Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ།

ཡུ་རོབ་གྲོས་ཚོགས་སུ་ལམ་ལྷོང་ལྡན་པའི་བཙན་བྱོལ་བོད་མིའི་གནས་སྟངས་མཚོན་པའི་པར་རིས་འགྲེམས་སྟོན་དབུ་འཛུགས།

ཁ་ཉིན་ཡུ་རོབ་གྲོས་ཚོགས་སུ་ཡུལ་གྱར་བོད་མིའི་འཚོ་བ་དང་འཐབ་རྩོད་མཚོན་པའི་བཙན་བྱོལ་བོད་མིའི་གནས་སྟངས་ཞེས་པའི་པར་རིས་འགྲེམས་སྟོན་ཞིག་དབུ་འཛུགས་གནང་འདུག འགྲེམས་སྟོན་དེ་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Thomas Mann ལགས་ཀྱིས་སྣེ་ཁྲིད་འོག་གོ་སྒྲིག་ཞུས་པ་ཞིག་པ་ཡིན་པ་དང་། དེའི་ནང་ཨི་ཊ་ལི་ནས་ཡིན་པའི་བེུད་པར་པ་སྒྱུ་རྩལ་བ་ལྕམ་ Albertino ལགས་ཀྱིས་བླངས་པའི་ཡུལ་གྱར་བོད་མིའི་གནས་བབ་མཚོན་པའི་འདྲ་པར་ཁག་ཅིག་ཕྱོགས་སྒྲིག་གནང་བ་ཞིག་ཆགས་ཀྱི་འདུག ཐེངས་འདིའི་འགྲེམས་སྟོན་ཐོག་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་རྡོ་རྗེ་ལགས་དང་རྒྱ་གར་གྱི་པདྨ་ཤྲི་ཆེས་མཐོའི་གཟེངས་རྟགས་ཐོབ་མཁན་༸སྐུའི་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་ལགས་དང་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས། དེ་བཞིན་ཁེ་ན་ཌ་ཨོ་ཊེ་རིཡོ་མངའ་སྡེའི་གྲོས་ཚོགས་འཐུས་མི་བུ་འཁྲིད་དཀར་པོ་ཆེ་ལགས་ ཀྱིས་གཙོས་བཙན་བྱོལ་ནང་གཟེངས་སུ་ཐོན་པའི་བོད་མི་བཅུའི་མཚན་ཆེད་སྟོན་གནང་ཐོག་ལམ་ལྷོང་ལྡན་པའི་བཙན་བྱོལ་བོད་མིའི་གནས་སྟངས་མཚོན་ཐབས་གནང་འདུག རྩ་བའི་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་ཡུལ་དེའི་གྲོས་ཚོགས་སུ་བཙན་བྱོལ་བོད་མིའི་གནས་སྟངས་མཚོན་པའི་པར་རིས་འགྲེམས་སྟོན་དེ་ཟླ་ ༨ ཚེས་ ༢༧ ཉིན་འགོ་འཛུགས་གནང་འདུག་པ་དང་དབུ་འབྱེད་དེ་རིང་ཉིན་རྒྱབ་ཡུལ་དེའི་ཕྱི་དྲོ་ཚོུད་ ༥ ཐོག་ཚོགས་པ་དེའི་ཚོགས་གཙོ་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Thomas Mann ལགས་ཀྱིས་གནང་བ་མ་ཟད་པར་པ་སྒྱུ་རྩལ་བ་ལྕམ་ Albertino ལགས་ཀྱང་ཆེད་ཕེབས་གནང་ཡོད་པ་རེད། ཡུ་རོབ་གྲོས་ཚོགས་སུ་འགོ་འཛུགས་གནང་བའི་པར་རིས་འགྲེམས་སྟོན་དེ་ནི་ཨི་ཊ་ལི་ནས་ཡིན་པའི་བེུད་པར་པ་སྒྱུ་རྩལ་བ་ལྕམ་ Albertino ལགས་ཀྱིས་འདས་པའི་ལོ་བཅུ་ལྷག་རིང་ལ་རྒྱ་གར་དང་ཡུ་རོབ་གཙོ་བོར་གྱུར་པའི་འཛམ་གླིང་ཡུལ་གྲུ་གང་སར་ཡུལ་གྱར་བོད་མིའི་འཚོ་བ་མཚོན་པའི་བརྙན་ལྡན་ལས་གཞི་ཞིག་ཆགས་ཀྱི་ཡོད་པ་རེད། ཁོ་མོས་དེ་སྔོན་བོད་མིའི་འཚོ་བ་དང་འཐབ་རྩོད་མཚོན་པའི་པར་རིས་དེ་དག་ཕྱོགས་སྒྲིག་གིས་ Out Of Tibet ཞེས་པའི་དཔེ་དེབ་ཞིག་ཀྱང་འགྲེམས་སྟོན་གནང་ཐོག་ད་བར་ཨི་ཊ་ལི་དང་ཕ་རན་སི། ཨ་རིའི་ནིའུ་ཡོག ཁེ་ན་ཌ། ཐེ་ཝན། དེ་བཞིན་བལ་ཡུལ་བཅས་རྒྱལ་ཁབ་མང་པོའི་ནང་གནས་སྡོད་བཙན་བྱོལ་བོད་མིའི་གནས་སྟངས་བརྗོད་ཐབས་གནང་ཡོད་པ་རེད། སྤྱིར་ཁོང་ནི་གཙོ་བོ་སྤྱི་ཚོགས་དང་འགྲོ་བ་མིའི་བདེ་སྡུག་དང་འབྲེལ་བའི་རོགས་སྐྱོར་ལས་གཞི་ཐད་གནས་ཚུལ་སྤེལ་མཁན་ཞིག་ཡིན་པ་དང་ཁོ་མོས་ད་བར་བླངས་པའི་འདྲ་པར་ཁག་ལ་འཛམ་གླིང་ནང་སྙན་གྲགས་ཆེ་བའི་ Canon པར་རིས་གཟེངས་རྟགས་དང་རྒྱལ་སྤྱིའི་པར་རིས་གཟེངས་རྟགས་སོགས་ཐོབ་མྱོང་ཡོད་པ་རེད།

རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་ཝཱ་ཇ་པཱ་ཡི་མཆོག་དགོངས་པ་རྫོགས་པར་མྱ་ངན་གུས་འདུད་ཀྱི་མཆོད་འབུལ།

དེ་རིང་ཟླ་ ༨ ཚེས་ ༢༨ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ NDMC Convention ལྟེ་གནས་ཁང་དུ་བོད་མི་གཙོ་གྱུར་ཁུལ་འདིའི་ནང་པ་ཚོས་ཉེ་ཆར་ཕྱི་ཚེས་ ༡༦  ཉིན་འདས་གྲོངས་སུ་གྱུར་བའི་རྒྱ་གར་སྲིད་བློན་ཟུར་པ་དང་།  རྒྱ་གར་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་ Bharat Ratna བཞེས་མྱོང་མཁན་རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་ཝཱ་ཇ་པཱ་ཡི་མཆོག་དགོངས་པ་རྫོགས་པར་མྱ་ངན་གུས་འདུད་ཀྱི་མཆོད་འབུལ་སྨོན་ལམ་གཞི་རྒྱ་ཆེན་པོ་ཞིག་ཚོགས་གནང་ཡོད་པ་དང་། མཆོད་འབུལ་སྨོན་ལམ་དེའི་ཐོག་ལྡི་ལིའི་ཉེ་འཁྲིས་རྡེ་ར་རྡུན་ཁུལ་གྱི་དགོན་སྡེ་ཁག་ཅིག་ནས་དགེ་འདུན་ཞལ་གྲངས་ ༦༠ ལྷག་ཙམ་ཞིག་ཆེད་ཕེབས་གནང་འདུག་པ་མ་ཟད་ལྡི་ལི་ཁུལ་གནས་སྡོད་བོད་མི་དང་ས་གནས་ཀྱི་ནང་པ་ཁག་ཅིག་བཅས་ཁྱོན་མི་གྲངས་ ༡༠༠༠  ལྷག་འདུ་འཛོམས་བྱུང་འདུག ཧིན་བོད་མཛའ་འབྲེལ་ཚོགས་པ་དང་ཧི་མཱ་ལ་ཡ་ནང་པའི་མཐུན་ཚོགས། ལྡི་ལི་ཁུལ་དུ་གནས་སྡོད་བྱེད་མཁན་གྱི་བོད་རིགས་དང་། བལ་པོ། ཧི་མཱ་ཅལ་སྤ་རི་ཝར་བཅས་ཀྱིས་ཐུན་མོང་ཐོག་མཆོད་འབུལ་དེ་གོ་སྒྲིག་གནང་ཡོད་པ་རེད། རྒྱལ་ས་ལྡི་ལིའི་ NDMC Convention ལྟེ་གནས་ཁང་དུ་ཚོགས་པའི་དེ་རིང་གི་མཆོད་འབུལ་སྨོན་ལམ་དེའི་ཐོག་རྒྱ་གར་གྱི་  RSS  ཚོགས་པའི་སྐུ་ཞབས་ Indresh Kumar མཆོག་གིས་དབུས་པའི་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག དགའ་ལྡན་ཕོ་བྲང་གི་རྒྱ་གར་དང་ལྷོ་ཨེ་ཤ་ཡའི་ངེས་སྟོན་པ་བཀའ་ཟུར་བསྟན་པ་ཚེ་རིང་མཆོག ཧི་མཱ་ལ་ཡའི་ནང་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཁང་གི་བླ་མ་ཆོས་འཕེལ་བཟོད་པ་ལགས། རྒྱ་གར་ BJP ཆབ་སྲིད་ཚོགས་པའི་འབྲེལ་ཡོད་ཁག་ཅིག་དང་ས་གནས་ཀྱི་བོད་པའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་དང་ལས་བྱེད་བཅས་ནས་ཀྱང་ལྷན་ཞུགས་གནང་འདུག

བོད་མིའི་གཞིས་རིམ་སོ་ནམ་མཉམ་འབྲེལ་ཁག་བཅོ་ལྔའི་ལོ་འཁོར་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༨ ཚོགས་པ།

