Tibetan Royal Year of 2151 | Year of the Wood Dragon

ཀམ་ཚང་བཀའ་བརྒྱུད།

༸སྐྱབས་རྗེ་ཡོངས་འཛིན་ཁྲ་འགུ་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

༸སྐྱབས་རྗེ་ཡོངས་འཛིན་ཁྲ་འགུ་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག

ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་བཀའ་བརྒྱུད་སྨོན་ལམ་ཐེངས་བཞི་པ་ཚོགས་པ།

ཟླ་བ་འདིའི་ཕྱི་ཚེས་ ༡༨ ནས་ ༢༠ བར་ཉིན་གྲངས་གསུམ་གྱི་རིང་ལ་ཟླ་སྣང་ཐེབས་རྩའི་གོ་སྒྲིག་འོག་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཕུན་ཚོགས་སྡེ་བཞིའི་ཚོགས་ཁང་ནང་བཀའ་བརྒྱུད་སྨོན་ལམ་ཐེངས་བཞི་པ་ཚོགས་འདུག༸སྐྱབས་རྗེ་སྤ་རི་རིན་པོ་ཆེ་མཆོག་དང་གནས་སྣང་བླ་མ་ཚེ་དབང་རིན་པོ་ཆེ་རྣམ་གཉིས་སྨོན་ལམ་ཆེ་མོའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། སྨོན་ལམ་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་འཐུས་ཚབ་བོད་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས་དང་། དམིགས་བསལ་སྐུ་མགྲོན་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་༸དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གི་སྐུ་མཆེད་སྲིང་མོ་རྗེ་བཙུན་དངོས་གྲུབ་དཔལ་འཛོམས་ལགས། བཀའ་ཟུར་དང་། དོན་ཟུར། གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་གི་སྐུ་ཚབ། མི་མང་བཅས་ལྷན་ཞུགས་གནང་ཡོད།མཛད་རིམ་གྱི་ཐོག་མར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ༸དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གི་སྐུ་པར་བཞུགས་ཁྲིར་གདན་ཞུ་དང་། སྐུ་མགྲོན་རྣམ་པས་མཎྜལ་རྟེན་གསུམ་འདེགས་འབུལ། དེ་བཞིན་ཕུན་ཚོགས་སྡེ་བཞི་ཚོགས་ཁང་གི་མདུན་དུ་ཤུག་པ་འདེབས་འཛུགས་སོགས་གནང་འདུགརྩ་བའི་༸དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་ཁོར་ཡུག་གི་གལ་གནད་དང་དེར་སྲུང་སྐྱོབ་བྱ་དགོས་པའི་བཀའ་སློབ་ལམ་སྟོན་ཡང་ཡང་ཕེབས་དོན་བཞིན། ཐེངས་འདིའི་སྨོན་ལམ་སྐབས་ཟས་སྣོད་སོགས་ཡོངས་རྫོགས་ཁོར་ཡུག་ལ་མི་གནོད་པའི་ཡོ་བྱད་རྣམས་སྤྱོད་ཡོད་པ་རེད།སྐབས་དེར་སྨོན་ལམ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཞོན་སྨན་པ་ཀུན་དགའ་ལགས་ཀྱིས་སྨོན་ལམ་དེའི་དགོས་དམིགས་གསལ་བཤད་ཞུས་དོན་བཞིན་བཀའ་བརྒྱུད་སྨོན་ལམ་ཐེངས་བཞི་པ་འདི་ཉིད་ད་ལྟའི་ཆར་བོད་ཕྱི་ནང་གཉིས་ཀར་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་མུ་མཐུད་འཕྲད་བཞིན་པ་རྣམས་མྱུར་དུ་ཞི་བ་དང་། འཛམ་གླིང་ཞི་བདེ་ཡོང་བ། ལྷག་པར་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་ཆོས་བརྒྱུད་རིས་མེད་ཀྱི་བླ་ཆེན་རྣམ་པའི་སྐུ་ཚེ་ཡུན་དུ་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱི་འགྲུབ་པའི་ཐུགས་སྨོན་གནང་ཆེད་ཡིན་པར་གསུངས་འདུགཁ་སང་རེས་གཟའ་ཉི་མའི་ཉིན་རྒྱབ་བཀའ་བརྒྱུད་སྨོན་ལམ་གྱི་ཐུན་མོང་མ་ཡིན་པའི་རྗེ་བཙུན་མི་ལ་རས་པའི་ཚོགས་མཆོད་དང་། དེ་བཞིན་མར་མེའི་སྨོན་ལམ་གསུང་འདོན་དང་། གླུའི་མཆོད་པ་བཅས་འབུལ་བའི་ལམ་ནས་ཐེངས་འདིའི་སྨོན་ལམ་དེ་ཉིད་མཇུག་སྒྲིལ་གནང་འདུག་པ་དང་ལོ་རྗེས་མའི་ཟླ་ ༡ ཚེས་ ༢༩ ནས་ཟླ་ ༢ ཚེས་ ༥ བར་༸དཔལ་རྒྱལ་དབང་ཀརྨ་པ་མཆོག་དབུ་བཞུགས་ཐོག་དྲ་ལམ་བརྒྱུད་ཀར་དགོན་ཐམས་ཅད་ནས་བཀའ་བརྒྱུད་སྨོན་ལམ་འཕར་མ་ཞིག་འཚོག་རྒྱུ་ཡིན་པ་རེད།  

