Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ།

ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དང་ཀརྨ་པ་མཐའ་ཡས་རྡོ་རྗེ་མཆོག་རྣམ་གཉིས་མཇལ་མོལ་མཛད་པ།

དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དང་༸རྒྱལ་དབང་མཐའ་ཡས་རྡོ་རྗེ་མཆོག་རྣམ་གཉིས་ཕ་རན་སིའི་དབེན་པའི་གྲོང་གསེབ་ཞིག་ཏུ་མཇལ་མོལ་དང་སྦྲགས། ནང་ཁུལ་དུམ་བུ་གཉིས་སུ་གྱེས་པའི་ཡིད་སྐྱོའི་གནས་ཚུལ་རྣམས་ཇི་ལྟར་སེལ་ཐབས་དང་བསྟན་པ་གཅིག་གྱུར་ཡོང་བར་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་བྱེད་དགོས་པ་ནི་ངེས་གཉིས་ཀྱི་འོས་འགན་དང་ལས་ཁུར་ཞིག་ཏུ་ངོས་འཛིན་གྱི་ཡོད་ཅེས་བཀའ་བསྩལ་འདུག དེ་ཡང་ཉིན་ཤས་གོང་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དང་༸རྒྱལ་དབང་ཀརྨ་པ་མཐའ་ཡས་རྡོ་རྗེ་མཆོག་རྣམ་གཉིས་ཕ་རན་སིའི་དབེན་པའི་གྲོང་གསེབ་ཞིག་ཏུ་མཇལ་མོལ་གནང་དོན་ལྟར་དེ་རིང་རིན་པོ་ཆེ་མཆོག་རྣམ་གཉིས་ལྷན་རྒྱས་ཀྱིས་གསལ་བསྒྲགས་ཤིག་བསྐྱངས་འདུག་པའི་ནང་། ལྷན་རྒྱས་ནས་ད་རེས་དབེན་ཞིང་བག་ཕེབས་པའི་ཁོར་ཡུག་འདིར་མཇལ་འཕྲད་བྱུང་ནས་ཕན་ཚུན་རྒྱུས་ལོན་བྱ་རྒྱུའི་གོ་སྐབས་བྱུང་བ་དེ་ཤིན་ཏུ་སྐལ་པ་བཟང་ལ་འདི་ནི་ངེས་གཉིས་ཀྱི་ལོ་དུ་མའི་རིང་གི་རེ་བ་ཞིག་ཡིན་པར་ལྟར་ད་ལྟ་མངོན་དུ་གྱུར་པ་ནི་ཤིན་ཏུ་དགའ་སྤྲོ་སྐྱེ་འོས་པའི་ཡུལ་དུ་གྱུར་ཡོད་པ་བཀའ་བསྩལ་འདུག་པ་མ་ཟད། མཇལ་འཕྲད་འདི་ནི་གཙོ་བོ་ཕན་ཚུན་༸སྐུ་སྒེར་གྱི་དབར་རྒྱུས་མངའ་དང་འབྲེལ་འདྲིས་ཡོང་བ་དང་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བསྟན་པ་སྲ་བརྟན་དང་དར་རྒྱས་ཡོང་བའི་ཆེད་མཉམ་དུ་ཕྱག་ལས་གནང་ཕྱོགས་ཇི་དགེའི་སྐོར་དགོངས་ཚུལ་སྤེལ་རེས་དང་བཀའ་བསྡུར་གཏིང་ཟབ་ཏུ་ཡོང་རྒྱུ་བཅས་ཡིན་པ་སོགས་འཁོད་འདུག དེ་བཞིན་ལྷན་རྒྱས་ཀྱི་གསལ་བསྒྲགས་དེའི་ཐོག་ནས་མཇལ་མོལ་འདི་ནི་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་མ་འོངས་པའི་གནད་དོན་གལ་ཆེན་ཞིག་དང་བསྟན་པ་སྤྱི་དང་འགྲོ་བ་ཡོངས་ཀྱི་ཕན་བདེ་དང་འབྲེལ་བ་ཞིག་ཡིན་སྟབས། ངེད་གཉིས་ཀྱིས་བསྟན་པ་སྲ་བརྟན་དང་དར་རྒྱས་ཡོང་ཐབས་སུ་འབད་པའི་བྱ་བ་འདིར་ཀརྨ་བཀའ་བརྒྱུད་པར་གཏོགས་པ་ཡོངས་ནས་ལྷག་བསམ་གྱི་རྒྱབ་བརྟེན་དང་དཔུང་གྲོགས་ཡོང་བའི་བསྐུལ་མ་ཞུ་རྒྱུ་ཡིན་ལ། ཤེས་རབ་དང་སྙིང་རྗེ་ཟུང་དུ་འཇུག་པའི་བསྟན་པ་རིན་པོ་ཆེ་ནང་མཐུན་པ་ཡོང་རྒྱུ་ནི་ཐུན་མོང་གི་ལས་འགན་ཞིག་ཡིན་པ་གོར་མ་ཆགས་ཞེས་བཀོད་འདུག རྩ་བའི་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ད་ལྟའི་ཆར་ཨ་རིར་སྐུ་བཞུགས་གནང་མུས་ཡིན་པ་དང་། རིན་པོ་ཆེ་མཆོག་གིས་དེ་སྔོན་བརྒྱུད་ལམ་ཁག་ཏུ་རིང་མིན་ཟླ་བ་ ༡༡ ནང་འཚོགས་གཏན་འཁེལ་བའི་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་ཁག་གི་ལྷན་ཆོགས་ཐོག་ཚོགས་བཞུགས་སླད་རྒྱ་གར་དུ་ཕེབས་འཆར་ཡོད་སྐོར་བཀའ་གནང་ཡོད་པ་རེད།