ཕྱི་ཟླ་ ༨ ཚེས་ ༢༥ ཉིན་ནས་དབུ་འཛུགས་ཀྱིས་ཚེས་ ༢༧ བར་ཁྱོན་ཉིན་གྲངས་གསུམ་རིང་རྒྱ་གར་བྱང་ཕྱོགས་ལ་དྭགས་བསོད་ནམ་གླིང་བོད་མིའི་གཞིས་སྒར་མཉམ་འབྲེལ་ཚོགས་ཁང་དུ་བོད་མིའི་གཞིས་རིམ་སོ་ནམ་མཉམ་འབྲེལ་ཁག་བཅོ་ལྔའི་ལོ་འཁོར་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༨ ཚོགས་ཡོད་པ་རེད། ཐེངས་འདིའི་ཚོགས་ཆེན་ཐོག་ས་གནས་ཁག་ ༡༥ ནས་ཚོགས་མི་གྲངས་ ༥༠ ལྷག་ནས་འདུ་འཛོམས་ཀྱིས་འདས་པའི་ལོ་གཅིག་གི་ལས་སྡོམ་དང་བྱུང་སོང་རྩིས་ཁྲ་ཁག་སྙན་སེང་ཞུས་ཏེ་དེ་དག་ཐད་དགོངས་ཚུལ་དང་འདྲི་རྩད་སོགས་གནང་བ་མ་ཟད་མཐར་གྲོས་ཆོད་ཁག་ ༡༠ གཏན་འབེབས་གནང་འདུག ཚོགས་འདུའི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག དབུས་རྒྱ་གར་གཞུང་གི་ཆེ་མཐོའི་མི་སྣ་སོགས་གདན་ཞུས་གནང་ཡོད་པ་རེད། རྩ་བའི་བོད་མིའི་མཉམ་འབྲེལ་དེ་ཕྱི་ལོ་ ༡༩༦༣ ལོར་བོད་མི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མིའི་འཚོ་རྟེན་ཡར་རྒྱས་ལ་དམིགས་ཏེ་བཞུགས་སྒར་ལ་ཆེད་འཛུགས་གནང་བ་ཞིག་ཡིན་པ་དང་། དེས་ནས་རིམ་བཞིན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ནང་མཉམ་འབྲེལ་ཁག་ ༡༥ བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༠༥ ལོར་བཀའ་ཤག་སྐབས་ ༡༢ པས་བོད་མི་མཉམ་འབྲེལ་ཁག་ ༡༥ དེ་དག་ལ་ཐུན་མོང་གི་སྒྲིག་འཛུགས་ཤིག་དགོས་གལ་གཟིགས་པ་ལྟར་རྒྱ་གར་དབུས་མཉམ་འབྲེལ་གྱི་ཁོངས་སུ་བོད་མི་སྤྱི་མཐུན་མཉམ་འབྲེལ་ཞེས་དེབ་སྐྱེལ་ཞུས་ཡོད་པ་རེད། བོད་མི་སྤྱི་མཐུན་མཉམ་འབྲེལ་གྱི་ཁོངས་སུ་ལས་རིགས་ཞབས་ཞུ་དང་ས་ཞིང་འདེབས་ལས་ཀྱི་ཚོང་ལས་བཅས་གཉིས་ཡོད་པ་དེ་དག་གིས་སྟོན་ཐོག་དང་ཤིང་འབྲས་སོགས་ཀྱི་ཚོང་ལས་དང་། མཉམ་འབྲེལ་དངུལ་ཁང་། སུད་ཚོང་གཉེར་མཁན་རྣམས་ལ་བུན་གཡར། འཐུང་ཆུ་གཙང་བཟོ། ཁྲོམ་ར་གསར་འཛུགས། སྣུམ་གྱི་ཚོང་ལས། བརྙན་འཕྲིན་གྱི་ཚོང་ལས། སྤོས་གྱི་ཚོང་ལས། ཐུག་པའི་ཚོང་ལས། ཚོང་ཁང་དང་ཟ་ཁང་སོགས་ཀྱི་ལས་གཞི་འདྲ་མིན་ཐོག་ཚོང་ལས་གཉེར་བཞིན་ཡོད་པ་དང་། ལོ་རེའི་ཁེ་སང་རྣམས་ཤེར་བདག་མི་མང་ལ་བགོས་འགྲེམས་བྱ་རྒྱུ་དང་སྤྱི་ཚོགས་ཡར་རྒྱས། མ་འོངས་ལས་གཞི། གཏན་འཇགས་མ་དངུལ་བཅས་སུ་བདེ་སྤྱོད་གནང་གི་ཡོད་པ་མ་ཟད། བོད་ཕྲུག་ཚོའི་སློབ་ཡོན་ཆེད་དུ་ཤེར་བདག་མི་མང་གི་སློབ་ཕྲུག་དང་ལས་བྱེད་པའི་སློབ་ཕྲུག་རྣམས་ལ་ལོ་རེ་བཞིན་སློབ་ཡོན་ཡང་གནང་སྲོལ་ཡོད་པ་རེད།