ཀམ་ཚང་མཐུན་འབྲེལ་གནང་གནད་ལ་གཟིགས་ཏེ་༸ཞྭ་དམར་རིན་པོ་ཆེའི་ཡང་སྲིད་ལ་ཐུགས་བརྩོན་གནང་བཞིན་ཡོད་པ།

རྒྱ་གར་མངའ་སྡེ་བྷི་ཧཱར་གྱི་གྷ་ཡ་རྫོང་དུ་ཆགས་པའི་གནས་མཆོག་རྡོ་རྗེ་གདན་གྱི་གཏེར་སྒར་དགོན་གྱི་ཚོགས་རར་ཚོགས་པའི་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ ༣༧ པ་ཁ་སང་ཕྱི་ཚེས་ ༩ ཉིན་མཇུག་སྒྲིལ་གནང་བ་དང་བསྟུན་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་༸དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་ཡོངས་ཁྱབ་གསུང་འཕྲིན་ཞིག་བསྩལ་ཏེ་བཀའ་བརྒྱུད་བསྟན་པའི་སྲོག་ཤིང་ཞྭ་དམར་རིན་པོ་ཆེ་མཆོག་གི་༸སྐུའི་ཡང་སྲིད་དང་འབྲེལ་ནས་རིན་པོ་ཆེ་མཆོག་ནས་ཐུགས་བརྩོན་གནང་དོན་ནི་ཀམ་ཚང་ནང་ཕན་ཚུན་དབར་མཐུན་འབྲེལ་ཡོང་རྒྱུའི་གནད་འགག་ཅིག་ལ་གཟིགས་གནང་གི་ཡོད་པར་བཀའ་བསྩལ་འདུག༸དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་བསྩལ་བའི་གསུང་འཕྲིན་ནང་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ ༣༧ པ་དེ་ལེགས་གྲུབ་བྱུང་བར་བཀྲིས་ཤིས་བདེ་ལེགས་ཀྱི་འཚམས་འདྲི་གནང་བ་དང་སྦྲགས། རིན་པོ་མཆེ་མཆོག་ཕྱི་རྒྱལ་དུ་༸སྐུ་བཞུགས་གནང་བའི་རིང་དོན་གནད་གཉིས་ཀྱི་ཐོག་ཐུགས་བརྩོན་གནང་བཞིན་ཡོད་སྐོར་གསུངས་ཏེ་དང་ཐོག་དྭགས་པོའི་ཐར་རྒྱན་གྱི་འགྲེལ་ཆེན་ཞིག་ཕྱོགས་བསྒྲིག་གནང་རྒྱུ་ཡིན་སྐོར་དང་། གཉིས་པ་རིན་པོ་ཆེ་མཆོག་ཕྱི་རྒྱལ་ལ་༸སྐུ་བཞུགས་གནང་བའི་རིང་༸རྒྱལ་དབང་ཀརྨ་པ་མཐའ་ཡས་རྡོ་རྗེ་མཆོག་དང་མཇལ་འཕྲད་གནང་རྒྱུ་སྟབས་བདེ་བ་ཡོད་པ་བཀའ་བསྩལ་བ་དང་འབྲེལ། ད་བར་༸རྒྱལ་བ་མཐའ་ཡས་རྡོ་རྗེ་མཆོག་དང་མཇལ་འཕྲད་ཐེངས་གཉིས་བྱུང་ཡོད་པ་གསུངས་ནས་མཇལ་འཕྲད་གཉིས་པའི་སྐབས་༸དཔལ་ཞྭ་དམར་རིན་པོ་ཆེའི་ཡང་སྲིད་ཕེབས་ཕྱོགས་དང་། ལྷག་པར་དུ་རིན་པོ་ཆེ་རྣམ་གཉིས་ནས་ཟུང་འབྲེལ་ཐོག་མ་འོངས་པར་བཀའ་བརྒྱུད་བསྟན་པའི་སྲོག་ཤིང་ཞྭ་དམར་རིན་པོ་ཆེ་མཆོག་གི་༸སྐུའི་ཡང་སྲིད་དེ་ནོར་བ་དང་འཁྲུལ་བ་མེད་པ་མ་ཟད། ངའི་ཕྱོགས་དང་ཁོང་ཚོའི་ཕྱོགས་ཞེས་མ་ཡིན་པར་གཅིག་འགྱུར་གྱི་ངོས་འཛིན་ཐུབ་པ་ཞིག་དགོས་གལ་ཆེ་བ་ནི་བསྟན་པ་སྤྱི་དང་བྱེ་བྲག་ཚང་མར་ཁ་ཚ་དགོས་གཏུགས་ཤིག་ཆགས་ཡོད་སྟབས་༸རྒྱལ་བ་མཐའ་ཡས་རྡོ་རྗེ་མཆོག་དང་མཉམ་དུ་ངོས་འཛིན་དང་རྩད་གཅོད་ཞུ་རྒྱུ་ཡིན་ཞེས་དམ་བཅའ་དང་ཆོད་སེམས་མཚོན་ཕྱིར་ཞབས་བརྟན་གསོལ་འདེབས་ཤིག་ཀྱང་ལྗགས་རྩོམ་གནང་ཡོད་སྐོར་དང་། ༸དཔལ་ཞྭ་དམར་རིན་པོ་ཆེ་མཆོག་གི་༸སྐུའི་ཡང་སྲིད་དང་འབྲེལ་ནས་རིན་པོ་ཆེ་མཆོག་ནས་ཐུགས་བརྩོན་གནང་དོན་ནི་ཀམ་ཚང་ནང་ཕན་ཚུན་དབར་མཐུན་འབྲེལ་ཡོང་རྒྱུའི་གནད་འགག་ཅིག་ལ་གཟིགས་གནང་གི་ཡོད་པར་བཀའ་བསྩལ་ཡོད་པ་རེད། སྐར་མ་ཉེར་གཅིག་ལྷག་ཡོད་པའི་གསུང་འཕྲིན་དེའི་ནང་སྨོན་ལམ་ཆེན་མོ་ཐོག་༸སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་མཆོག་དང་གསང་བའི་བདག་པོ་༸རྒྱལ་ཚབ་གཽ་ཤྲི་ཆེན་པོ་མཆོག་གི་སྐུ་མདུན་ནས་མང་ཚོགས་ནས་བཀའ་ཁྲིད་ཉན་རྒྱུ་བྱུང་བ་སྐལ་བ་བཟང་པོ་ཞིག་ཡིན་པར་བཀའ་བསྩལ་བ་དང་འབྲེལ། བླ་མ་མ་བརྗེད་པར་གསོལ་བ་འདེབས། གདམས་ངག་མ་བརྗེད་པར་ལག་ཏུ་ལོན། སེམས་ཅན་མ་བརྗེད་པར་གཞན་ཕན་སྒྲུབ་པ་ཡིན་ན་བླ་མ་ཡིན་ཡང་དེས་ཐུགས་དགོངས་རྫོགས་པ་དང་། རང་ཡིན་ཡང་དེས་སརྒྱས་ཐུབ་པ། དེ་བཞིན་སེམས་ཅན་གྱི་དྲིན་ལན་ཡང་དེས་འཇལ་ཐུབ་པ་ཞིག་ཡོང་ངེས་ཡིན་པར་ཐུགས་བརྩེ་ཆེན་པོས་ལམ་སྟོན་བཀྲིན་ཆེ་བ་མཛད་འདུག