གིས་རྒྱ་གཞུང་གི་ལྟ་བ་མཁྲེགས་བཟུང་ཅན་གྱི་རྒྱ་རིགས་འགོ་ཁྲིད་ཁག་ཅིག་གིས་བོད་ནང་གི་བོད་མི་ཚོས་རང་ཉིད་ཀྱི་ཆོས་དང་སྐད་ལ་སློབ་སྦྱོང་གནང་པར་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་དེ་ནི་བློ་ཕམ་གྱི་གནས་སྟངས་ཤིག་ཡིན་པ་བཀའ་སྩལ་དང་སྦྲགས།  བོད་མི་རྣམས་ནས་རང་ཉིད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་གནང་བཞིན་པ་དེ་ནི་ཁ་བྲལ་བའི་བྱ་སྤྱོད་ཞིག་མ་རེད་ཅེས་བཀའ་སྩལ་ནན་པོ་མཛད་ཡོད་པ་རེད། དེ་བཞིན་༸གོང་ས་མཆོག་གིས་བོད་ཀྱི་སྐད་ཡིག་དང་ནང་ཆོས་ཀྱི་གལ་གནད་སྐོར་བཀའ་སྩལ་བ་མ་ཟད། གཞན་ཡང་ ས་གནས་ལ་དྭགས་མི་མང་དང་གནད་ཡོད་མི་སྣ་རྣམས་ནས་ད་བར་ཁུལ་དེར་ཡོད་པའི་བོད་མི་གཙོ་བོར་གྱུར་བའི་ས་གནས་སློབ་གྲྭ་ཁག་ལ་གཟིགས་སྐྱོང་དང་རོགས་རམ་ཤུགས་ཆེ་གནང་པར་ཐུགས་རྗེ་ཆེ་ཞུ་དང་། བོད་ནང་གི་བོད་མི་ཚོར་རང་ཉིད་ཀྱི་རིག་གཞུང་སྲུང་སྐྱོབ་ཞུ་རྒྱུར་རང་དབང་མེད་སྟབས། བོད་ཀྱི་ཆོས་དང་སྐད་ཡིག་སོགས་གཅིག་མཚུངས་ཡིན་པའི་ལ་དྭགས་ནས་མོན་བར་གྱི་ཧི་མཱ་ལ་ཡའི་མི་རིགས་རྣམས་ནས་བོད་ཀྱི་ཆོས་དང་སྐད་ཡིག་ལ་དོ་སྣང་དང་སློབ་སྦྱོང་གནང་རྒྱུ་གལ་ཆེན་པོ་ཡིན་པར་བཀའ་སློབ་བཀྲིན་བསྩལ་འདུག རྩ་བའི་ད་ལྟའི་ཆར་༸གོང་ས་མཆོག་གིས་ལ་དྭགས་ཁུལ་གྱི་མཛད་འཆར་སྐྱང་བཞིན་ཡོད་པ་དང་། ༸ གང་ཉིད་མཆོག་ད་ལན་ཁུལ་དེའི་ནང་བཞུགས་ཞག་དུས་ཡུན་ནི་ཟླ་འདིའི་ཚེས་ ༢༤ བར་ཡིན་པ་རེད།

