Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ།

སྐྱོ་དབྱངས་མངར་མོ་ཊོ་རན་ཊོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་གཟིགས་འབུལ་ཞུས་པ།

ཁེ་ན་ཌའི་གྲོང་ཁྱེར་ཊོ་རན་ཊོ་ནང་འཚོགས་བཞིན་པའི་ TIFF ཞེས་ཊོ་རན་ཊོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་ཟླ་ ༩ ཚེས་ ༩ ཉིན་བྲོས་བྱོལ་གྱི་མི་ཚེ་མཚོན་པའི་སྐྱོ་དབྱངས་མངར་མོ་བོད་ཀྱི་གློག་བརྙན་ཆེས་ཐོག་མ་གཟིགས་འབུལ་ཞུས་འདུག The Sweet Requiem འམ་སྐྱོ་དབྱངས་མངར་མོ་ཟེར་བའི་གློག་བརྙན་དེ་བསྟན་འཛིན་བསོད་ནམས་རི་ཏུ་ལགས་དང་ཁོང་གི་སྐུ་ཟླ་ Ritu Sarin ལགས་རྣམ་གཉིས་ཀྱིས་བཟོ་སྐྲུན་གནང་བ་ཞིག་ཡིན་པ་དང་། གློག་བརྙན་དེ་ནི་བོད་སྐད་ཐོག་གི་གློག་བརྙན་ཞིག་ཡིན་པ་མ་ཟད་འཁྲབ་སའི་ཡུལ་དངོས་ཀྱང་བོད་པ་རང་གི་སྤྱི་ཚོགས་ཏེ་འཁྲབ་གཞུང་མང་ཆེ་བ་བོད་མིའི་གནས་ཡུལ་ལྡི་ལི་གཙོ་བོར་བཟུང་ནས་བཟོ་སྐྲུན་གནང་བ་ཞིག་ཡིན་པ་རེད། བསྟན་འཛིན་བསོད་ནམ་ལགས་ཀྱིས་ཕྱི་ཚེས་ ༩ ཉིན་གློག་བརྙན་དེ་གཟིགས་འབུལ་ཞུ་སྐབས་གློག་བརྙན་དེ་ནི་རང་ཁྱིམ་མེད་པའི་བཙན་བྱོལ་བ་ཞིག་གི་གཏམ་རྒྱུད་དང་། འཛམ་གླིང་ས་ཕྱོགས་གང་སར་འཐོར་ནས་གནས་པའི་བཙན་བྱོལ་བོད་མི་དག་གི་སྙིང་སྟོབས་མཚོན་པར་བྱས་པའི་གློག་བརྙན་ཞིག་ཡིན་སྐོར་ངོ་སྤྲོད་གནང་འདུགརྩ་བའི་གློག་བརྙན་དེའི་ནང་དོན་གཙོ་བོ་རང་ལོ་ ༢༦ ཡིན་ཞིང་རྒྱལ་ས་ལྡི་ལིར་འཚོ་སྡོད་བྱས་པའི་བུ་མོ་སྒྲོལ་དཀར་ལགས་ཆུང་དུས་ནས་ཕ་རྒན་དང་མཉམ་དུ་དཀའ་སྡུག་དུ་མའི་ངང་བོད་ནས་བྲོས་བྱོལ་ལ་ཡོང་བའི་གཏམ་རྒྱུད་དང་། དེ་བཞིན་རང་གི་དྲིན་ཆེན་ཨ་མ་དང་གཅུང་མོ་གཉིས་ཤུལ་དུ་ལྷག་པའི་དྲན་གདུང་།  བྲོལ་བྱོལ་གྱི་མི་ཚེའི་ནང་སྐྱབས་བཅོལ་གྱི་འཚོ་བ་གསར་པ་ཞིག་ལ་གདོང་གཏད་ནས་འཚར་ལོངས་བྱུང་བ་སོགས་ཀྱི་མི་སྒེར་གྱི་འཚོ་བའི་ཟུར་ངོས་དང་། དེ་བཞིན་དེ་དང་ཐག་ཉེ་བའི་བྲོས་བྱོལ་གྱི་མི་རིགས་ཤིག་གི་ཡུལ་ལྗོངས་ཀྱི་སྣང་བརྙན་དང་དེ་འབྲེལ་བསམ་གཞིགས་སོགས་མཚོན་པ་གནང་བའི་མི་རབས་ཤིག་གི་གཏམ་རྒྱུད་དྲན་ངོས་སུ་འདྲེན་ཐུབ་པའི་གློག་བརྙན་ཞིག་ཡིན་པ་རེད།བསྟན་འཛིན་བསོད་ནམས་རི་ཏུ་ལགས་དང་རི་ཏུ་ས་རཱིན་ལགས་ནས་དེ་སྔ་ཕྱི་ལོ་ ༢༠༠༥ ལོར་ཊོ་རན་ཊོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་ལྷ་སའི་རྨི་ལམ་ཞེས་པའི་གློག་བརྙན་ཞིག་ཀྱང་བཟོ་སྐྲུན་གྱིས་གཟིགས་འབུལ་ཞུ་མྱོང་ཡོད་པ་དང་། ཐེངས་འདིའི་གློག་བརྙན་དུས་སྟོན་ཐོག་ཁོང་རྣམ་པ་གཉིས་དང་ལྷན་གློག་བརྙན་འཁྲབ་སྟོན་པ་བསྟན་འཛིན་སྒྲོལ་དཀར་ལགས་དང་ཤ་བོ་རྡོ་རྗེ་ལགས། རབ་དབྱངས་དོན་ལྡན་ལགས། དེ་བཞིན་འཁྲབ་ཁྲིད་པའི་ཕྱག་རོགས་བསོད་ནམས་ཚེ་བརྟན་ལགས་སོགས་ཀྱང་ཆེད་བཅར་ཞུས་འདུག ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་ ༩ ཚེས་ ༦ ནས་ ༡༦ བར་འཚོགས་བཞིན་པའི་ཊོ་རན་ཊོ་རྒྱལ་སྤྱིའི་གློག་བརྙན་ཐོག་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་སྐུ་ཞབས་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་གསར་པ་ལག་དམར་གཟིགས་འབུལ་ཞུ་གནང་གི་ཡོད་པ་མ་ཟད་དུས་སྟོན་ཐོག་པདྨ་ཚེ་བརྟན་ལགས་དངོས་སུ་ཕེབས་ཡོད་རེད་འདུག

འཛམ་གླིང་དབུ་ཁྲིད་རྣམས་ནས་དབུ་མའི་ལམ་གྱི་ཐབས་བྱུས་ཐོག་གྲོས་མོལ་སླར་གསོ་ཡོང་བར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས།