པདྨ་འཕྲིན་ལས་ལ་ལོ་གཅིག་ནང་བོད་དེབ་ ༡༠༠ བཀླགས་པའི་ཕུལ་བྱུང་གཟེངས་རྟགས་ཐོབ་པ།

རྒྱ་གར་ལྷོ་ཕྱོགས་སེ་ར་ཐེག་ཆེན་གླིང་གྲྭ་ཚང་བྱེས་བྱ་བྲལ་ཁང་ཚན་གྱི་དགེ་འདུན་པ་ཁག་ཅིག་གིས་ཆེད་གཉེར་གནང་བའི་ལྗང་རླུང་ཚོགས་པས་སྔ་ལོ་ ༢༠༡༧ ལོ་ནས་དབུ་འཛུགས་ཀྱིས་དུས་ཡུན་ལོ་ངོ་གཅིག་ཏག་ཏག་རིང་ལ་བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་ཁྲོད་ལྗང་རླུང་དཔེ་ཀློག་བྱ་འགུལ་ཞིག་སྤེལ་ཡོད་པ་དང་ལྗང་རླུང་དཔེ་ཀློག་གི་བྱ་འགུལ་ནང་ཞུགས་མཁན་རྩེ་ཕུད་ཨང་རིམ་གསུམ་ལ་ཁ་སང་ལྗང་རླུང་ཚོགས་པ་གཉེར་ནས་ལོ་ངོ་བཅུ་འཁོར་བའི་དུས་ཚིགས་དང་བསྟུན་དཔེ་ཀློག་གི་བྱ་དགའ་གནང་ཡོད་པ་རེད། ལྗང་རླུང་དཔེ་ཀློག་འགྲན་བསྡུར་ནང་ཞུགས་མཁན་དེ་དག་གི་ཁྲོད་ནས་ཨང་གསུམ་པ་རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་གྱི་དགེ་བཤེས་ཉི་མ་རྒྱལ་མཚན་ལགས་དང་འཇིགས་མེད་རྒྱ་མཚོ་ལགས་རྣམ་གཉིས་ལ་དེབ་ ༢༥ བཀླགས་པའི་མཚན་སྙན་གཟེངས་བསྟོད་དང་བྱ་དགའ་ཨ་སྒོར་ ༥༠ ཐོབ་པ་དང་། ཨང་གཉིས་པ་རྒྱ་གར་ལྷོ་ཕྱོགས་སེ་ར་བྱེས་ཀྱི་དགེ་འདུན་པ་ཐུབ་བསྟན་ཟླ་བ་ལགས་ལ་དེབ་བདུན་ཅུ་གྱ་ཅུ་ཙམ་ཀློག་མཁན་གྱི་གཟེངས་བསྟོད་དང་ཨ་སྒོར་ ༡༥༠ བྱ་དགའ་ཐོབ་ཡོད་པ་རེད། ཨང་དང་པོ་དེ་བོད་མདོ་སྨད་རོང་བོ་དགོན་ཆེན་གྱི་དགེ་འདུན་པ་པདྨ་འཕྲིན་ལས་ལགས་ལ་དེབ་ ༡༠༠ བཀླགས་པའི་ལྗང་རླུང་ཕུལ་བྱུང་དཔེ་ཀློག་པའི་མཚན་སྙན་གཟེངས་བསྟོད་དང་ཨ་སྒོར་ ༡༠༠༠ བྱ་དགའ་ཐོབ་འདུག ལྗང་རླུང་ཚོགས་པས་དཔེ་ཀློག་འགྲན་བསྡུར་གྱི་བྱེད་སྒོ་དེ་སྤེལ་དགོས་དོན་ནི་བོད་པའི་སྤྱི་ཚོགས་ནང་དཔེ་དེབ་བཀལག་རྒྱུའི་གོམས་གཤིིས་སྤེལ་ཐབས་ཆེད་དུ་རེད་འདུག་པ་དང་། ལྗང་རླུང་ཚོགས་པ་དེ་ཕྱི་ལོ་ ༢༠༠༧ ལོར་སེ་ར་བྱེས་བྱ་བྲལ་ཁང་ཚན་གྱི་གྲྭ་རྐྱང་ཁག་ཅིག་ནས་ཆེད་འཛུགས་གནང་བ་ཞིག་ཡིན་ཅིང་ཚོགས་པ་དེ་ནི་རིག་གནས་ཁོ་ན་དང་འབྲེལ་བའི་ཚོགས་པ་ཞིག་ཡིན་པ་རེད། ཚོགས་པ་དེས་ད་བར་ལྗང་རླུང་ཚགས་པར་འདོན་སྤེལ་དང་རིག་གནས་འཆད་ཁྲིད། དཔེ་དེབ་ ༩༠ པར་སྐྲུན་བཅས་གནང་ཡོད་པ་རེད།

༸སྐུའི་དབྱིན་སྐད་གསུང་སྒྱུར་བ་ཡབ་གཞིས་གཡུ་ཐོག་འཇིགས་མེད་རྡོ་རྗེ་ལགས་སྐུ་ཚེ་འཕེན་པ་རྫོགས་འདུག

དེ་སྔ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་གཞུང་ཚོང་དོན་སྐུ་ཚབ་རྒྱ་གར་དུ་ཕེབས་སྐབས་གསུང་སྒྱུར་གྱི་ཞབས་ཞུ་གནང་མྱོང་མཁན་ཡབ་གཞིས་གཡུ་ཐོག་འཇིགས་མེད་རྡོ་རྗེ་ལགས་ཟླ་ ༨ ཚེས་ ༤ ཉིན་ཨ་རིའི་ Seattle མངའ་སྡེའི་སྨན་ཁང་ཞིག་ནང་དགུང་ལོ་ ༨༧ ཐོག་དགོངས་པ་རྫོགས་འདུག རྩ་བའི་ཡབ་གཞིས་གཡུ་ཐོག་འཇིགས་མེད་རྡོ་རྗེ་ལགས་དམ་པ་དེ་ཉིད་ཕྱི་ལོ་ ༡༩༣༡ ལོར་བོད་ཀྱི་རྒྱལ་ས་ལྷ་སར་༸རྒྱལ་བ་༸སྐུ་ཕྲེང་བཅུ་པའི་ཡབ་གཞིས་ཁྱིམ་དུ་འཁྲུངས་འདུག་པ་དང་ཆུང་དུས་རྡོར་གླིང་ཡེ་ཤུའི་སློབ་གྲྭར་ཕེབས་ནས་ཨིན་སྐད་སློབ་གཉེར་གནང་རྗེས་དགུང་ལོ་ ༡༨ ཙམ་ནས་རྒྱ་གར་ནང་བོད་གཞུང་ཚོང་དོན་སྐུ་ཚབ་ཕེབས་སྐབས་དམ་པ་ཁོང་དབྱིན་སྐད་གསུང་སྒྱུར་བར་བསྐོ་མངགས་གནང་ཡོད་པ་རེད། སྐབས་དེར་དམ་པ་ཁོང་ནས་བོད་གཞུང་ཚོང་དོན་སྐུ་ཚབ་རིམ་བཞི་ཟུར་ཁང་ལྷ་དབང་སྟོབས་རྒྱལ་མཆོག་དང་མཁན་ཆུང་བློ་བཟང་ཚེ་རིང་མཆོག་དང་ལྷན་བཅར་ཞུས་ནས་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ནེ་རུ་མཆོག་དང་མཇལ་འཕྲད་ཀྱིས་གསུང་སྒྱུར་ཞུས་པ་དང་ཕྱི་ལོ་ ༡༩༥༩ ལོར་བོད་ནང་རྒྱ་ནག་གིས་བཙན་འཛུལ་བྱེད་སྐབས་༸གོང་ས་མཆོག་རྒྱ་གར་ནང་བཙན་བྱོལ་དུ་༸ཞབས་སོར་འཁོད་མཚམས་སུའང་༸སྐུའི་ཨིན་སྐད་གསུང་སྒྱུར་ཞུས་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་ཏེ་ཛི་པུར་དུ་གསར་འགོད་གསལ་བསྒྲགས་ཐོག་མ་བསྐྱང་སྐབས་དམ་པ་ཁོང་གིས་གསར་འགོད་གསལ་བསྒྲགས་དེ་ཨིན་སྐད་ཐོག་ཕབ་བསྒྱུར་གྱིས་སྒྲོག་སྦྱང་ཞུས་འདུག དེ་རྗེས་དམ་པ་ཁོང་ནས་མ་སུ་རིར་༸རྒྱལ་བའི་གཟིམ་ཆུང་དང་བོད་གཞུང་གི་འཕྲལ་སེལ་ལས་ཁུངས་འཛུགས་སྐྲུན་སྐབས་སུའང་ཨིན་དྲུང་གནང་བ་དང་ཕྱི་ལོ་ ༡༩༦༧ ལོར་སི་ཧོར་གྲོང་ཁྱེར་དུ་བོད་གཞུང་གི་ཤོག་བུའི་བཟོ་གྲྭ་ཐོག་མ་འཛུགས་སྐབས་༸གོང་ས་མཆོག་གི་བཀའ་འབྲེལ་ལྟར་དམ་པ་ཁོང་གིས་ལས་འཁུར་དང་ལེན་ཞུས་ནས་ཕྱག་ལས་གནང་འདུག ཕྱི་ལོ་ ༡༩༦༩ ལོར་ཨ་རིར་གནས་སྤོས་གནང་ཡོད་པ་དང་ཁུལ་དེར་ཝ་ཤིང་ཊིན་གཙུག་ལག་སློབ་གཉེར་ཁང་གི་བོད་རིག་པའི་མཁས་པ་ Turrell  ལགས་དང་ལྷན་བོད་རིག་པའི་ལས་འཆར་ཐོག་མ་དབུ་འཛུགས་གནང་འདུག ལྷག་དོན་ཕྱི་ལོ་ ༡༩༧༠ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཆིབས་བསྒྱུར་མཛད་སྐབས་ Seattle མངའ་སྡེར་གདན་འདྲེན་ཞུས་ཡོད་པ་རེད།