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་གསར་འཛུགས།

ཟླ་ ༡༠ ཚེས་ ༩ ཉིན་ཡོ་རོབ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་ཁང་དུ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་འཐུས་མི་ ༡༧ དང་གྲོས་ཚོགས་འོག་མའི་འཐུས་མི་ ༣༥ བཅས་ཁྱོན་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ ༥༢ ལས་གྲུབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་ཤིག་གསར་འཛུགས་གནང་འདུག དེ་ཡང་ forum 2000 འམ་ཕྱི་ལོ་ ༢༠༠༠ ཐམ་པའི་གླེང་སྟེགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༢༢ ཐོག་བོད་མི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཆེད་བཅར་གནང་ཡོད་པ་དང་བསྟུན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བའི་དབུ་འབྱེད་མཛད་སྒོ་ཞིག་ཚོགས་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ནས་སུད་སི་སྐུ་ཚབ་དོནགཅོད་དངོས་གྲུབ་རྡོ་རྗེ་ལགས་སུ་གནད་དོན་དེ་དང་འབྲེལ་བའི་ཐོག་བཀའ་འདྲི་ཁག་ཅིག་ཞུས་པར་ཁོང་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་ཞིག་དེ་སྔ་ནས་ཡོད་མུས་ཡིན་ཀྱང་། སྐབས་དེའི་དུས་སུ་འཐུས་མི་ཉུང་ཤས་ཤིག་ལས་མེད་སྟབས་དེ་ཙམ་གྱི་བོད་དོན་གླེང་སློང་གནང་ཐུབ་ཀྱི་མེད་པ་དེ་ལྟར་ཡང་། ཉེ་ལམ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཏུ་རྒྱལ་ཡོངས་འོས་བསྡུ་ཆེན་མོ་ཞིག་གྲུབ་ཡོད་པ་དང་། འོས་བསྡུ་དེའི་ཁྲོད་གྲོས་ཚོགས་འཐུས་མི་གསར་པ་མང་དག་ཞིག་འདེམས་ཐོན་བྱུང་བ་ཙམ་དུ་མ་ཟད་བོད་དོན་ལ་དོ་སྣང་གནང་མཁན་གྱི་གཞོན་སྐྱེས་མང་དག་ཞིག་འདེམས་ཐོན་བྱུང་ཡོད་སྟབས། ད་ཆ་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ ༥༢ ཅན་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་གསར་འཛུགས་གནང་ཡོད་པ་གསུངས་ཡོད།དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྲིད་སྐྱོང་མཆོག་ནས་གྲོས་ཚོགས་འཐུས་མི་རྣམས་ལ་འཚམས་འདྲི་གནང་ཡོད་པ་དང་འབྲེལ། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་གྲས་ཤིག་གསར་འཛུགས་གནང་བ་དེས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོར་རེ་བ་གསར་པ་ཞིག་བསྐྲུན་ཡོད་པ་དང་། བོད་དོན་ཆེད་རྒྱབ་སྐྱོར་གནང་བ་ནི། མང་གཙོ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་བཅས་ལ་རྒྱབ་སྐྱོར་གནང་བ་དང་གཅིག་མཚུངས་རེད་ཅེས་བརྗོད་ཡོད་པ་མ་ཟད། བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ནང་གཟིགས་སྐོར་ཕེབས་ཐུབ་རྒྱུར་རེ་བ་དང་གསར་དུ་དུ་བཙུགས་པའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་རྣམས་བཞུགས་སྒར་དུ་ཕེབས་གནང་ཡོང་བའི་གདན་ཞུ་ཡང་ཕུལ་འདུག གཞི་རྩའི་ཕྱི་ཟླ་ ༡༠ ཚེས་ ༩ ཉིན་ཕ་རན་སི་གྲོས་ཚོགས་འོག་མའི་ནང་དུའང་ཡུལ་དེའི་གྲོས་ཚོགས་འཐུས་མི་བཅུ་དྲུག་ལས་གྲུབ་པའི་ཕ་རན་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་སླར་གསོ་གནང་ཡོད་པ་རེད།

དྲག་ཆར་རླུང་འཚུབ་ཀྱི་རྐྱེན་པས་ཨོ་རི་ས་བོད་མིའི་གཞིས་ཆགས་ཀྱི་འདི་ལོའི་སྟོན་འབྲས་རྩ་མེད་བཏང་འདུག