བཞུགས་སྒར་དུ་བཙན་བྱོལ་ནང་བོད་ཀྱི་བུད་མེད་ལྷན་ཚོགས་སླར་གསོ་གནང་སྟེ་ལོ་ངོ་ ༣༤ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་དང་བསྟུན། འཛམ་གླིང་དབུ་ཁྲིད་རྣམས་ལ་དབུ་མའི་ལམ་གྱི་ཐབས་བྱུས་ཐོག་གྲོས་མོལ་སླར་གསོ་ཡོང་བར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་ཞུ་སྐུལ་གནང་སོང་། དེ་རིང་ཟླ་ ༩ ཚེས་ ༡༠ ཉིན་སྔ་དྲོ་ཚོུད་ ༩༌༣༠ ཐོག་དྷ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་ club house ཚོགས་ཁང་དུ་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་གཏན་འཕེལ་མཆོག་དང་། དམིགས་གསལ་སྐུ་མགྲོན་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག བུད་མེད་ཀྱི་སྤྱི་འཐུས་དང་ལས་ཟུར་རྣམ་པ། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ། མི་མང་བཅས་ཁྱོན་མི་གྲངས་བརྒྱ་སྐོར་ཞིག་ལྷན་འཛོམས་ཐོག་བཙན་བྱོལ་དུ་བོད་ཀྱི་བུད་མེད་ལྷན་ཚོགས་སླར་གསོ་གནང་སྟེ་ལོ་ངོ་ ༣༤ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་སོང་། སྐབས་དེར་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་འཛམ་གླིང་དབུ་ཁྲིད་རྣམས་ལ་དབུས་བོད་མིའི་སྒྲིག་འཛུགས་དང་ལྷན་དུ་༸གོང་ས་༸སྐྱབས་མགོན་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ལམ་སྟོན་གནང་བའི་དབུ་མའི་ལམ་གྱི་ཐབས་བྱུས་ཐོག་གྲོས་མོལ་སླར་གསོ་ཡོང་བར་རྒྱ་གཞུང་གི་དབུ་ཁྲིད་ཚོར་གནོན་ཤུགས་སྤྲོད་དགོས་པ་དང་། རྒྱལ་ཚོགས་ཀྱི་གང་སོང་ཆ་མེད་དུ་གྱུར་བའི་ཚོགས་ཆུང་ལ་རྒྱ་ནག་གཞུང་གིས་ལོ་ངོ་ ༢༣ ལྷག་གི་རིང་བཙན་ཁྲིད་བཀག་ཉར་བྱས་པའི་༸པཎ་ཆེན་༸སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་ཡོང་བར་གནོན་ཤུགས་སྤྲོད་དགོས་ཞེས་འབོད་སྐུལ་ཞུས་སོང་།སྐུ་མགྲོན་གཙོ་བོ་བོད་མི་མངསྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་གཏན་འཕེལ་མཆོག་གིས་བོད་མི་རིགས་ཀྱི་ལོ་རྒྱུས་ཁྲོད་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་དེ་ཆེས་ཐོག་མའི་དམིགས་ཡུལ་གཞིར་བཟུང་ཤར་བསྐྱོད་གནང་བ་དང་། བོད་ཀྱི་ཆབ་སྲིད་དང་། སྤྱི་ཚོགས་ཀྱི་བདེ་དོན། བུད་མེད་ཀྱི་ཤེས་ཡོན་དང་འཕྲོད་བསྟེན་བཅས་ལ་སྟོང་ཆ་མ་ལྷག་པར་ད་བར་འབད་བརྩོན་ཧུར་ཐག་གནང་བར་བསྔགས་བརྗོད་དང་འབྲེལ་ཏེ་༸གོང་ས་མཆོག་གི་བཀའ་དགོངས་ལྟར་འདབ་ཤོག་གཉིས་ལྡན་གྱི་སློབ་གཉེར་གནང་གལ་ཡིན་པར་ལམ་སྟོན་གནང་སོང་།དམིགས་བསལ་སྐུ་མགྲོན་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་བོད་ཀྱི་བུད་མེད་ལྷན་ཚོགས་དེ་ གལ་གནད་ཆེ་བའི་ཚོགས་པ་ཞིག་ལ་ངོས་འཛིན་གྱིས་གོང་ནས་གོང་དུ་འཕེལ་རྒྱ་འགྲོ་ཐབས་སུ་ཕྱག་ལས་གནང་དགོས་པ་དང་། བོད་ཀྱི་བུད་མེད་གཅིག་ཡིན་པའི་ཆ་ནས་བོད་ཀྱི་རྩ་དོན་དང་འབྲེལ་བའི་ཐོག་ཕྱག་ལས་གང་ཞིག་གནང་ཐུབ་ཀྱི་ཡོད་མེད། ལྷག་པར་དུ་རང་གི་ཁྱིམ་ཚང་ནས་འགོ་བརྩམས་ཏེ་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་གནང་དགོས་སྐོར་གསུངས་ཡོད། རྩ་བའི་བོད་ཀྱི་བུད་མེད་ལྷན་ཚོགས་དེ་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་ནང་རང་དབང་སྒེར་ལངས་བྱུང་རྗེས་ཚེས་ ༡༢ ཉིན་ཆོས་གསུམ་བེུད་སྟོང་ཕྲག་མང་པོས་༸ཕོ་བྲང་པོ་ཏ་ལའི་མདུན་དུ་རྒྱ་གཞུང་ལ་ཞི་བའི་རྔམ་སྟོན་གནང་བ་དང་སྦྲགས། བོད་ཀྱི་བེུད་ལྷན་ཚོགས་ཐོག་མར་བཙུགས་གནང་བ་ཞིག་ཡིན་པ་དང་། ཕྱིས་སུ་ཕྱི་ལོ་ ༡༩༨༤ ཟླ་ ༩ ཚེས་ ༡༠ ཉིན་ས་གནས་ཡན་ལག་ ༡༢ ཡོད་པའི་ཐོག་ནས་བཙན་བྱོལ་དུ་བོད་ཀྱི་བེུད་ལྷན་ཚོགས་ཀྱི་སྒྲིག་འཛུགས་དེ་སླར་གསོ་གནང་སྟེ་ད་བར་ལོ་ངོ་ ༣༤ ཧྲིལ་པོ་འཁོར་གྱི་ཡོད་པ་དང་། ད་ཆ་རྒྱ་གར་གཙོ་གྱུར་ས་གནས་ཁག་མི་འདྲ་བ་ ༥༨ ནང་ཡན་ལག་དང་ཚོགས་མི་ ༡༧༠༠༠ ལྷག་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་གྲས་ཤིག་ཡིན་པ་རེད། དེ་རིང་བཞུགས་སྒར་དྷ་ས་གཙོ་གྱུར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཡག་ལག་སྒྲིག་འཛུགས་ཁག་ནས་ཀྱང་ལས་འགུལ་རྣམ་པ་འདྲ་མིན་ཐོག་ནས་ཉིན་མོ་དེ་སྲུང་བརྩིས་གནང་ཡོད་པ་རེད།

༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པ་མཆོག་གི་ཁྲི་འདོན་མཛད་སྒོ་ཚོགས་པ།

༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་ཁྲི་རབས་ ༣༣ པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་ཐིམ་ནས་ལོ་གཅིག་འཁོར་བའི་དུས་ཚིགས་དང་བསྟུན། ཁ་སང་ནས་དབུ་འཛུགས་ཀྱིས་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་སིར་མོར་རྫོང་དུ་ཆགས་པའི་བོན་གྱི་གདན་ས་ཆེན་པོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་གི་ཁྲི་འདོན་མཛད་སྒོ་འཚོགས་འདུག ཁྲི་འདོན་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག གཞན་ཡང་རིས་མེད་ཆོས་བརྒྱུད་ཁག་གི་དབུ་བླ་དང་སྐུ་ཚབ་དང་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ། དེ་བཞིན་རྒྱལ་སྤྱིའི་གང་སར་ནས་ཕེབས་པའི་གནད་ཡོད་སྐུ་མགྲོན་དང་དད་ལྡན་མང་ཚོགས་བཅས་ཆེད་ཕེབས་གནང་འདུག རྩ་བའི་༸རྒྱལ་བ་སྨན་རིའི་ཁྲི་རབས་ ༣༣ པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་སྔར་ལོའི་ཕྱི་ཟླ་ ༩ ཚེས་ ༡༤ ཉིན་དགུང་གྲངས་ ༨༩ ཐོག་དགོངས་པ་བོན་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ་བྱུང་པའི་རྗེས། སྔར་ལོའི་ཕྱི་ཟླ་ ༡༢ ནང་འཛམ་གླིང་བོན་འབངས་ཡོངས་ཀྱི་དབུ་ཁྲིད་༸རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་བསྐོ་གཞག་དང་འབྲེལ་བའི་ཆོས་ཕྱོགས་ཀྱི་སྔོན་འགྲོའི་ཟན་སྒྲིལ་གནང་སྒོ་ཁག་དབུ་འཛུགས་གནང་སྟེ། འདི་ལོའི་ཕྱི་ཟླ་ ༢ པའི་ཚེས་ ༢༠ ཉིན་༸རྒྱལ་བ་མཉམ་མེད་ཆེན་པོའི་འཁྲུངས་མཆོད་དུས་ཚེས་དང་བསྟུན་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་དྲང་སྲོང་ཟླ་བ་དར་རྒྱས་མཆོག་༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པར་འདེམས་ཐོན་གྱིས་གསེར་ཁྲི་མངའ་གསོལ་གཟབ་རྒྱས་གནང་ཡོད་པ་རེད། ཁ་སང་ཁྲི་འདོན་མཛད་སྒོའི་ཉིན་དང་པོའི་སྔ་ཐོག་ས་གནས་ལྷ་རྒྱལ་རིའི་རྩེར་དད་ལྡན་མང་ཚོགས་རྣམས་འདུ་འཛོམས་ཀྱིས་གཡུང་དྲུན་བོན་གྱི་ཐུན་མོང་མ་ཡིན་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་དང་འབྲེལ་བའི་བསང་གསོལ་དང་རླུང་རྟ་དར་བཙུགས་སོགས་གནང་ཡོད་པ་དང་།  ཆུ་ཚོད་ ༨༌༣༠ ཐོག་དཔལ་གཤེན་བསྟན་སྨན་རིའི་གླིང་གི་འདུ་ཁང་དུ་སྐུ་མགྲོན་རྣམ་པ་གཙོ་གྱུར་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཚངས་འཛོམས་སར་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་བཞུགས་ཁྲིའི་ཐོག་བཞུགས་སུ་གསོལ་ཏེ་མཎྡྲལ་རྟེན་གསུམ་འདེགས་འབུལ་དང་སྦྲགས་ཁྲི་འདོན་མཛད་འདུག དེ་བཞིན་དེ་རིང་ཁྲི་འདོན་མཛད་སྒོ་ཉིན་གཉིས་པའི་ཐོག་༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་གིས་ཐེངས་འདིའི་ཁྲོ་འདོན་གྱི་མཛད་སྒོར་ཕེབས་པའི་དད་ལྡན་སེར་སྐྱ་འདུ་མང་ཡོངས་ལ་བླང་དོར་གྱི་བཀའ་སློབ་ལམ་བསྟོན་དང་། སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེན་མཆོག་རྣམ་གཉིས་ནས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་མ་ཟད། སྲིད་སྐྱོང་མཆོག་གིས་མོན་ཡུན་ནས་གསར་དུ་རྙེད་པའི་བོན་གྱི་དཔེ་རྙིང་དམ་སྒྲིག་གི་དཔེ་དེབ་དབུ་འབྱེད་སོགས་གནང་ཡོད་པ་རེད། གཞི་རྩའི་དེ་རེས་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པ་མཆོག་གི་ཁྲི་འདོན་མཛད་སྒོ་མ་གནང་པའི་གོང་སྟེ། ཕྱི་ཚེས་ ༣ དང་ ༤ བཅས་སུ་ཁུལ་དེར་༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤པ རིན་པོ་ཆེ་མཆོག་དང་༸རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་དབུས་པའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང་བླ་སྤྲུལ་དགེ་བའི་བཤེས་གཉེན་འདུས་མང་རྣམས་ལྷན་འཛོམས་ཐོག་༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༣ པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་བསྡུས་ནས་མི་ལོ་ཧྲིལ་པོ་གཅིག་འཁོར་བའི་འདས་མཆོད་ཆེན་མོའི་མཛད་སྒོ་དང་སྦྲགས། ཞིང་གཤེགས་དམ་པ་༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༣པ མཆོག་གི་༸སྐུ་གདུང་མཆོད་རྟེན་རྣམ་དག་དཀར་པོ་ལ་མངའ་དབུལ་རབ་གནས་དང་། རིན་པོ་ཆེ་དམ་པའི་མཛད་པ་འཕྲིན་ལས་དང་འབྲེལ་བའི་མཛད་བརྙན་མཐོང་གྲོལ་ཀུན་འདུས་ཞེས་པའི་བརྙན་དེབ་དབུ་འབྱེད་སོགས་གནང་ཡོད་པ་རེད།  

བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༡༧ མཇུག་སྒྲིལ།

ཕྱི་ཟླ་ ༩ ཚེས་ ༡ ནས་ ༣ བར་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༡༧ པ་མཇུག་སྒྲིལ་བ་དང་འབྲེལ་༸གོང་ས་མཆོག་གི་སྐུ་ཕྱྭའི་གནད་དོན་གཙོས་པའི་གྲོས་ཆོད་ཁག་ ༣༦ གཏན་འབེབས་གནང་འདུག ཨ་རིའི་མི་ནི་སོ་ཊ་མངའ་སྡེ་ནང་ Minneapolis ནང་ཚོགས་པའི་ཚོགས་ཆེན་དེ་བྱང་ཨ་རིའི་དོན་ཁང་དང་མི་ནི་སོ་ཊའི་བོད་རིགས་སྤྱི་མཐུན་ཚོགས་པ་གཉིས་ཟུང་འབྲེལ་ཐོག་གོ་སྒྲིག་གནང་བ་ཞིག་ཡིན་ཞིང་། ཚོགས་ཆེན་དེའི་ཐོག་བྱང་ཨ་རིའི་ནང་ཡོད་པའི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ ༢༡ ནས་ཚོགས་བཅར་བ་ ༥༠ ལྷག་མཉམ་ཞུགས་གནང་འདུག་པ་དང་། སྐབས་དེར་༸གོང་ས་མཆོག་གི་སྐུ་ཕྱྭའི་གནད་དོན་གཙོས་པའི་བོད་རིགས་སྤྱི་མཐུན་ཚོགས་པའི་ལས་དོན་གཉེར་ཕྱོགས་ཁྱོན་གྲོས་ཆོད་  ༣༦ གཏན་འབེེབས་གནང་འདུགགྲོས་ཆོད་དེའི་ཁོངས་སུ་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྱང་ཨ་རིའི་ནང་ཆིབས་བསྒྱུར་མཛད་སྐབས་སྤྱི་མཐུན་ཚོགས་པ་ནས་མཉམ་ཞུགས་ཇི་ལྟར་གནང་དགོས་མིན་དང་། དེ་བཞིན་༸གོང་ས་མཆོག་གི་སྐུ་ཕྱྭའི་ཞབས་རིམ་དང་འབྲེལ་བྱང་ཨ་རིའི་མི་རེ་ངོ་རེ་ནས་ཨ་སྒོར་གཅིག་བསྡུ་རུབ་གནང་ཕྱོགས། བྱང་ཨ་རིའི་ཁུལ་དུ་བོད་ཀྱི་སྐད་ཆོས་རིག་གཅེས་སྐྱོང་གནང་ཕྱོགས་སྐོར། དེ་བཞིན་བོད་རིགས་སྤྱི་མཐུན་ཚོགས་པའི་སྒྲིག་གཞི་དང་བོད་དོན་ཞུ་གཏུག་ལས་འགུལ་ནུས་ཤུགས་ལྡན་པའི་སྒོ་ནས་སྤེལ་ཐབས་སྐོར། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཟོ་ཐབས་སོགས་ཀྱི་དོན་གནད་འཁོད་པའི་གྲོས་ཆོད་ཁག་ཅིག་གཏན་འབེབས་གནང་འདུགགཞི་རྩའི་ཚོགས་ཆེན་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གདན་ཞུས་གནང་བ་དང། ཉིན་གསུམ་རིང་གི་ཚོགས་ཆེན་ཐོག་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་གཙོས་པའི་བྱང་ཨ་རིའི་སྤྱི་འཐུས་པདྨ་ཕྱག་མཛོད་ཚང་ལགས་དང་ཚེ་དབང་རིག་འཛིན་ལགས་བཅས་ནས་ཚོགས་ཞུགས་གནང་ཡོད་པ་རེད། ཐེངས་འདིའི་ཚོགས་ཆེན་ཐོག་ནས་བྱང་ཨ་རིའི་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༡༨ པ་དེ་ལྷོ་ཁེལ་ཕོ་ནི་ཡ་ནང་འཚོགས་གཏན་ཁེལ་འདུག

མི་ནི་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༢༥ འཁོར་བ་དང་འབྲེལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚུགས་འདུག

འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡ ཉིན་ཨ་རིའི་མངའ་སྡེ་མི་ནི་སོ་ཊ་ནང་རྟེན་གཞི་བྱས་པའི་བོད་རིགས་སྤྱི་མཐུན་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུས་པ་དང་འབྲེལ། ས་གནས་བོད་མི་ཚོས་མི་ནི་སོ་ཊའི་གཞུང་མང་གཉིས་ལ་བོད་དོན་དང་བོད་མི་སླད་རྒྱབ་སྐྱོར་གཡོ་བ་མེད་པ་གནང་བར་ཐུགས་རྗེ་ཆེ་ཞུས་འདུག Double Tree ཞེས་པའི་མགྲོན་ཁང་ཞིག་ཏུ་མཛད་སྒོ་ཚོགས་གནང་བ་དང་སྐབས་དེར་སྐུ་མགྲོན་གཙོ་བོ་མི་ནི་སོ་ཊའི་གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་ Mike Dayton མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་གཙོས་པའི་མི་ནི་སོ་ཊ་མངའ་སྡེ་དང་དབུས་གྲོས་ཚོགས་གོང་འོག་གི་འཐུས་མི་ཁག་ཅིག  བྱང་ཨ་རིའི་སྐུ་ཚབ་དོན་གཅོད།  ས་གནས་སྤྱི་འཐུས་རྣམ་གཉིས། བྱང་ཨ་རིའི་སྤྱི་མཐུན་ཚོགས་པ་ ༢༢ ཀྱི་སྐུ་ཚབ་རྣམ་པ་དང་མི་མང་བཅས་ཁྱོན་མི་གྲངས་ ༥༠༠ ལྷག་ནས་མཉམ་ཞུགས་གནངའདུག སྐབས་དེར་བོད་རིགས་སྤྱི་མཐུན་ཚོགས་པ་ངོས་ནས་མི་ནི་སོ་ཊའི་གཞུང་མང་གཉིས་ཀྱིས་བོད་དོན་སླད་རྒྱབ་སྐྱོར་གཡོ་བ་མེད་པ་གནང་བར་ཐུགས་རྗེ་ཞུ་ཆེད་གྲོང་ཁྱེར་སྤྱི་ཁྱབ་པ་ Mike མཆོག་དང་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམས་ལ་ཕྱག་རྟགས་ཕུལ་འདུག བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་སྤྱི་མཐུན་ཚོགས་པར་འཚམས་འདྲིའི་ཕྱག་ཡིག་ཞིག་བསྩལ་བའི་ནང་བོད་རིགས་སྤྱི་མཐུན་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༢༥ འཁོར་བར་འཚམས་འདྲི་དང་སྦྲགས། སྤྱི་མཐུན་ཚོགས་པའི་འགོ་ཁྲིད་འོག་ཁུལ་དེའི་བོད་མི་རྣམས་ནས་བོད་ཀྱི་བདེན་དོན་ཐོག་ལས་འགུལ་རབ་དང་རིམ་པ་རྒྱལ་སྤྱིའི་སྡིངས་ཆར་སྤེལ་ཐུབ་པར་བསྔགས་བརྗོད་དང།  མ་འོངས་པར་མུ་མཐུད་ནས་བོད་མི་རིགས་ཀྱི་གཅེས་ནོར་དཔལ་ནཱ་ལེནྜའི་ཆོས་བརྒྱུད་དང།  འཇིག་རྟེན་ཐོག་ངོམས་སུ་ཆོག་པའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་སྲུང་སྐྱོབ་གནང་ཐོག་འཛམ་གླིང་སྤྱི་ལ་ཞབས་འདེགས་བསྒྲུབ་དགོས་པའི་ལམ་སྟོན་བཀའ་སློབ་ཕེབས་ཡོད་པ་རེད། སྐབས་དེར་གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་ Mike Dayton མཆོག་གིས་ཕྱི་ཟླ་ ༩ ཚེས་ ༡ ཉིན་མོ་དེ་བོད་རིགས་སྤྱི་མཐུན་ཚོགས་པའི་ཉིན་མོ་ཞེས་ངོས་འཛིན་གནང་བའི་ངོས་ལེན་གྱི་ཕྱག་ཡིག་ཀྱང་གནང་འདུག སྐུ་མགྲོན་གཙོ་བོ་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ད་ལྟ་སྤྱི་མཐུན་ཚོགས་པ་དེ་ཚགས་ཚུད་ཡོང་བའི་རྒྱུ་རྐྱེན་གཙོ་བོ་དེ་འདས་པའིདུས་སུ་མི་རབས་རྒན་པ་ཚོས་སྐུ་ངལ་འཛེམས་ཀྱིས་ཕྱག་ལས་གནང་བ་ཁག་ལ་བརྟེན་ནས་ཡིན་སྟབས། ཁོང་རྣམས་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་ཏུ་འཚམས་འདྲི་ཡང་གནང་འདུག   བཀའ་བློན་མཆོག་གིས་ད་དུང་ཕྱི་ལོ་ ༢༠༡༨ ལོ་དེ་བཀའ་ཤག་ནས་བཙན་བྱོལ་བོད་མི་རྣམས་ནས་རང་ཉིད་ཀྱི་གནས་ཡུལ་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་དགོས་པའི་ལམ་སྟོན་གནང་བ་ངོ་སྤྲོད་དང་འབྲེལ་མི་ནི་སོ་ཊའི་གཞུང་མང་གཉིས་ནས་བོད་མི་ཚོར་རྒྱབ་སྐྱོར་དང་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་འདུག གཞི་རྩའི་བོད་རིགས་སྤྱི་མཐུན་ཚོགས་པ་དེའི་དམིགས་ཡུལ་གཙོ་བོ་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་གནང་རྒྱུ་དང།  ད་ལྟའི་ཆར་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་བོད་པའི་གཞོན་སྐྱེས་རྣམས་ལ་སྐད་ཡིག་དང་རིག་གཞུང་སློབ་གཉེར་ཆེད་གཟའ་མཇུག་སློབ་གྲྭ་ཚོགས་གནང་གི་ཡོད་པ་ལྟར།  བོད་ཕྲུག་མང་པོ་ཞིག་གིས་དེར་ཚ་ཚ་འུར་འུར་ངང་མཉམ་ཞུགས་གནང་གི་ཡོད་པ་རེད་འདུག རྩ་བའི་མི་ནི་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པ་དེ་ཕྱི་ལོ་ ༡༩༩༢ ལོར་ཨ་རི་ནང་རྒྱ་གར་དང་བལ་ཡུལ་དུ་གནས་པའི་བོད་མི་ཆིག་སྟོང་རྒྱན་ཤོག་བརྒྱུད་གནས་སྤོས་གནང་རྗེས་གསར་འཛུགས་གནང་བ་ཞིག་དང།  དེའི་སྐབས་སུ་མི་ནི་སོ་ཊ་ནང་བོད་རིགས་ ༡༦༠ ལྷག་ཙམ་གཞིས་སྤོས་གནང་བ་དང་དེ་བཞིན་རིམ་བཞིན་བོད་མི་ཇེ་མང་དུ་ཕྱིན་སྟབས་ད་ལྟའི་ཆར་བོད་མི་སུམ་སྟོང་ལྷག་ཡོད་པ་རེད་འདུག