༸གོང་ས་མཆོག་གིས་སྔ་འགྱུར་རྙིང་མའི་བྲག་ཐོག་དགོན་པའི་འདུ་ཁང་དབུ་འབྱེད་མཛད་པ།

དེ་རིང་ཟླ་ ༨ ཚེས་ ༥ ཉིན་གྱི་སྔ་དྲོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ལ་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། མགོན་པོ་༸གང་ཉིད་མཆོག་ལ་དྭགས་ཞི་བའི་ཚལ་ཕོ་བྲང་ནས་རྒྱང་ཐག་སྤྱི་ལེ་ ༤༠ སར་ཡོད་པའི་སྔ་འགྱུར་བྲག་ཐོག་དགོན་ཆོས་འཁོར་པདྨ་གླིང་དུ་ཆིབས་བསྒྱུར་གྱིས་དགོན་པའི་དུ་ཁང་གསར་པ་དབུ་འབྱེད་རབ་གནས་བཀྲིན་བསྩལ་བ་དང་། གཏང་རག་གི་ཚོགས་མཆོད་འབུལ་བཞེས་མཛད་འདུག ༸གོང་ས་མཆོག་གི་སྐབས་དེར་སྔ་འགྱུར་བྲག་ཐོག་དགོན་པའི་འདུ་ཁང་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་བཅར་བའི་སེར་སྐྱ་མང་ཚོགས་རྣམས་ལ།  གང་ཉིད་ཀྱིས་ས་གནས་མང་ཚོགས་ཚོས་ནང་ཆོས་ལ་དད་པ་ཙམ་མ་ཡིན་པར་བསླབ་པ་སློབ་གཉེར་གནང་གལ་ཆེ་བའི་བཀའ་སློབ་བསྩལ་བ་དང་ཆབས་ཅིག  དེང་སྐབས་ཕྱིའི་དངོས་པོ་ཡར་རྒྱས་ཕྱིན་པའི་དུས་དང་བསྟུན། ནང་སེམས་ཀྱི་ཞེ་བདེ་དང་བྱམས་བརྩེ་གོང་འཕེལ་གཏོང་གལ་ཆེ་སྐོར་ལའང་བཀའ་སློབ་ལམ་སྟོན་མཛད་འདུག གཞི་རྩའི་༸གོང་ས་མཆོག་ཆིབས་སྒྱུར་མཛད་ཡུལ་ལ་དྭགས་སྔ་འགྱུར་རྙིང་མའི་བྲག་ཐོག་དགོན་པ་དེ་སྔ་འགྱུར་རྙིང་མའི་མ་དགོན་ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝམ་ལྕོག་སྒར་ཆོས་འཁོར་རྣམ་རྒྱལ་གླིང་གི་ཡན་ལག་དགོན་པ་ཞིག་ཡིན་པ་དང་། དགོན་པ་དེའི་དགོན་བདག་སྔ་འགྱུར་རྙིང་མའི་ཞིང་གཤེགས་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་ཡིན་པ་རེད། ད་ལྟའི་ཆར་དགོན་པའི་དགེ་འདུན་པ་ཞལ་གྲངས་ ༢༨ ཙམ་སློབ་གཉེར་གནང་བཞིན་ཡོད་པ་རེད་འདུག རྩ་བའི་ད་ལྟའི་ཆར་༸གོང་ས་མཆོག་གི་ལ་དྭགས་ཁུལ་གྱི་མཛད་འཆར་བསྐྱང་བཞིན་ཡོད་པ་དང་། ༸ གང་ཉིད་མཆོག་ད་ལན་ཁུལ་དེའི་ནང་བཞུགས་ཞག་དུས་ཡུན་ནི་ཟླ་འདིའི་ཚེས་ ༢༡ བར་ཡིན་པ་རེད། ༸གོང་ས་མཆོག་གིས་སྔ་འགྱུར་རྙིང་མའི་བྲག་ཐོག་དགོན་པའི་འདུ་ཁང་དབུ་འབྱེད་སྐབས་སྩལ་བའི་བཀའ་སློབ། བརྙན་པར། http://www.youtube.com/watch?v=wRJt2i1d9Kw

སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ནས་རྒྱ་གར་གྱི་བློན་ཆེན་དང་གྲོས་ཚོགས་འཐུས་མིར་མཇལ་འཕྲད་ལེགས་གྲུབ།

 སྐབས་ ༡༦ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨ་ཅཱ་རྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྣེ་ཁྲིད་པའི་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་དང་བློ་བཟང་ཆོས་འབྱོར་ལགས་བཅས་རྣམ་པ་གསུམ་ནས་ཟླ་སྔོན་མའི་ཕྱི་ཚེས་ ༢༦ ནས་དབུ་འཛུགས་གནང་སྟེ་རྒྱལ་ས་ལྡི་ལིར་རྒྱ་གར་གྱི་ཆར་དུས་གྲོས་ཚོགས་འཚོགས་བཞིན་པ་དང་བསྟུན། རྒྱ་གར་གྱི་དབུས་གཞུང་གི་ཆེས་མཐོའི་དཔོན་རིགས་ཁག་དང་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམས་ལ་མཇལ་འཕྲད་ཞུས་ཡོད་པ་རེད། དེའང་ཆེས་མཐོའི་དཔོན་རིགས་དང་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམས་ལ་བོད་མི་རང་ལུས་མེར་སྲེག་གིས་གཙོས་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་སྙན་སེང་དང་། ལྷག་དོན་རྒྱ་གར་གྲོས་ཚོགས་ནས་བོད་མིའི་སྒྲིག་འཛུགས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་དང་འབྲེལ་མོལ་བསྐྱར་གསོ། དེ་བཞིན་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་སློང་གིས་གྲོས་ཆོད་འཇོག་སྐྱོང་ཡོང་བའི་ཞུ་སྐུལ་གནང་པའི་ཁྲོད། ད་བར་བདུན་ཕྲག་གཅིག་གི་ནང་གཞུང་གི་བློན་ཆེན་ཆེ་ཆུང་ ༨ དང་གྲོས་ཚོགས་གོང་འགོ་གི་འཐུས་མི་ ༥༢ དང་མཇལ་འཕྲད་ཞུས་ཐུབ་པ་བྱུང་འདུག  