ཁ་སང་ཕྱི་དྲོ་ཚོུད་ ༡༡ ཙམ་ནས་མགོ་འཛུགས་ཀྱིས་རྒྱ་གར་དབུས་ཨོ་རི་ས་ཁུལ་དུ་ titli  དྲག་ཆར་རླུང་ཚུབ་དྲག་པོ་བརྒྱབ་ཏེ་ཨོ་རི་ས་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་ནང་གཞིས་ཆགས་མང་ཚོགས་ཀྱི་འདི་ལོའི་ས་ཞིང་གི་སྟོན་འབྲས་ཡོངས་རྫོངས་ཆུས་བསྣུབ་ཏེ་བེད་མེད་དུ་གྱུར་ཡོད་པ་དང་། དེ་བཞིན་གློག་སྡོང་དང་ཤིང་སྡོང་མང་པོ་འགྱེལ་ཏེ་གློག་ཆད་པ་མ་ཟད། ཁང་ཐོག་ཆར་རླུང་གིས་ཤུས་པ། འགྲིམ་འགྲུལ་ཆད་པ། སློབ་གྲྭ་ཚུགས་མ་ཐུབ་པ། དྲ་ལམ་དང་གསར་འགྱུར་བརྒྱུད་ལམ་ཁག་ཆད་ཡོད་པ་སོགས་ཀྱི་གནོད་སྐྱོན་འཚབ་ཆེན་བྱུང་འདུག དེ་རིང་ཚེས་ ༡༡ ཉིན་ད་དུང་ཡང་མུ་མཐུད་ཆར་རླུང་དྲག་པོ་རྒྱག་བཞིན་པར་བརྟེན་མི་རྣམས་ཁང་པའི་ཕྱི་ལ་ཐོན་ཐུབ་ཀྱི་མེད་སྟབས་ཁྱོན་ཡོངས་ཀྱི་ཞིབ་ཕྲའི་གནས་ཚུལ་ཇི་ཆགས་ཤེས་རྟོགས་དཀའ་བའི་གནས་སུ་གྱུར་འདུག དེ་བཞིན་ས་གནས་རྒྱ་གར་བརྙན་འཕྲིན་བརྒྱུད་ལམ་ཁག་ནས་ཀྱང་ཕྱི་ནས་ཀྱང་བྱུང་བའི་གོད་ཆག་དེ་མ་བྱུང་གོང་ནས་དེ་ལྟར་ཡོང་བར་སྔོན་བརྡ་བཏང་བ་བཞིན་ཨོ་རི་ས་མངའ་སྡེའི་ཁོངས་གྷན་ཇཱམ་རྫོང་ཁོངས་བྷ་རམ་པུར་གྲོང་གསེབ་ཀྱི་རྒྱ་གར་ཡུལ་མི་འབུམ་གསུམ་དང་བརྒྱད་སྟོང་ལྷག་ས་གནས་གཞན་ལ་ཉེན་ཡོལ་དུ་གནས་སྤོ་བྱེད་དགོས་བྱུང་ཡོད་པ་བཀོད་འདུགཨོ་རི་ས་ནང་ཕྱི་ལོ་ ༢༠༡༣ ལོར་ས་གནས་དེར་ཕྷེ་ལན་ཞེས་པའི་རླུང་འཚུབ་ཆེན་པོ་ཞིག་བྱུང་ཡོད་པ་དང་། དེ་རེས་ཀྱི་རླུང་འཚུབ་དེ་དེ་སྔ་ལས་ཀྱང་ལྡབ་གྱུར་གྱི་ཤུགས་ཆེ་བ་ཡོད་པ་རེད་འདུག ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་ནི་ཕྱི་ལོ་ ༡༩༦༣ ཟླ་ ༥ ནང་ཨོ་རི་ས་མངའ་སྡེའི་ཁོངས་གྷན་ཇཱམ་རྫོང་ཁོངས་སུ་ཐོག་མར་གཞིས་ཆགས་གསར་འཛུགས་བྱ་རྒྱུའི་མཐུན་རྐྱེན་རྣམས་རྒྱ་གར་དབུས་གཞུང་གིས་རོགས་རམ་མཐུན་འགྱུར་གནང་བ་ཞིག་ཡིན་པ་དང་། ཕྱི་ལོ་ ༡༩༦༣ ཟླ་ ༥ ནང་ཨོ་རི་ས་མངའ་སྡེའི་ཁོངས་གྷན་ཇཱམ་རྫོང་ཁོངས་སུ་ཐོག་མར་གཞིས་ཆགས་པ་དང་དེ་ཡང་བྷ་རམ་པུར་གྲོང་ཁྱེར་ནས་ནུབ་ཏུ་མེ་ལེ་ ༤༩ ལྷག་གི་མཚམས་སུ་ཡོད་ཅིང་། རྒྱ་མཚོའི་ངོས་ནས་མཐོ་ཚད་ཕི་ཀྲི་ ༢༨༠༠ ཙམ་དང་དེ་ནས་མངའ་སྡེའི་རྒྱལ་ས་སྦུ་བ་ནེཤ་བར་ཀི་ལོ་མི་ཀྲར་ ༢༨༠ ཙམ་ཡོད་པ། ཐོག་མར་དུད་ཚང་གྲངས་ ༡༠༧ ལ་མི་གྲངས་ ༥༠༣ ཡོད་པའི་ཁར་རྗེས་སུ་ས་གནས་གང་ས་ནས་བྱོར་བའི་དུད་ཁྱིམ་གྲངས་ ༢༧༠ དང་མི་གྲངས་༡༤༨༩ ཙམ་དང་གཞིས་ཆགས་ནང་སླར་ཕྱི་ལོ་ ༡༩༦༧ ལོར་བྱོར་བ་སོགས་གཞིས་ཆགས་དེར་ཁྱོན་བསྡོམས་གྲོང་སྡེ་ ༥ དང་ཁྱིམ་ཚང་ ༥༨༠ མི་གྲངས་ ༣༠༡༧ ས་ཁྱོན་ཨེ་ཀར་ ༡༨༥༩ ཙམ་ཡོད་པ་དང་འཚོ་རྟེན་གཙ་བོ་ནི་ཞིང་ལས་དང་བཟོ་ལས་སོགས་གཉེར་གནང་གི་འདུག

རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་དང་བསྟུན་བོད་ནང་གི་གནས་སྟངས་འབུར་བཏོན།  

རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པ་གནང་རན་པ་དང་བསྟུན་ཁ་སང་སུད་སི་ཇི་ནི་ཝ་གྲོང་ཁྱེར་དུ་འཚོགས་པའི་སྔོན་འགྲོའི་ཚོགས་འདུ་སྐབས་བོད་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་ལྷག་དོན་རྒྱ་ནག་གི་ངོས་ནས་དེ་སྔའི་དུས་བཀག་བསྐྱར་ཞིབ་སྐབས་ཁས་ལེན་བྱས་ཀྱང་ལག་བསྟར་དོོན་འཁྱོལ་གནང་མེད་པའི་གནད་དོན་རྣམས་འབུར་བཏོན་གནང་འདུགདེའང་ཟླ་བ་རྗེས་མའི་ནང་རྒྱལ་ཚོགས་ནས་རྒྱ་ནག་དང་མེག་སི་ཀོ། སའུ་དི་ཨ་ར་བི་ཡ། མ་ལེ་ཤི་ཡ། མོ་ན་ཀོ་ལ་སོགས་པའི་ ཚོགས་མི་རྒྱལ་ཁབ་ཁག་ཅིག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་གནང་གི་ཡོད་ལྟར། ཇི་ནི་ཝ་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ལྷན་ཁང་དུ་ཁ་སང་ནས་དབུ་འཛུགས་ཀྱིས་རྒྱལ་ཁབ་དེ་དག་རེ་རེ་ནང་གི་གནད་དོན་དང་འབྲེལ་བའི་སྔོན་འགྲོའི་ལས་རིམ་ཞིག་དབུ་འཛུགས་གནང་ཡོད་པ་རེད། རྒྱ་ནག་དང་འབྲེལ་བའི་ལས་རིམ་ཐོག་ Tibet Advocacy Coalition ཞེས་པའི་རྒྱལ་སྤྱིའི་བོད་དོན་ཞུ་གཏུག་ཚོགས་པ་དང་འཛམ་གླིང་ཡུ་གུར་ལྷན་ཚོགས། རྒྱལ་སྤྱིའི་སྨྱུ་གུ་ཚོགས་པ། ཉེན་ཁའི་འོག་ལྷུང་བའི་མཁས་དབང་གི་ཚོགས་པ། ཧོང་ཀོང་གི་དུས་བཀག་བསྐྱར་ཞིབ་ཚོགས་པ་བཅས་ནས་མཉམ་ཞུགས་གནང་འདུག བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ཚེ་སྐབས་དེར་རྒྱལ་སྤྱིའི་བོད་དོན་ཞུ་གཏུག་ཚོགས་པའི་པདྨ་སྒྲོལ་མ་ལགས་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ངོ་སྤྲོད་གནང་བ་དང་འབྲེལ། རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་བྱུས་རྣམས་བོད་ནང་གི་བོད་མི་ཚོའི་ཐོབ་ཐང་དང་རང་དབང་སྲུང་སྐྱོབ་བྱ་རྒྱུ་ལས་ལྡོག་སྟེ་བོད་མིིར་བཏང་འཛིན་དང་བོད་མིའི་རང་དབང་བརྩི་མེད་རྡོག་རོལ་ལ་དམིགས་པ་འབའ་ཞིག་རེད་ཅེས་གསུངས་འདུགཁོང་གིས་ད་དུང་རྒྱ་ནག་གཞུང་ནས་དེ་སྔའི་དུས་བཀག་སྐྱར་ཞིབ་སྐབས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་གྱིས་གཙོས་པའི་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་གི་སྐུ་ཚབ་རྣམས་བོད་དང་ཤིན་ཅང་གི་ས་ཁུལ་ཁག་ཏུ་ཆེད་གཏོང་བྱ་རྒྱུའི་ལམ་སྟོན་ལ་ཁས་ལེན་བྱས་ཡོད་ཀྱང། ད་བར་ལག་ལེན་དོན་འཁྱོལ་གནང་མེད་སྟབས་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་རྣམས་ནས་རྒྱ་ནག་ཐོག་སྔར་ལས་བཞེངས་ཕྱོགས་མཁྲེགས་པ་འཛིན་དགོས་གལ་དང། བོད་ཀྱི་གནད་དོན་དང་འབྲེལ་བའི་ཞུ་སྐུལ་ཁག་ཅིག་ཟླ་བ་རྗེས་མའི་ནང་འཚོགས་རྒྱུའི་དུས་བཀག་བསྐྱར་ཞིབ་ཐོག་གླེང་དགོས་པར་འབོད་སྐུལ་ཞུས་འདུག བོད་ཀྱི་གནད་དོན་དང་འབྲེལ་བའི་ཞུ་སྐུལ་དེ་དག་ནང་བོད་མི་ཞིང་འབྲོག་མང་ཚོགས་གཞིས་སྤོས་ཀྱི་ལས་གཞི་ཁག་འཕྲལ་མར་མཚམས་འཇོག་དགོས་པ། བོད་མིའི་འགྲུལ་བསྐྱོད་རང་དབང་ལ་དམ་དྲག་བྱེད་བཞིན་པ་རྣམས་མཚམས་འཇོག་དགོས་པ་མ་ཟད་རྒྱལ་ཚོགས་ཀྱི་འབྲུ་དོན་ལྟར་བོད་མིར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོང་བར་དོན་དམ་གྱི་ཕྱག་ལས་གནང་དགོས་པ་བཅས་ཀྱི་འབོད་སྐུལ་ཞུས་འདུག

རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཅི་རིགས་ཐོག་བོད་ཀྱི་གནད་དོན་གླེང་སློང་དགོས་པའི་ཞུ་སྐུལ་གནང་འདུག

རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་ཁུལ་དུ་བོད་དོན་ཞུ་སྐུལ་གྱི་སྐོར་བསྐྱོད་གནང་བཞིན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རུ་ཁག་ནས་འབྲས་ལྗོངས་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ Ganga Prasad མཆོག་དང་མཇལ་འཕྲད་གནང་སྟེ་རྒྱ་དཀར་ནག་གཉིས་དབར་འབྲེལ་ལམ་ནམ་བྱུང་སྐབས། བོད་ཀྱི་གནད་དོན་ཐོག་གླེང་སློང་ངེས་པར་དུ་གནང་དགོས་པའི་ཞུ་སྐུལ་གནང་འདུག དེ་ཡང་དེ་རིང་ The Echo of India ཞེས་པའི་འབྲས་ལྗོངས་ཁུལ་གྱི་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་འཐུས་ལྷན་ཚོགས་ཀྱི་རུ་ཁག་ནས་ཚེས་ ༤ ཉིན་འབྲས་ལྗོངས་མངའ་སྡེའི་སྲིད་སྐྱོང་མཆོག་གི་ལས་ཁུངས་སུ་བཅར་ཏེ་བོད་དོན་ཞུ་སྐུལ་གནང་འདུག་པའི་ནང་དུ་གཙོ་བོ། རྒྱ་གར་གཞུང་དང་རྒྱ་ནག་གཞུང་གཉིས་དབར་འབྲེལ་མོལ་ནམ་བྱུང་སྐབས་བོད་ནང་རྒྱ་གཞུང་གི་དྲག་གནོན་དང། བོད་ཀྱི་སྐད་ཡིག་རིག་གཞུང་རྩ་མེད་གཏོང་བཞིན་པ། དེ་བཞིན་བོད་ཀྱི་ས་ཁུལ་ནང་དུ་རྒྱ་རིགས་འབོར་ཆེན་འོར་དྲེན་བྱེད་བཞིན་པ་རྣམས་མཚམས་འཇོག་དགོས་པ་སོགས་བོད་ཀྱི་གནད་དོན་སྐོར་གླེང་སློང་གནང་དགོས་པ་དང། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འོག་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོངས་ཐབས་ལ་རྒྱབ་སྐྱོར་དགོས་པ། དེ་བཞིན་བོད་ནང་ད་བར་རྒྱ་གཞུང་གི་དྲག་གནོན་ཁྲོད་བོད་མི་ ༡༥༢ ནས་རང་ལུས་མེར་བསྲེགས་བཏང་བའི་ཛ་དྲག་གནས་སྟངས་ཁྲོད་རྒྱ་ནག་གཞུང་ལ་བོད་ནང་དྲག་གནོན་མཚམས་འཇོག་དང་བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་རྣམས་སྲུང་སྐྱོབ་དགོས་པ་སོགས་ཀྱི་ཞུ་སྐུལ་གནང་འདུག   འདྲ་པར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་ནས།