བོད་ཀྱི་རྒྱུན་སྤྱོད་ཐ་སྙད་འགྲན་སྡུར་དང་བགྲོ་གླེང་གི་ཚོགས་འདུ།

བཞུགས་སྒར་ཉེ་འདབས་སུ་རྟེན་གཞི་བྱས་པའི་ཤེས་རབ་དགའ་ཚལ་སློབ་གླིང་དུ་བོད་ཁྱིམ་དང་སཾ་བྷོ་ཊ། ནོར་གླིང་མཐོ་སློབ། ས་རཱ་མཐོ་སློབ། སྨན་རྩིས་ཁང་མཐོ་སློབ། དེ་བཞིན་དགོན་སྡེ་ཁག་ཅིག བཅས་ཁྱོན་སློབ་གཉེར་ཁང་ ༡༦ གི་སློབ་མ་ཚོའི་དབར་སྐབས་གསུམ་པའི་བོད་ཀྱི་རྒྱུན་སྤྱོད་ཐ་སྙད་འགྲན་སྡུར་དང་བགྲོ་གླེང་གི་ཚོགས་འདུ་དབུ་འཛུགས་གནང་སོང་། བོད་ཀྱི་རྒྱུན་སྤྱོད་ཐ་སྙད་འགྲན་སྡུར་དང་བགྲོ་གླེང་དེ་ཐོག་མར་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་ཁག་ཅིག་གིས་དང་བླངས་ཐོག་ཕྱི་ལོ་ ༢༠༡༣ ལོར་དབུ་འཛུགས་གནང་བ་ཞིག་ཡིན་པ་དང་། དེ་རིང་ཟླ་ ༩ ཚེས་ ༣ ཉིན་སློབ་གཉེར་ཁང་དུ་སྐབས་གསུམ་པའི་བོད་ཀྱི་རྒྱུན་སྤྱོད་ཐ་སྙད་འགྲན་སྡུར་དང་བགྲོ་གླེང་ཐོག་མཉམ་ཞུགས་གནང་མཁན་མཐོ་སློབ་དང་བོད་སློབ། དེ་བཞིན་གྲྭ་བཙུན་དགོན་སྡེ་ཁག་གི་སྐུ་ཚབ་ཚོ་སྡེ་ཚན་ཆ་བགོས་ཀྱིས་དེ་དག་ལས་ཨང་རིམ་དང་པོ་སོན་པར་བྱ་དགའ་ཧིན་སྒོར་ ༣༠༠༠༠ དང་ཨང་རིམ་གཉིས་པ་སོན་པར་བྱ་དགའ་ཧིན་སྒོར་ ༢༠༠༠༠ ཐམ་པ་དང་ཨང་རིམ་གསུམ་པ་སོན་པར་བྱ་དགའ་ཧིན་སྒོར་ ༡༠༠༠༠ ཐམ་པ་བཅས་གནང་གི་འདུག ཐེངས་འདིའི་བོད་ཀྱི་རྒྱུན་སྤྱོད་ཐ་སྙད་ཚོགས་ཆུང་གི་ཚོགས་མི་དངོས་གྲུབ་ལགས་ཀྱིས་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་ཁག་ཅིག་གིས་དང་བླངས་ཐོག་ཆེད་གཉེར་གནང་བའི་བོད་ཀྱི་རྒྱུན་སྤྱོད་ཐ་སྙད་དང་འབྲེལ་བའི་དཔར་བསྐྲུན་དང་བོད་པའི་དགེ་བཙུན་དང་སློབ་མ་བཅས་ཀྱི་དབར་ཐ་སྙད་འགྲན་སྡུར་གོ་སྒྲིག་གནང་བའི་དགོས་དམིགས་གང་ཡིན་བཅས་ངོ་སྤྲོད་གནང་སོང་། སྐུ་མགྲོན་གཙོ་བོ་ཤེས་རིག་ལས་ཁུངས་ཀྱི་ཐ་སྙད་ཚན་པའི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་ད་ལྟའི་ཆར་བོད་ཕྱི་ནང་གཉིས་ནང་བོད་ཀྱི་སྐད་ཡིག་གི་གནས་སྟངས་དེ་ཏོག་ཙམ་ཞན་པོ་ཆགས་ཡོད་སྟབས། ང་རང་ཚོའི་ངོས་ནས་༸གོང་ས་མཆོག་གིས་རྣམ་ཀུན་ནས་བོད་ཀྱི་སྐད་ཡིག་གི་གལ་གནད་རང་བཞིན་ཐོག་ལམ་སྟོན་བཀའ་ཕེབས་ལྟར་སྐད་ཡིག་འདི་མི་ཉམས་རྒྱུན་འཛིན་དང་སྲུང་སྐྱོབ་ཆེད་འབད་བརྩོན་གནང་དགོས་གལ་ཡིན་པའི་ལམ་སྟོན་གནང་ཡོད་པ་རེད། གཞན་ཡང་དངོས་གྲུབ་ལགས་ཀྱིས་མ་འོངས་པར་བོད་མིའི་མི་རབས་གསར་པ་ཚོས་བོད་ཀྱི་སྐད་ཡིག་རྒྱུན་རིང་གསོན་གནས་ཐུབ་པར་བོད་མིའི་གནས་ཡུལ་ཁག་ཏུ་ལས་འགུལ་འདི་ལྟ་བུ་རྒྱ་གང་ཆེ་སྤེལ་ཐུབ་པར་འབད་བརྩོན་གནང་རོགས་ཞེས་གཞེན་སྐུལ་གནང་སོང་། རྩ་བའི་བོད་ཀྱི་རྒྱུན་སྤྱོད་ཐ་སྙད་ཚོགས་ཆུང་ཞེས་པ་དེ་ཐོག་མེ་ཤེས་རབ་དགའ་ཚལ་སློབ་གླིང་གི་འཛིན་གྲྭ་ཞིག་གིས་རྐང་འགན་བཞེས་ཐོག་འཛིན་གྲྭ་ནང་ཁུལ་དབར་ཐ་སྙད་འགྲན་སྡུར་གནང་བ་དང་དེ་རྗེས་ལོ་མཇུག་ཏུ་སློབ་གྲྭ་ཕན་ཚུལ་བར་འགྲན་སྡུར་དང་བགྲོ་གླེང་གི་ལས་རིམ་སྤེལ་མགོ་བརྩམས་འདུག་ཅིང་། ཕྱི་ལོ་ ༢༠༡༣ ལོར་ཐེངས་དང་པོ་འགྲན་སྡུར་གནང་བ་དང་ཕྱི་ལོ་ ༢༠༡༤ ལོར་སློབ་གྲྭའི་སྤྱི་ཁྱབ་འགན་བདག་གིས་རྐང་འགན་བཞེས་ཐོག་ཐེངས་གཉིས་པའི་རྒྱུན་སྤྱོད་ཐ་སྙད་འགྲན་སྡུར་གནང་བ་མ་ཟད་ད་བར་ཐ་སྙད་གསར་སྒྲིག་གི་དཔེ་དེབ་ ༣ དཔར་བསྐྲུན་གནང་འདུག

བྱང་ཨ་རིའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མའི་རྐང་སྤོལ་རྩེད་འགྲན་ཐེངས་ ༢ པ་དབུ་འཛུགས་གནང་འདུག