དེ་བཞིན་རིན་པོ་ཆེ་མཆོག་གིས་ཉེ་ལམ་ཟླ་བ་བཞི་ཙམ་གྱི་རིང་ཨོ་སི་ཊོ་ལི་ཡ་ཁུལ་དུ་མེ་སྐྱོན་བྱུང་ནས་སྲོག་ཆགས་དུང་ཕྱུར་མང་པོའི་ཚེ་སྲོག་ཤོར་བ་དང་། ལྷག་པར་དུ་དེང་སྐབས་རྒྱ་ནག་ནང་དུ་གློ་ཚད་རིམས་ནད་ཚབས་ཆེ་ཞིག་ཕོག་སྟེ་མི་ ༦༠༠ ལྷག་འདས་གྲོངས་སུ་གྱུར་བ་དང་། ནད་པ་ཁྲི་ཕྲག་མང་པོ་ཉེན་ཁར་ལྷུང་རྐྱེན་གཙོ་བོ་ནི་རི་དྭགས་སེམས་ཅན་ལ་འཚེ་བ་བྱས་པ་ལས་བྱུང་བ་ཞིག་ཡིན་པར་བཤད་བཞིན་ཡོད་སྟབས། ང་ཚོའི་ངོས་ནས་དམར་ཟས་གང་ཐུབ་སྤངས་ཐབས་ལ་འབད་དགོས་པ་དང་། ལྷག་པར་དུ་རི་དྭགས་སེམས་ཅན་གྱི་ཤ་རྩ་བ་ནས་བཟའ་རྒྱུ་མེད་པར་ལམ་སྟོན་གནང་བ་མ་ཟད། སེམས་ཅན་གྱི་ཚེ་སྲོག་ལ་འཚེ་བའི་ལས་ཇི་ཙམ་བྱས་པ་དེ་ཚོད་ཀྱིས་སྔ་ཕྱི་མ་གཏོགས་རང་ཉིད་ལ་དཀའ་ངལ་འཕྲད་རྒྱུ་ཡིན་པ་བཤད་མ་དགོས་པ་ཞིག་རེད་ཅེས་བཀའ་བསྩལ་འདུག རྩ་བའི་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ ༣༧ པ་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༨ ནས་ཁ་སང་ཕྱི་ཚེས་ ༩ བར་ཚོགས་ཡོད་པ་དང་སྨོན་ལམ་ཐོག་༸སྐྱབས་རྗེ་རྒྱལ་ཚབ་བཀྭན་ཏིང་གཽ་ཤྲི་ཆེན་པོ་མཆོག་དང་། ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག འབོ་དཀར་རིན་པོ་ཆེ་མཆོག་སོགས་ཀྱི་མཁན་བླ་སྤྲུལ་དབུ་བཞུགས་ཐོག་དགེ་བཙུན་གཙོས་ཕྱི་ནང་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་མང་ཚོགས་སྟོང་ཕྲག་ཁ་ཤས་ཕེབས་ཡོད་པ་རེད། ལོ་རྒྱུས་ལྟར་ན་བཀའ་བརྒྱུད་སྨོན་ལམ་ཆེན་མོ་དེ་༸རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བདུན་པའི་སྐབས་ཐོག་མར་བྱུང་བ་ཞིག་ཡིན་པ་དང་བཙན་བྱོལ་དུ་ཕྱི་ལོ་ ༡༩༨༣ ལོར་༸སྐྱབས་རྗེ་ཀ་ལུ་རིན་པོ་ཆེ་མཆོག་དང་འབོ་དཀར་རིན་པོ་ཆེ་མཆོག་གིས་བསྐྱར་གསོ་གནང་བ་ཞིག་ཡིན་པ་རེད།

Latest news