Chile ནང་བོད་དོན་སྙན་གསེང་དང་ཚུལ་སྤྱོད་ཤེས་ཡོན་སློབ་གསོའི་གོ་རྟོགས་སྤེལ་བཞིན་པ།

ལྷོ་ཨ་རིའི་སྐུ་ཚབ་དོན་གཅོད་ཚེ་དབང་ཕུན་ཚོགས་ལགས་ནས་ཟླ་བ་འདིའི་ཚེས་ ༡༧ ཙམ་ནས་ལྷོ་ཨ་རིའི་ནུབ་ཕྱོགས་སུ་ཆགས་པའི་ Chile རྒྱལ་ཁབ་ནང་འཚམས་གཟིགས་དང་གཞུང་འབྲེལ་ལས་དོན་ཁག་ཅིག་གནང་བཞིན་ཡོད་པ་ལྟར། ཁ་ཉིན་ཚེས་ ༢༡ ཉིན་ཡུལ་དེའི་གྲོང་ཁྱེར་ Valparaíso ནང་རྟེན་གཞི་བྱས་པའི་ Chile གྲོས་ཚོགས་ཀྱི་ཚོགས་ཁང་དུ་ཡུལ་དེའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Vlado Mirosevic ལགས་ཀྱིས་གཙོས་པའི་ཚོགས་ཆུང་གི་ཚོགས་མི་དང་འབྲེལ་ཡོད་ལས་བྱེད་བཅས་ཁྱོན་གནད་ཡོད་མི་སྣ་ཉི་ཤུ་ལྷག་འདུ་འཛོམས་ཐོག་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་རང་ལུས་མེས་སྲེག་གི་གནད་དོན་སོགས་ཀྱི་ཐད་སྙན་གསེང་ཞུས་འདུགལྷག་པར་དུ་སྐུ་ཚབ་དོན་གཅོད་ཚེ་དབང་ཕུན་ཚོགས་ལགས་ནས་སྐབས་དེར་བཅར་བའི་གྲོས་ཚོགས་འཐུས་མི་དང་འབྲེལ་ཡོད་ལས་བྱེད་རྣམས་ལ་བོད་མིའི་ངོས་ནས་རྒྱ་ནག་དང་ཁ་བྲལ་རྩོད་ཀྱི་མེད་པ་མ་ཟད་བོད་རྒྱ་གཉིས་ཀྱི་གནད་དོན་ཞི་འགྲིག་ཡོང་ཐབས་སུ་བོད་མིས་རྒྱ་ནག་གཞུང་གི་རྩ་ཁྲིམས་དང་མ་འགལ་བར་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་རྩོད་བཞིན་ཡོད་པར་གསལ་བཤད་གནང་འདུག རྩ་བའི་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ད་རེས་ Chile ནང་ཆེད་ཕེབས་ཀྱིས་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ཐོག་བོད་དོན་སྙན་གསེང་ཞུ་བ་ཙམ་མ་ཡིན་པར་གཙོ་བོ་ཡུལ་དེའི་ Arika གྲོང་ཁྱེར་དང་རྒྱལ་ས་ Santiago བཅས་ཀྱི་ས་གནས་ཁག་ཅིག་ཏུ་ཤེས་ཡོན་སློབ་གསོ་དང་འབྲེལ་བའི་གནད་ཡོད་མི་སྣ་འདྲ་མིན་མཇལ་འཕྲད། དེ་བཞིན་གསུང་བཤད་དང་བགྲོ་གླེང་སོགས་ཀྱི་ལས་རིམ་མང་དག་ཞིག་གི་བརྒྱུད་༸གོང་ས་མཆོག་གི་དགོངས་གཞི་ལྟར་འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་གཏོང་ཐབས་དང་འབྲེལ་བའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་འམ་ཚུལ་སྤྱོད་ཤེས་ཡོན་སློབ་གསོ་ཞེས་པའི་བསླབ་གཞི་གཏན་འབེབས་གནང་ཕྱོགས་ཀྱི་ལས་རིམ་མང་དག་གི་ཐོག་ལྷན་ཞུགས་གནང་འདུག ཆི་ལི་རྒྱལ་ཁབ་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་འམ་ཚུལ་སྤྱོད་ཤེས་ཡོན་སློབ་གསོ་ཞེས་པ་དེ་ཐོག་མའི་འཆར་ Arica གྲོང་ཁྱེར་ནང་གི་གཞུང་འབྲེལ་གྱི་སློབ་གྲྭ་ཞིག་ཏུ་ལོ་གཉིས་ཙམ་གོང་ནས་ཚོད་ལྟ་དབུ་འཛུགས་གནང་ཡོད་པ་དང་། སྐུ་ཚབ་དོན་གཅོད་མཆོག་གིས་འགྲེལ་བརྗོད་གནང་དོན་ལྟར་ན་ད་ཆ་ Chile ནང་ལས་གཞི་དེར་དོ་སྣང་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད་འདུག ཁོང་གིས་ད་དུང་སྤྱིར་ལྷོ་ཨ་མི་རི་ཀ་ལྟ་བུ་རྒྱ་ནག་གི་ཤུགས་རྐྱེན་ཆེན་པོ་ཡོད་པའི་རྒྱལ་ཁབ་ནང་བོད་དོན་ཐོག་ཆབ་སྲིད་རྐྱང་པའི་ལས་དོན་གྲུབ་རྒྱུ་དཀའ་ནའང་། ད་ཆ་རྒྱལ་ཁབ་དེའི་ནང་ཕྱིའི་དངོས་པོ་ཡར་རྒྱས་ལ་བརྟེན་ནས་ནང་སེམས་ཀྱི་དཀའ་ངལ་ཇེ་མང་འཕྲད་མུས་ཁྲོད་དཀའ་ངལ་དེ་དག་སེལ་ཐབས་སུ་ཡུལ་དེའི་གྲོས་ཚོགས་འཐུས་མིས་གཙོས་གཞུང་འབྲེལ་མི་སྣ་དང་དགེ་རྒན་ཚོས་༸གོང་ས་མཆོག་གི་དགོས་གཞི་གཞིར་བཅོས་ཐོག་ཚུལ་སྤྱོད་ཤེས་ཡོན་སློབ་གསོ་སྤེལ་རྒྱུའི་ལས་གཞི་ཐད་དམིགས་བསལ་གྱིས་དོ་སྣང་གནང་གི་ཡོད་སྟབས། ལྷོ་ཨ་མི་རི་ཀའི་མང་ཚོགས་ཀྱི་ངོས་ནས་དེའི་བརྒྱུད་བོད་ཀྱི་གནད་དོན་ཐོག་ལའང་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད་པར་འགྲེལ་བརྗོད་གནང་ཡོད།

ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་སྐོར་གླེང་མོལ་ཞུས་པ།

བཞུགས་སྒར་དྷ་རྨ་ས་ལའི་ཉེ་འདབས་སུ་རྟེན་གཞི་བྱས་པའི་ཨིམ་པིརེལ་ Imperial གསོལ་མགྲོན་ཁང་དུ་ཟླ་བ་འདིའི་ཚེས་ ༡༧ ནས་ ༢༠ བར་མ་འོངས་བོད་ཀྱི་མདུན་ལམ་ཞེས་པའི་བརྗོད་གཞིའི་ཐོག་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་ཚོགས་ཡོད་པ་ལྟར། ཐེངས་འདིའི་ཚོགས་འདུའི་ཐོག་ཚོགས་བཅར་བ་བོད་རིགས་ན་གཞོན་ ༡༠༠ ཙམ་ནས་མཉམ་ཞུགས་གནང་ཡོད་པ་ཚོས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གང་གནང་དགོས་པའི་ཐོག་དགོངས་འཆར་ཁྱོན་ ༣༥ དང་གཞོན་སྐྱེས་དོ་བདག་ནས་གནང་ཐུབ་རྒྱུའི་དགོངས་འཆར་ཁྱོན་ ༢༠ བཅས་ལྔ་དང་ལྔ་བཅུའི་ཐབས་བྱུས་ལྡན་པའི་ལག་བསྟར་ལས་འཆར་མི་འདྲ་བ་ ༥༥ ཙམ་ཕུལ་འདུག ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་སྤྱི་ཡོངས་ཐོག་དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་སུ་བཅར་འདྲི་ཞུས་ཡོད།

ཆུ་ལོག་གིས་གནོད་འཚེ་ཕོག་པའི་རྒྱ་གར་མང་ཚོགས་ལ་བོད་ཀྱི་དགོན་སྡེ་ཁག་གིས་རོགས་རམ་རྒྱ་ཆེ་གནང་བ།