འདི་ལོའི་བྱང་ཨ་རིའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་ཐེངས་གཉིས་པ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་Randal Island Park རྩེད་ཐང་དུ་ཁ་སང་ཚེས་ ༣༡ ཉིན་དབུ་འཛུགས་གནང་འདུག ཐེངས་འདིའི་རྩེད་འགྲན་ཐོག་ཁེ་ན་ཌ་དང་ཨ་རི་ཁུལ་གྱི་ས་ཕྱོགས་འདྲ་མིན་གྱི་ཁྱོན་རུ་ཁག་ ༡༦ ནས་མཉམ་ཞུགས་གནང་འདུག་པ་དང། རྩེད་འགྲན་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་གཙོས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་སྐུ་ཚབ་ཀརྨ་དངོས་གྲུབ་ལགས། དེ་བཞིན་བྱང་ཨ་རིའི་ནང་རྟེན་གཞི་བྱས་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་གཟིགས་མོ་བ་མང་དག་ཞིག་ཕེབས་ཡོད་པ་རེད་འདུགསྐབས་དེར་གོ་སྒྲིག་ཚོགས་ཆུང་ནས་རྩེད་འགྲན་དེའི་ནང་མཉམ་ཞུགས་གནང་མཁན་རུ་ཁག་སོ་སོའི་དགོས་དམིགས་བོད་དབྱིན་གཉིས་ནང་ངོ་སྤྲོད་གནང་བ་དང་སྦྲགས།  བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་འགྲེམ་སྟོན་གནང་ཐོག་རྒྱལ་དར་གྱི་བྱུང་རིམ་ལོ་རྒྱུས་དང་། ལྷག་དོན་ཕྱི་ལོ་ ༡༩༣༤ ལོར་རྒྱལ་སྤྱིའི་ NatGeo དུས་དེབ་ཐོག་བོད་ཀྱི་རྒྱལ་དར་སྐོར་ཐོན་པའི་ངོ་སྤྲོད་དང་འབྲེལ་བོད་མི་ཚོས་དེར་སྤོབས་པ་གནང་དགོས་སྐོར་སོགས་འགྲེལ་བརྗོད་གནང་འདུག    དེ་རྗེས་མཉམ་ཞུགས་པ་ཡོངས་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་པ་དང་ས་གནས་དེར་གནས་བཞུགས་ལྷ་མོ་ཚོགས་པ་ནས་༸གོང་ས་མཆོག་ལ་ཆེ་བསྟོད་ཀྱི་རྣམ་ཐར་ཕུལ་བའི་ཐོག་མཛད་སྒོ་དབུ་འཛུགས་གནང་འདུག སྐབས་དེར་སྐུ་གྲོན་གཙོ་བོ་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་རྩེད་མོའི་སྒོ་ནས་བོད་མི་ཡོངས་མཉམ་འཛོམས་ཐུབ་པར་དགའ་བསུ་གནང་བ་དང་འབྲེལ། རྩེད་མོ་དང་སྒྱུ་རྩལ་གྱི་ཐོག་ནས་བོད་དོན་འཐབ་རྩོད་གནང་དགོས་སྐོར་། དེ་བཞིན་རྒྱལ་སྤྱིའི་སྡིངས་ཆའི་སྟེང་བོད་མི་ཚོས་དཔུང་པ་མཉམ་གཤིབས་ཐོག་འགྲན་བསྡུར་གནང་ཐུབ་པའི་རེ་བ་དང་།  རྩེད་འགྲན་སྐབས་སུ་དྲང་བདེན་གནང་དགོས་གལ་སྐོར་གསུངས་འདུག དེ་བཞིན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་སྐུ་ཚབ་ཀརྨ་དངོས་གྲུབ་ལགས་ཀྱིས་བྱང་ཨ་རིའི་ནང་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་དེ་གནང་དོན་དང་མ་འོངས་པར་རྩེད་རིགས་གཞན་གི་ཐོག་ནས་ཀྱང་གཞོན་སྐྱེས་ཚོར་སྡིངས་ཆ་བསྐྲུན་ཐབས་གནང་རྒྱུ་ཡིན་པ་གསུངས་འདུག ཁ་སང་ཉིན་དང་པོའི་རྩེད་འགྲན་ལས་ཐོག་མ་ Snow Lion Fc NewYork རྐང་སྤོལ་རུ་ཁག་དང་ Tibetan Phoenix FC རྐང་སྤོལ་རུ་ཁག་གཉིས་དབར་རྩེད་འགྲན་གནང་ཡོད་པ་ལྟར་སྤོ་ལོ་གསུམ་དང་ཀླད་ཀོར་ཐོག་ནས་ནིའུ་ཡོག་གངས་སེང་རུ་ཁག་ལ་རྒྱལ་ཁ་ཐོབ་འདུག གཞི་རྩའི་རྩེད་འགྲན་དེ་ཁ་སང་ནས་དབུ་འཛུགས་ཀྱིས་ཟླ་ ༩ ཚེས་ ༢ བར་རྩེད་གནང་གི་འདུག  བྱང་ཨ་རིའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྩེད་འགྲན་དེ་ཐོག་མར་ཕྱི་ལོ་ ༢༠༡༦ ལོར་༸སྐུའི་༸རྒྱལ་ཡུམ་ཆེན་མོར་བཀའ་དྲིན་རྗེས་དྲན་ཞུ་ཕྱིར་དབུ་འཛུགས་གནང་ཡོད་པ་དང་། རྩེད་འགྲན་ཐེངས་དང་པོ་དེ་ཁེ་ན་ཌའི་རྒྱལ་ས་ཊོ་རན་ཊོ་ནང་ཚུགས་པ་མ་ཟད་སྐབས་དེ་དུས་ཊོ་རན་ཊོའི་ཆོལ་གསུམ་རུ་ཁག་ནས་གསེར་གྱི་རྟགས་མ་བཞེས་ཡོད་པ་རེད།

སེར་བྱེས་གྲྭ་ཚང་གིས་ཀེ་ར་ལའི་ནང་ཆུ་ལོག་གི་གོད་ཆག་ཕོག་པའི་ས་གནས་ལ་གདུང་སེམས་མཉམ་བསྐྱེད་རོགས་སྐྱོར་གནང་བཞིན་པ།

དེ་རིང་ཟླ་ ༩ ཚེས་ ༡ ཉིན་རྒྱ་གར་ལྷོ་ཕྱོགས་སེ་ར་ཐེག་ཆེན་གླིང་སེར་བྱེས་མཁས་སྙན་གྲྭ་ཚང་གི་ངོས་ནས་ཟླ་བ་སྔོན་མའི་ནང་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་མངའ་སྡེའི་ནང་ཆུ་ལོག་གིས་གནོད་སྐྱོན་འོག་མི་རྒྱུ་གཉིས་ལ་གོད་ཆག་ཚབས་ཆེ་ཕོག་ཡོད་སྟབས་དུས་ད་ལྟའང་དཀའ་ཚེགས་ཆེན་པོ་འཕྲད་བཞིན་ཡོད་པར་ཐུགས་གསོའི་འཚམས་འདྲི་དང་ཆབས་ཅིག གདུང་སེམས་མཉམ་བསྐྱེད་ཀྱི་རོགས་རམ་གནང་བཞིན་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ལམ་སྟོན་ཕེབས་པ་བཞིན་ཡུལ་མིར་མཐུན་ལམ་དང་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ལེགས་གསོལ་ཆེད་དུ་ཕྱག་ལས་དེ་ལྟར་གནང་བ་ཞིག་རེད་འདུག རོགས་རམ་གྱི་ཕྱག་ལས་དེའི་སྐབས་ཧིན་སྒོར་འབུམ་ ༥ ཙམ་གྱི་མ་གནས་ཡོད་པའི་དགོས་མཁོའི་གྱོན་ཆས་དང་དངོས་ཆས་རིགས་ཉོ་སྒྲུབ་གནང་སྟེ་ལྷོ་ཕྱོགས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་དང་དྲུང་ཆེ། དེ་བཞིན་སེ་ར་ཐེག་ཆེན་གླིང་གི་ཕྱག་མཛོད་ཀྱིས་གཙོས་པའི་དགེ་འདུན་པ་ ༥ བཅས་མི་བརྒྱད་ཁ་སང་ཕྱི་ཟླ་ ༨ ཚེས་ ༣༡ ཉིན་ས་གནས་ས་ཐོག་ལ་ཆེད་བསྐྱོད་ཀྱིས་དཀའ་ངལ་ཆེ་ཤོས་འཕྲད་སའི་ས་གནས་ཁག་ཅིག་ལ་བགོ་འགྲེམས་གནང་མུས་རེད་འདུག དེ་རིང་ཕྱི་ཚེས་ ༡ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་གི་གྲྭ་མང་རོགས་སྐྱོར་ཚོགས་པའི་ངོས་ནས་ཀྱང་རོགས་སྐྱོར་གྱི་ལས་གཞི་ཐེངས་གཉིས་པ་དེ་སྤེལ་ཡོད་པ་དང་།  དངུལ་དམར་དང་ཟ་བཅའིི་རོགས་སྐྱོར་གནང་བ་མ་ཟད་ཁྱིམ་ཚང་ ༤༥ ལ་ཁྱིམ་ཚང་རེར་ཧིན་སྒོར་ ༡༥༠༠  རེ་དང་ཧིན་སྒོར་ ༡༡༢༨༠ མ་གནས་ཡོད་པའི་ཟ་བཅའ་དང་སྣུམ་སོགས་ཀྱི་རོགས་རམ་གནང་ཡོད་པ་རེད། དེ་བཞིན་རྒྱ་གར་གྱི་གྲོང་གསེབ་གཞན་ཞིག་གི་ཁྱིམ་ཚང་རེར་ཧིན་སྒོར་ ༧༠༠ རེ་དང་ཧིན་སྒོར་ ༩༩༨༠ མ་གནས་ཡོད་པའི་སྣུམ་དང་བཟའ་བཅའི་རོགས་རམ་གནང་ཡོད་པ་རེད། སྤྱིར་སེ་ར་ཐེག་ཆེན་གླིང་བླ་སྤྱི་དང་གྲྭ་ཚང་བྱེས་སྨད་གཉིས་དེ་བཞིན་སྔ་འགྱུར་རྙིང་མའི་མ་དགོན་རྣམ་གྲོལ་གླིང་། བཀྲིས་ལྷུན་པོ་བཅས་ཀྱི་ངོས་ནས་ཟླ་བ་སྔོན་མའི་ནང་ལའང་ཆུ་ལོག་གི་གོད་ཆག་ཕོག་ཡུལ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་དང་ཉེ་འབྲེལ་རྒྱ་གར་ས་གྲོང་གསེབ་ཁག་ལྔ་ཙམ་གྱི་རྒྱ་གར་ཡུལ་མི་ཚོར་ཟས་གོས་དང་ཉལ་ཆས་སོགས་ཀྱི་རོགས་རམ་རྒྱ་ཆེ་གནང་ཡོད་པ་རེད།