གཞུང་འབྲེལ་མིན་པའི་ཚོགས་པ་འོས་བསྡུའི་ལས་རིམ་ནང་ཞུགས་མི་ཆོག་པ་བཟོས་པ་དེ་མང་གཙོའི་ལྟ་གྲུབ་དང་ཡོངས་སུ་འགལ་བ་ཞིག་རེད།

དེ་རིང་ཟླ་ ༡༠ ཚེས་ ༥ ཉིན་སྔ་དྲོ་ཚོུད་ ༡༡ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཡང་སྟེང་ཚོགས་ཁང་དུ་གསར་འགོད་ལྷག་ཚོགས་ བསྐོང་ཐོག་བོད་པའི་སྤྱི་ཚོགས་ཁྲོད་དུ་མང་གཙོའི་གོ་རྟོགས་སྔར་ལྷག་འཕེར་རྒྱུར་དམིགས་ཏེ་བཙན་བྱོལ་བོདམིའི་མང་གཙོ་ཞེས་པའི་ཕྱི་ལོ་ ༢༠༡༨ ལོའི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།སྐབས་དེར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ནས་ཤོག་གྲངས་ ༢༥༥ ཅན་གྱི་བཙན་བྱོལ་བོདམིའི་མང་གཙོ་ཞེས་པའི་དམིགས་བསལ་སྙན་ཐོ་འདི་ནི་རང་དབང་ཅན་གྱི་རྒྱལ་ཁབ་གཞན་དང་མི་འདྲ་བར་བཙན་བྱོལ་གྱི་གནས་བབ་ཐོག་གསར་བསྐྲུན་བྱས་པའི་བཙན་བྱོལ་བོད་མིའི་མང་གཙོའི་བྱུང་རིམ་དང་། ད་ལྟའི་གནས་བབ། དེ་བཞིན་ཕྱི་ལོ་༢༠༡༡ ལོར་༸གོང་ས་མཆོག་གིས་༸སྐུ་དབང་རྩིས་སྤྲོད་གནང་རྗེས་མང་གཙོའི་ལམ་ལུགས་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་འགྱུར་བ་གང་ཕྱིན་ཡོད་མེད་སོགས་གསལ་བཏོན་བརྒྱུད་མང་ཚོགས་ལ་གོ་རྟོགས་སྤེལ་ཕྱིར་ཆེད་འདོན་གནང་བ་ཞིག་ཡིན་པ་གསུངས་སོང་།དེ་བཞིན་སྐབས་དེར་ལྟེ་གནས་ཁང་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་བའི་མང་ཚོགས་ཀྱི་བསམ་ཚུལ་བསྡུ་རུབ་དང་བགྲོ་གླེང་སོགས་གོ་སྒྲིག་ཞུས་པའི་བརྒྱུད་རིམ་དང་། མང་ཚོགས་ཀྱི་བསམ་ཚུལ་དེ་དག་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་དང་སྐབས་༡༦ པའི་གྲོས་ཚོགས་ཚོགས་དུས་ ༤ ཐོག་ཞུ་འབུལ་བྱས་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། ཉེ་ཆར་ཟླ་བ་སྔོན་མའི་ཟླ་མཇུག་ཏུ་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ ༦ ཐོག་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་གནང་སྐབས་མང་ཚོགས་ཀྱི་མངོན་འདོད་ལྟར་འོས་བསྡུའི་སྔོན་འགྲོ་དང་དངོས་གཞི་གཉིས་དེ་སྔ་བཞིན་རང་གནས་བཞག་པར་ལྟེ་གནས་ཁང་གི་ངོས་ནས་རྗེས་སུ་ཡི་རང་དང་མི་མང་གི་མངོན་འདོད་ལ་རྒྱལ་ཁ་ཐོབ་པ་ཞིག་ཏུ་ངོས་འཛིན་ཞུ་ཡི་ཡོད་ཅེས་གསུངས་ཡོད།སྐབས་དེར་ཕྱི་ནང་གི་གསར་འགོད་པས་ཉེ་ཆར་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཁྲོད་དུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་ནས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གཞི་འདོན་མི་ཆོག་པ་བཟོས་པ་དང་འབྲེལ་བཀའ་འདྲི་ཞུས་པར་ཚེ་རིང་མཚོ་མོ་ལགས་ཀྱིས་སྤྱིར་གནད་དོན་དེའི་ཐོག་གཟིགས་སྟངས་མི་འདྲ་བ་ཡོད་ཀྱང་། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཐོག་ནས་བལྟ་ཚེ་གཞུང་འབྲེལ་མིན་པའི་ཚོགས་པ་འོས་བསྡུའི་ལས་རིམ་ནང་ཞུགས་མི་ཆོག་པ་བཟོས་པ་དེ་མང་གཙོའི་ལྟ་གྲུབ་དང་ཡོངས་སུ་འགལ་བ་ཞིག་རེད་ཅེས་གསུངས་ཡོད།

སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཁག་ཅིག་ནས་རྒྱ་གར་གྱི་གནད་ཡོད་མི་སྣར་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བཞིན་པ།

སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་ཁག་ཅིག་རྒྱ་གར་རྒྱལ་ཡོངས་ཀྱི་ས་གནས་ཁག་ཅིག་ཏུ་ཆེད་ཕེབས་ཀྱིས་མངའ་སྡེ་སོ་སོའི་བློན་ཆེན་དང་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་རེད། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་དང་ཡེ་ཤེས་སྒྲོལ་མ་ལགས། དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས། དཀོན་མཆོག་ཡར་འཕེལ་ལགས་བཅས་ནས་རྒྱ་གར་མངའ་སྡེ་མ་ཧཱ་རྴཊ་དང། རཱ་ཇིས་ཐན། གུཇ་རཱཊ། དེ་བཞིན་གྷོ་ཝ་སོགས་ནང་བོད་དོན་ཞུ་སྐུལ་གནང་བཞིན་པ་དང། དེ་བཞིན་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས། བསམ་གཏན་ཆོས་སྒྲོན་ལགས། བཀྲ་ཤིས་དོན་གྲུབ་ལགས་བཅས་ནས་ལྡེ་ར་ལྡུན་དང། ཅན་དཱི་གྷར། ཇཱ་མུ། སིམ་ལ་བཅས་སུ་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་རེད། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས་སྣེ་འཁྲིད་པའི་སྤྱི་འཐུས་ཚོགས་ཆུང་ནས་ Maharashtra མངའ་སྡེ་ནང་ཚེས་ ༣༠ ནས་འགོ་འཛུགས་ཀྱིས་ཁ་སང་བར་མངའ་སྡེ་བློན་ཆེན་དང། སྤྱི་ཚོགས་བདེ་འཇགས་བློན་ཆེན། གྲོས་ཚོགས་འཐུས་མི་དང་ས་གནས་འཐུས་མི་བཅས་ཁྱོན་གནད་ཡོད་མི་སྣ་ ༡༥ ལྷག་དང་མཇལ་འཕྲད་བྱུང་བ་དང་འབྲེལ་ཏེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང། བོད་ཀྱི་ཁོར་ཡུག་གི་གནས་བབ། དེ་བཞིན་རྒྱ་གཞུང་གིས་བོད་ནང་ཆོས་ལུགས་ལ་དམ་དྲག་བྱས་པའི་གནད་དོན་སོགས་དྲིལ་བསྒྲགས་གནང་བ་མ་ཟད། ཁོང་རྣམས་ནས་གོ་སྐབས་ནམ་བྱུང་ལ་བོད་དོན་གྱི་གནད་དོན་སྐོར་གླེང་དགོས་པ་སོགས་ཞུ་སྐུལ་གནང་འདུག ཁོང་གིས་ Mumbai ནང་གནས་བཞུགས་རྒྱ་གར་བ་ནས་བོད་དོན་གྱི་གནད་དོན་ཐོག་མཁྱེན་རྟོགས་ཞན་པོ་ཡོད་སྐོར་དང། དེ་བཞིན་ཁོང་རྣམས་ནས་བོད་དོན་ཁྱབ་བསྒྲགས་སླད་མུམ་བྷེ་གནས་བཞུགས་མི་མང་བསྐོང་ཚོགས་ཀྱིས་བོད་ཀྱི་གནད་དོན་དེ་གལ་གནད་ཇི་ཆགས་སྐོར་དང་འབྲེལ་ནས་གཏམ་བཤད་གནང་འདུག སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་སྣེ་འཁྲིད་པའི་སྤྱི་འཐུས་ཀྱི་སྐུ་ཚབ་ཚོགས་ཁག་གཞན་དེས་ཁ་ཉིན་ཚེས་ ༢ ཉིན་ལྡེ་རུ་ལྡུན་ཁུལ་དུ་བོད་དོན་ཞུ་སྐུལ་གྱི་ལས་འགུལ་བརྩམས་ཡོད་པ་དང་། སྤྱི་འཐུས་རྣམས་ནས་ཁུལ་དེའི་ནང་མངའ་སྡེ་བློན་ཆེན་ཟུར་པ་དང་མངའ་སྡེ་ཀོངྒ་རེ་སིའི་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན། གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ་ཁག་ཅིག་མཇལ་འཕྲད་གནང་སྟེ་རྒྱ་གར་གྱི་གནད་ཡོད་མི་སྣ་ཚོར་བོད་མི་རང་ལུས་མེར་བསྲེགས་གནང་མཁན་གྱི་ལོ་རྒྱུས་དང། བོད་དང་རྒྱ་གར་གཉིས་ཀྱི་འབྲེལ་བ། དེ་བཞིན་རྒྱ་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་སོགས་ཀྱི་སྐོར་ཡིག་ཆ་’གྲེམས་སྤེལ་གནང་འདུག སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་ད་རེས་ཀྱི་ཞུ་སྐུལ་འདིའི་བརྒྱུད་རྒྱ་གར་གྱི་གནད་ཡོད་མི་སྣ་རྣམས་ལ་དུས་ནམ་ཞིག་ལ་རྒྱ་ནག་དང་གླེང་སློང་བྱུང་ཚེ་བོད་དོན་གྱི་གནད་དོན་སྐོར་གླེང་སློང་གནང་རྒྱུ་དང། རྒྱ་ནག་གིས་བོད་ནང་སྐད་ཡིག་དང་རིག་གཞུང་རྩ་གཏོར་གཏང་རྒྱུའི་ལས་གཞི་རབས་དང་རིམ་པ་སྤེལ་བཞིན་པ་ཡོད་སྟབས་བོད་མིར་ཕྱག་རོགས་གནང་སྐྱོང་ཡོང་བའི་འབོད་སྐུལ་གྱི་དོན་ཚན་ལྔ་ཕུལ་ཡོད་པ་གསུངས་ཡོད། རྩ་བའི་སྤྱི་འཐུས་ཀྱི་སྐུ་ཚབ་ཚོགས་ཁག་དེས་རྒྱ་གར་རྒྱལ་ཡོངས་ནང་བོད་དོན་ཞུ་སྐུལ་གྱི་ལས་འགུལ་དེ་ཟླ་བ་འདི་ནང་མཇུག་སྒྲིལ་གྱི་ཡོད་པ་དང། ད་རེས་ཀྱི་ཞུ་སྐུལ་ལས་འགུལ་དེ་དང་ལྷན་སྤྱི་འཐུས་སྐུ་ཚབ་ཀྱི་ཚོགས་མི་རྣམས་ནས་ཐུགས་རྗེ་ཆེ་ཞུའི་ལས་འགུལ་དང་འབྲེལ་ཏེ་གནད་ཡོད་མི་སྣ་ཚོར་བོད་མི་རྣམས་རང་ཡུལ་ནས་གྱར་ཐོག་བཙན་བྱོལ་དུ་མི་ལོ་ ༦༠ འཁོར་ལ་ཉེ་བ་དང་བསྟུན་རྒྱ་གར་གཞུང་མང་གཉིས་ལ་ད་བར་བོད་མིར་རྒྱབ་སྐྱོར་གཡོ་བ་མེད་པ་གནང་བར་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྤེལ་གྱི་འདུག

སྒང་ཏོག་ཏུ་སང་ཉིན་ནས་འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའི་བགྲོ་གླེང་ཐེངས་བདུན་པ་འཚོགས་རྒྱུ།

རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ཏུ་སང་ཉིན་ནས་འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའི་བགྲོ་གླེང་ཐེངས་བདུན་པ་བསྐོང་འཚོགས་གནང་རྒྱུ་རེད་འདུག འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའམ་ Cosmologyand Consciousness བགྲོ་གླེང་གི་རིམ་པ་དེ་ནི་༸གོང་ས་༸སྐྱབས་མགོན་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་འོག་ཕྱི་ལོ་ ༢༠༠༠ ལོ་ནས་ད་བར་བོད་ཀྱི་དཔེ་མཛོད་ཁང་ནས་དགེ་འདུན་པ་ཚོར་ཚན་རིག་སློབ་ཁྲིད་གནང་བའི་ལས་གཞི་མང་དག་ཞིག་ཡོད་པའི་ཆ་ཤས་ཤིག་ཆགས་ཀྱི་ཡོད་པ་དང་། ཐེངས་འདིའི་བགྲོ་གླེང་གི་བརྗོད་གཞི་ནི་ Observation and Reality ཞེས་ལྟ་ཞིབ་དང་གནས་ཚུལ་ཞེས་རེད་འདུག བོད་ཀྱི་དཔེ་མཛོད་ཁང་ནས་བགྲོ་གླེང་འདི་སྒང་ཏོག་ཏུ་ཡོད་པའི་རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་དང་ཟུང་འབྲེལ་ཐོག་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། སང་ཉིན་ནས་དབུ་འཛུགས་ཀྱིས་ཉིན་གྲངས་གསུམ་རིང་འཚོགས་རྒྱུའི་བགྲོ་གླེང་དེའི་ཐོག་རྒྱལ་སྤྱིའི་ས་གནས་འདྲ་མིན་ནས་ཕེབས་པའི་ཚན་རིག་པ་དང་ནང་པའི་དགེ་འདུན་པ་ ༣༠ ཙམ་གྱི་དབར་རིག་གཞུང་བརྗེ་རེས་ཀྱི་གྲོས་མོལ་གནང་རྒྱུ་མ་ཟད། Quantum Physics འམ་ཚད་རྡུལ་དངོས་ཁམས་རིག་པའི་ཡ་མཚན་གནས་ཚུལ་དེ་དག་ནང་པའི་ལྟ་གྲུབ་དང་འབྲེལ་བ་དང་འགལ་ཕྱོགས་ཇི་ཡོད་ལ་དཔྱད་གླེངདང་དྲི་བ་དྲིས་ལན་སོགས་གནང་རྒྱུ་རེད་འདུག བོད་ཀྱི་དཔེ་མཛོད་ཁང་ནས་ཐེངས་འདིའི་བགྲོ་གླེང་ཐོག་བཅར་བའི་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་སུམ་ཅུ་སྐོར་ཞིག་བགྲོ་གླེང་དེའི་སྔོན་འགྲོའི་ཚུལ་དུ་བདུན་ཕྲག་བཞིའི་རིང་ཚན་རིག་ངོ་སྤྲོད་ཀྱི་ཟབ་སྦྱོང་ཞིག་ཐོག་མཉམ་ཞུགས་ཀྱིས་དེང་དུས་ཚན་རིག་ཆེད་གཉེར་བྱ་རྒྱུའི་གོ་སྐབས་ཕུལ་ཡོད་པ་རེད། རྩ་བའི་འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའི་བགྲོ་གླེང་ཐེངས་བདུན་པ་ལྟ་ཞིབ་དང་གནས་ཚུལ་ཞེས་པ་དེ་ནི་ནང་པའི་མཁས་དབང་ཁག་དང་ཚན་རིག་པའི་དབར་སེམས་དོན་གྱི་རིན་ཐང་དང་ཚན་རིག་གི་དཔྱད་ཞིབ་མཉམ་འབྲེལ་ཁྱབ་སྤེལ་སླད་དམིགས་པའི་བགྲོ་གླེང་རིམ་ཞིག་གོ་སྒྲིག་གནང་བཞིན་པའི་ནང་ཚན་ཞིག་ཆགས་ཀྱི་ཡོད་པ་དང་། བོད་ཀྱི་དཔེ་མཛོད་ཁང་ནས་ཕྱི་ལོ་ ༢༠༡༡ ནས་དབུ་འཛུགས་ཀྱིས་ད་བར་སེམས་དང་བེམ་རྫས། ཤེས་རྟོགས་དང་ལག་ལེན། དེ་བཞིན་མཐུན་འགྲིག་དང་བདེ་སྐྱིད། གཞན་ཡང་སེམས་ཚོར་སྟངས་འཛིན་དང་བཅོས་སྒྱུར་ཞེས་པའི་བརྗོད་ཁག་གི་ཐོག་བགྲོ་གླེང་སྔ་རྗེས་ཐེངས་དྲུག་གོ་སྒྲིག་ཞུས་ཡོད་པ་རེད།

གཙང་བཟོའི་ལས་གཞི་བརྒྱུད་བདག་ཉིད་ཆེན་པོ་གྷན་དྷཱི་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་པ།