༸རྒྱལ་བའི་༸སྐུ་ཕྱྭའི་ཞབས་རིམ་ཆེད་མདོ་སྡེ་བསྐལ་བཟང་ཚར་ ༡༡༣ ལྗགས་ཀློག་གནང་བཞིན་པ།

དེ་རིང་ཟླ་ ༨ ཚེས་ ༣ ཉིན་རྡ་ས་ཆོལ་གསུམ་དང་བླངས་ཚོགས་པས་གོ་སྒྲིག་འོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་ཆེད་དྷ་ས་ཁུལ་གྱི་བཙུན་དགོན་ཁག་གཙོས་པའི་བཞུགས་སྒར་དུ་བཅའ་བཞུགས་བ་སེར་སྐྱ་མང་ཚོགས་ཐུན་མོང་གིས་མདོ་སྡེ་བསྐལ་བཟང་གི་ཕྱག་དཔེ་ཚར་ ༡༡༣ ལྗགས་ཀློག་གནང་བཞིན་འདུག དེའང་དེ་རིང་ནས་དབུ་འཛུགས་ཀྱིས་བོད་ཟླ་ ༦ ཚེས་ ༤ སྟེ་ཆོས་འཁོར་དུས་ཆེན་གྱི་དུས་ཁྱད་ཉིན་བར་ཁྱོན་ཉིན་གྲངས་བཞིའི་རིང་༸སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་རྒྱ་གང་ཆེ་ཞུ་ཕྱིར་མདོ་སྡེ་བསྐལ་བཟང་གི་ཕྱག་དཔེ་ཚར་ ༡༡༣ ལྗགས་ཀློག་གནང་རྒྱུའི་ཆོས་ཕྱོགས་ཀྱི་གནང་སྒོ་ཚོགས་འཚོགས་བཞིན་འདུག འདི་ག་རླུང་འཕྲིན་ཁང་གིས་༸རྒྱལ་བའི་༸སྐུ་ཕྱྭའི་ཞབས་རིམ་གོ་སྒྲིག་གནང་མཁན་རྡ་ས་ཆོལ་གསུམ་དང་བླངས་ཚོགས་པའི་ཚོགས་གཙོ་བློ་བཟང་ཚེ་རིང་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས་དེ་སྔ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸གང་ཉིད་མཆོག་དགུང་གྲངས་ ༡༡༣ བར་བཞུགས་རྒྱུའི་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་དོན་ལྟར། ངེད་ཅག་གིས་རྟེན་འབྲེལ་བཟང་པོ་མཚོན་ཕྱིར་མདོ་སྡེ་བསྐལ་བཟང་གི་ཕྱག་དཔེ་ཚར་ ༡༡༣ ལྗགས་ཀློག་གནང་གི་ཡོད་ཅེས་གསུངས་གནང་སོང་། དེ་བཞིན་བཞུགས་སྒར་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་དཔེ་ཁྲིད་དགེ་རྒན་དང་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གི་ལྟ་གྲུབ་དགེ་རྒན་གཅིག་ལྕོགས་དགེ་བཤེས་བློ་བཟང་གྲགས་པ་ལགས་ཀྱིས་ཀྱང་གསུངས་པར་རྣམ་ཀུན་བླ་མའི་༸སྐུ་ཚེ་བརྟན་པའི་ཆེད་ཞབས་རིམ་གསོག་སྒྲུབ་གནང་སྟངས་མི་འདྲ་བ་མང་དག་ཡོད་པ་ལས། མདོ་སྡེ་བསྐལ་བཟང་ལྗགས་ཀློག་གནང་རྒྱུ་འདི་ནི་དམིགས་བསལ་ཞིག་ཡིན་པ་དང་། ལྷག་དོན་དེའི་ཕན་ཡོན་ཡང་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པ་ཅེས་སོགས་གསུངས་སོང་། རྩ་བའི་ཐེངས་འདིའི་༸སྐུ་ཕྱྭའི་ཞབས་རིམ་གོ་སྒྲིག་ཚོགས་ཆུང་གིས་༸གོང་ས་མཆོག་གི་༸སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་ཀྱི་ཉིན་མཐའ་མ་བོད་ཟླ་ ༦ ཚེས་ ༤ སྟེ་ཆོས་འཁོར་དུས་ཆེན་གྱི་དུས་ཚིགས་ཁྱད་པར་ཅན་དང་བསྟུན་ཚོགས་མཆོད་རྒྱས་པ་ཞིག་ཀྱང་འཚོགས་རྒྱུ་ཡིན་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སླར་ Slovakia ནང་དུ་ཆིབས་བསྒྱུར་བསྐྱང་རྒྱུའི་ཐུགས་གཏན་འཁེལ་བ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོའི་ཕྱི་ཟླ་བཅུ་པའི་ནང་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ Slovakia ནང་དུ་ཆིབས་བསྒྱུར་བསྐྱང་རྒྱུའི་ཐུགས་གཏན་འཁེལ་འདུག དེའང་དེ་རིང་ཟླ་ ༨ ཚེས་ ༢ ཉིན་ཡུལ་དེའི་ས་གནས་བརྒྱུད་ལམ་ཐོག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོའི་ཟླ་ ༡༠ ཚེས་ ༡༥ ཉིན་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ Slovakia འི་རྒྱལ་ས་ Bratislava ནང་ལ་༸ཞབས་སོར་འཁོད་གནང་གི་འདུག་པ་དང་། མགོན་པོ་༸གང་ཉིད་མཆོག་རྒྱལ་ཁབ་འདིའི་ནང་ད་ལན་གྱི་ཆིབས་སྒྱུར་མཛད་པ་དེ་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད་པ་རེད་འདུག རྒྱལ་ས་ Bratislava ནང་གི་ཆིབས་བསྒྱུར་དེའི་སྐབས་༸གོང་ས་མཆོག་ནས་ཁུལ་དེའི་ནང་རྟེན་གཞི་བྱས་པའི་ National Tennis Center ཟེར་བའི་རྩེད་འགྲན་ཁང་དུ་མང་ཚོགས་ལ་བཀའ་སློབ་བཀྲིན་སྩལ་གནང་རྒྱུ་ཡིན་པ་དང་། ༸གང་ཉིད་མཆོག་ལ་གདན་ཞུ་ཕུལ་མཁན་ Suzanne Kiss ལགས་ཀྱིས་མགོན་པོ་༸གང་ཉིད་མཆོག་གི་བཀའ་སློབ་དེ་ནི་མང་ཚོགས་ལ་ཞི་བདེ་དང་རེ་བའི་བརྡ་ལན་ཆེས་གསལ་པོ་དང་ནུས་པ་ལྡན་པ་ཞིག་ཆགས་ངེས་ཡིན་པར་འགྲེལ་བརྗོད་གནང་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ཁབ་འདིའི་ནང་ཆིབས་སྒྱུར་ཐོག་མ་དེ་ཕྱི་ལོ་ ༢༠༠༠ ཐམ་པའི་ལོ་དང་། ཐེངས་གཉིས་པ་དེ་ཕྱི་ལོ་ ༢༠༠༩ ལོར་ཡིན་འདུག་ལ། སྐབས་དེར་མགོན་པོ་མཆོག་ལ་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་དང་འབྲེལ་བའི་རླབས་ཆེན་གྱི་མཛད་རྗེས་ལ་ཆེ་བསྟོད་ཀྱི་ Jan Langos ཞེས་པའི་གྲགས་ཅན་གཟེངས་རྟགས་འབུལ་བཞེས་གནང་ཡོད་པ་རེད། དཔའ་ལྡན་དགའ་ལྡན་ཕོ་བྲང་གི་དྲ་གནས་ཐོག་གནས་ཚུལ་བཀོད་པར་ལྟར་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་ ༡༠ པའི་ནང་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ Slovakia ནང་ཆིབས་བསྒྱུར་མ་མཛད་གོང་ལ་ Latvia འི་རྒྱལ་ས་ Riga དང་སུད་སིའི་གྲོང་ཁྱེར་ Zurich བཅས་གཉིས་ཀྱི་ནང་ལ་ཆིབས་བསྒྱུར་མཛད་འཆར་ཡོད་པ་རེད་འདུག

Latest news