ཚེས་བཅུ་སྒྲོལ་མ་ལགས་ཕྱི་ལོ་ ༢༠༡༨ ལོའི་ཨེ་ཤ་ཡའི་ཕུལ་བྱུང་ན་གཞོན་ཁོངས་སུ་མིང་འདོན་བྱས་འདུག

Mountain Resiliency ཞེས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ཡར་ཐོན་ཚོང་ལས་གསར་འཛུགས་གནང་མཁན་ཨ་རིར་གནས་བཞུགས་ཚེས་བཅུ་སྒྲོལ་མ་ལགས་ Asia 21 Young Leaders ཞེས་པའི་ཨེ་ཤ་ཡའི་ཕུལ་བྱུང་ན་གཞོན་མགོ་ཁྲིད་ནང་ཚུད་འདུག Asia Society ཞེས་པའི་ཚོགས་པ་དེས་ཕྱི་ལོ་ ༢༠༠༦ ལོ་ནས་བཟུང་ལོ་ལྟར་ས་གནས་དང་གོ་ལ་ཁྱོན་ཡོངས་ལ་མགོ་ཁྲིད་དང་གྲོས་མོལ། དོན་སྙིང་ལྡན་པའི་མཉམ་རུབ་ཀྱི་ཆད་ལས་གཉེར་ནས་བཟང་ཕྱོགས་ཀྱི་སེམས་འགུལ་སྤེལ་ཐུབ་མཁན་ལོ་ན་ ༤༠ མན་གྱི་གཞོན་སྐྱེས་ཁག་ཅིག་ལ་མངོན་བསྟོད་ཀྱི་མཚན་འདོན་གནང་གི་ཡོད་པ་དང། ད་བར་ཚོགས་པ་དེའི་ཁོངས་སུ་འཛམ་གླིང་གི་རྒྱལ་ཁབ་ ༤༠ ཙམ་ནས་ཕུལ་བྱུང་གི་གཞོན་སྐྱེས་མགོ་ཁྲིད་ཁྱོན་ ༩༠༠ ལྷག་ཡོད་པའི་ཁོངས་སུ་ཕྱི་ལོ་ ༢༠༠༧ ལོར་མཚན་གནས་དེ་ཐོབ་མཁན་བོད་མིའི་སྒྲིགས་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཀྱང་ཡོད་པ་རེད། ཁ་ཉིན་ Asia Society ཞེས་པའི་དྲ་གནས་ཐོག་གནས་ཚུལ་བཀོད་པར་གཞིགས་ན། ཚོགས་པ་དེའི་ངོས་ནས་ Asia 21 Young Leaders Class of 2018 ཞེས་ཕྱི་ལོ་ ༢༠༡༨ ལོའི་ཨེ་ཤ་ཡའི་ཕུལ་བྱུང་ན་གཞོན་མགོ་ཁྲིད་ཁོངས་སུ་ཨེ་ཤ་ཡའི་མངའ་ཁུལ་ནས་ཆབ་སྲིད་དང་འཛིན་སྐྱོང་། ཚོང་ལས། སྒྱུ་རྩལ། གསར་འགོད་ལས་རིགས། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་ཁག་གི་ལས་དོན་སོགས་ཆད་ལས་སྡེ་ཁག་འདྲ་མིན་ནང་གཟེངས་སུ་ཐོན་པའི་ན་གཞོན་ ༣༡ འདེབས་སྒྲུབ་གནང་འདུག་པ་དང། དེའི་ཁོངས་སུ་བོད་མི་གཅིག་པོ་ཡོད་པ་ནི་ཚེས་བཅུ་སྒྲོལ་མ་ལགས་ཆགས་ཀྱི་འདུག སྐུ་ཞབས་ John D. Rockefeller  ལགས་ཀྱིས་ཁེ་ལས་མིན་པའི་ཚོགས་པའི་ངོ་བོར ༡༩༥༦ ལོར་ཐོག་མར་གསར་འཛུགས་གནང་བའི་ Asia Society  ཞེས་པའི་ཚོགས་པ་དེའི་དམིགས་ཡུལ་གཙོ་བོ་ནི་གཞོན་སྐྱེས་ཚོའི་ཁྲོད་ནས་སྤྱི་ཚོགས་ནང་རྐྱེན་ངན་གོད་ཆག་ལ་གདོང་ལེན། བེུད་ཀྱི་ཤེས་ཡོན་དང་གཞོན་སྐྱེས་ནུས་སྟོབས་གོང་འཕེལ། དེ་བཞིན་ས་གནས་ཀྱི་ཐབས་བྱུས་སོགས་ཀྱི་ཐད་རང་འགུལ་གྱི་ལས་དོན་གཉེར་བར་ཆེད་དམིགས་གནང་བ་ཞིག་ཡིན་པ་དང།  ཐེངས་འདིའི་ཨེ་ཤ་ཡའི་ཕུལ་བྱུང་ན་གཞོན་མགོ་ཁྲིད་ནང་འདེབས་སྒྲུབ་བྱུང་བ་རྣམས་ཀྱི་ཉམས་མྱོང་གསར་པ་དང་ཐབས་བྱུས་གསར་པ་བཅས་སྤེལ་རྒྱུའི་ཆེད་འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༤ ནས་ ༡༦ བར་ཉིན་གསུམ་གྱི་རིང་ Philippines ཡི་རྒྱལ་ས་ Manila ནང་གཞོན་སྐྱེས་མགོ་ཁྲིད་ཀྱི་ལྷན་ཚོགས་ཐེངས་ ༡༣ པ་དེ་བསྐོང་ཚོགས་གནང་གི་ཡོད་པ་རེད་འདུག

Latest news