དེ་རིང་ཕྱི་ཟླ་ ༡༠ ཚེས་ ༢ ཉིན་མོ་འདི་རྒྱ་གར་གྱི་མེས་པོ་དམ་པ་བདག་ཉིད་ཆེན་པོ་གྷན་དྷི་མཆོག་གི་ འཁྲུངས་སྐར་དང་སྟབས་བསྟུན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་གཉིས་ཀྱིས་རྐང་འགན་བཞེས་ཐོག་སྔ་དྲོ་ཚོུད་ ༩ པ་ནས་བཞུགས་སྒར་དྷ་སའི་ཉེ་འཁོར་ས་གནས་དང་གཞུང་ལམ་ཁག་གཙང་བཟོ་གནང་རྒྱུའི་ལས་གཞི་གཞི་རྒྱ་ཆེ་བ་ཞིག་སྤེལ་སོང་། ལས་གཞི་དེ་དབུ་འཛུགས་ཀྱི་མཛད་སྒོའི་ཐོག་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་། རྡ་རམ་ས་ལའི་གྲོང་སྡེའི་སྤྱི་ཁྱབ་གཞོན་པ་ P. Chaudhary ལགས། རྡ་ས་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Ajay Singh Mankotya ལགས། དེ་བཞིན་བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་མི་དང་། ས་གནས་མི་མང་བཅས་ཕེབས་འདུགསྐབས་དེར་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༡༨ ལོ་འདི་བཞིན་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་བཞིན་ཡོད་སྟབས། དེ་རིང་མེས་པོ་དམ་པ་བདག་ཉིད་ཆེན་པོ་གྷན་དྷཱི་མཆོག་གི་འཁྲུངས་སྐར་སྲུང་བརྩི་དང་སྦྲགས། རྒྱ་གར་དབུས་གཞུང་གི་གཙང་བཟོའི་ལས་འགུལ་ Swatch Bharat Abhiyaan ཞེས་པར་རྒྱབ་སྐྱོར་དང་། ལྷག་པར་དུ་རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་མཚོན་ཕྱིར་ཁོར་ཡུག་གཙང་བཟོའི་ལས་འགུལ་འདི་གོ་སྒྲིག་ཞུས་པ་ཞིག་ཡིན་སྐོར་གསུངས་ཡོད།  གཞི་རྩའི་གཙང་བཟོའི་ལས་གཞི་འདིའི་ནང་བོད་མིའི་སྒྲིག་གཞུགས་ཀྱི་སྲི་ཞུ་ལས་བྱེད་དང་། བཞུགས་སྒར་ཁུལ་གྱི་ས་གནས་མི་མང་བཅས་ནས་མཉམ་ཞུགས་ཐོག་གངས་ཅན་སྐྱིད་གཤོངས་དང་། མེག་གྷན་ཁྲོམ་གཞུང་། རྡ་སྟེང་བོད་ཁྱིམ། བོད་ཀྱི་ཟློས་གར་ཚོགས་པ། རྡ་ཤོད་བོད་ཁྱིམ། ནོར་གླིང་སོགས་ཉེ་འཁོར་གྱི་ས་གནས་དང་གཞུང་ལམ་བཅས་གཙང་བཟོ་གནང་ཡོད་པ་དང་། བཀའ་བློན་མཆོག་གིས་མཉམ་ཞུགས་པ་ཡོངས་ལ་བསྔགས་བརྗོད་དང་འབྲེལ་ལས་གཞི་འདི་མིག་དཔེ་འོས་པ་ཞིག་གནང་གལ་ཐད་ཚང་མས་ཧུར་ཐག་གནང་རོགས་ཞེས་འབོད་སྐུལ་གནང་ཡོད།གཞན་ཡང་དེ་རིང་སྔ་དྲོ་ཚོུད་ ༩ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་ཕྱག་སྦྲེལ་བཀའ་བློན་རྣམ་པ་དང་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ་བཅས་བཀའ་ཤག་ཏུ་ལྷན་འཛོམས་ཐོག་ཆེས་ཐོག་མར་རྒྱ་གར་གྱི་རྒྱལ་གླུ་དབྱངས་སུ་གྱེར་པ་དང་དུས་མཚུངས་སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་ཡོད་པ་རེད། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་གྱི་མེས་པོ་དམ་པ་བདག་ཉིད་ཆེན་པོ་གྷན་དྷཱི་མཆོག་གི་སྐུའི་འཁྲུངས་སྐར་ཐེངས་ ༡༤༩ པ་དང་རྒྱལ་སྤྱིའི་འཚེ་མེད་ཞི་བའི་ཉིན་མོ་ཞིག་ཡིན་སྟབས། ང་ཚོ་བོད་མིར་མཚོན་ན་བོད་ཀྱི་བདེན་པའི་འཐབ་རྩོད་དེ་འཚེ་མེད་ཞི་བའི་ཐོག་ནས་མུ་མཐུད་རྒྱུན་སྐྱོང་གནང་བཞིན་ཡོད་དང་འཛམ་གླིང་ཁྱོན་ཡོངས་ལ་ཞི་བདེ་ཁྱབ་པར་ཡིད་སྨོན་ཡོད་ཅེས་གསུངས་ཡོད།སྲིད་སྐྱོང་མཆོག་གིས་དེ་རིང་ཟླ་ ༡༠ ཚེས་ ༢ དེ་བཞིན་རྒྱ་གར་གཞུང་གིས་གཙང་བཟོའི་ལས་འགུལ་ Swatch Bharat Abhiyaan ཞེས་སྤེལ་བཞིན་ཡོད་པར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་ཡོངས་ཀྱིས་གངས་སྐྱིད་ཀྱི་ས་ཁུལ་དང་། ཇོ་གི་ཝ་ར། རྡ་སྟེང་བོད་ཁྱིམ་སོགས་སུ་གཙང་བཟོའི་ལས་གཞི་སྤེལ་ཟིན་པ་ལྟར་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་ཡོད་པའི་བོད་མི་ཚོས་ཀྱང་། གཞིས་ཆགས་ཀྱི་ཁོར་ཡུག་དང་། ཉེ་འགྲམ་རྒྱ་གར་གྱི་གྲོང་ཁྱེར་དང་གྲོང་གསེབ་བཅས་སུ་གཙང་བཟོའི་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་ཡོད། རྒྱ་གར་ལྷོ་ཕྱོགས་ཁུལ་དུ་བོད་མི་ཚོས་དེ་འབྲེལ་གཙང་བཟོའི་ལས་འགུལ་སྤེལ་ཡོད་པའི་སྐོར་འདི་གའི་གསར་འགོད་པས་བཏང་གནས།

Latest news