འདི་ལོ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་ཉེ་འདབས་སུ་ཡོད་པའི་ Kodaguཀོ་ཌཱ་གྷུ་རྫོང་གི་ Suntikoppa སན་ཊི་ཀོབ་པཱ་དང་ Koppa ཀོབ་པཱ། དེ་བཞིན་Madikeri མ་ཌི་ཀེ་རེ་སོགས་ས་གནས་ཁ་ཤས་ནང་ཉིན་མཚན་ལྟོས་མེད་ཆར་པ་ཤུགས་ཆེ་བཏང་བའི་རྐྱེན་གྱིས་ས་གནས་ཡུལ་མིར་མི་རྒྱུ་ཟོག་གསུམ་ལ་གནོད་འཚེ་ཤུགས་ཆེ་ཕོག་ཡོད་ཅིང་ཁང་པ་དང་ས་ཞིང་ཆུས་འཁྱེར་ཏེ་ཞིང་པ་བརྒྱ་ཕྲག་མང་པོ་ཞིག་སྡོད་གནས་དང་ཟས་གོས་མེད་པར་ཉམས་ཐག་པའི་དཀའ་ངལ་འོག་གནས་པའི་སྐབས་དེར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ནང་དུ་ཡོད་པའི་བོད་ཀྱི་དགོན་སྡེ་གྲྭ་ཚང་ཁག་ནས་གདུང་སེམས་མཉམ་བསྐྱེད་ཀྱིས་ཐུགས་སྨོན་དང་ཛ་དྲག་མཐུན་འགྱུར་རོགས་རམ་གནང་ཡོད་པ་རེད། དེ་ཡང་༸གོང་ས་སྐྱབས་མགོན ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་ལྟར་ཆོས་ལུགས་མཐུན་སྒྲིལ་དང་ཡུལ་མིར་མཐུན་ལམ། ལྷག་དོན་རྒྱ་གར་གཞུང་མང་གིས་བཙན་བྱོལ་བོད་མི་ཚོར་ད་བར་བླ་ན་མེད་པའི་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་ཆེད་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་བླ་སྤྱི་དང་གྲྭ་ཚང་བྱེས་སྨད་གཉིས་ཐོུང་ཐོག་ནས་ཕྱི་ཚེས་༡༨ ཉིན་འབྲེལ་ཡོད་མི་སྣ་ས་གནས་ས་ཐོག་ལ་ཆེད་གཏོང་གནང་ཏེ་་མི་མང་༡༣༠༠ ཙམ་ཞིག་ལ་ཧིན་སྒོར་འབུམ་ཕྲག་མང་པོའི་མ་གནས་ཡོད་པའི་ཉལ་ཆས་དང་གདན། ཟ་མ། འཐུང་ཆུ་སོགས་ཀྱི་རྒྱབ་སྐྱོར་གནང་ཡོད་པ་རེད། ཕྱོགས་མཚུངས་རེས་གཟའ་ཉི་མ་ཕྱི་ཚེས་༡༩ ཉིན་སེར་སྨད་གྲྭ་ཚང་གི་ངོས་ནས་སླར་ཡང་དཀའ་ངལ་འཕྲད་པའི་རྒྱ་གར་མང་ཚོགས་ ༡༣༠༠ ཙམ་ལ་ཧིན་སྒོར་འབུམ་གསུམ་ལྷག་གི་ཟས་གོས་དང་འཐུང་ཆུ། སྨན་སོགས་ཀྱི་རོགས་རམ་གནང་ཡོད་པ་རེད། གཞན་ཡང་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཁུལ་དུ་ཡོད་པའི་རྣམ་གྲོལ་གླིང་དགོན་པའི་ངོས་ནས་ཀྱང་གནོད་འཚེ་ཕོག་པའི་མང་ཚོགས་ལ་ཐུགས་སྨོན་སྐྱབས་འཇུག་དང་ཆབས་ཅིག་འབྲེལ་ཡོད་མི་སྣ་ས་གནས་ས་ཐོག་ཏུ་བསྐྱོད་ཏེ་འབྲས་དང་། ད་ལི། སྣུམ། ཙོང་སོགས་བཟའ་ཆས་རིགས་དང་མལ་ཆས་སོགས་རོགས་རམ་གནང་འདུག མ་ཟད་སྦེལ་ཀོབ་བདེ་སྐྱིད་སླར་གསོ་དང་ལུགས་བསམ་གཞིས་ཆགས་གཉིས་ཀྱི་ས་གནས་འགོ་འཛིན་ནས་འགན་བཞེས་པའི་ཐོག་གཞིས་ཆགས་མང་ཚོགས་ལ་ཞལ་འདེབས་བསྡུ་རུབ་ཀྱིས་རོགས་རམ་ཡང་གནང་ཡོད་པ་རེད། ཐེངས་འདིར་བོད་མི་ཚོས་ས་གནས་ཡུལ་མིར་རོགས་སྐྱོར་གནང་བ་དེར་ས་གནས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ནང་ཐད་གཏོང་གིས་ཡི་རང་བསྔགས་བརྗོད་ཀྱང་གནང་ཡོད་པ་རེད། རང་བྱུང་གོད་ཆགས་ཁྲོད་བོད་མིའི་གཞིས་ཆགས་མང་ཚོགས་གནས་ཡུལ་དུ་གནོད་འཚེ་གང་ཡང་བྱུང་མེད་པ་རེད། གཞི་རྩའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཉེ་ལམ་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་ཁུལ་དུ་ཆུ་ལོག་གིས་གོད་ཆག་ཕོག་པའི་གནད་དོན་ཐོག་ཧ་ཅང་ཐུགས་ཕམ་དང་སྦྲགས་གདུང་སེམས་མཉམ་བསྐྱེད་ཀྱིས་ཐུགས་གསོའི་གསུང་འཕྲིན་བསྩལ་བ་མ་ཟད། གོད་ཆག་ཕོག་མཁན་ཚོའི་ཆེད་དུ་རོགས་དངུལ་ཡང་གསོལ་བསྩལ་གནང་ཡོད་པ་རེད། དེ་བཞིན་དཔལ་༸རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ནས་ཀྱང་རྒྱ་གར་སྲིད་བློན་དང་དེ་བཞིན་ཀེ་ར་ལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་མཚན་ཐོག་ཧིན་སྒོར་འབུམ་གསུམ་རེའི་རོགས་དངུལ་གསོལ་བསྩལ་གནང་ཡོད་པ་རེད།

བཙན་བྱོལ་བོད་མི་ཚོང་པ་གསར་པ་གསུམ་ལ་ཧིན་སྒོར་འབུམ་ ༡༥མ་དངུལ་རོགས་སྐྱོར་ཐོབ་པ།

ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༨ ཚེས་ ༡༨ ནས་ ༡༩ བར་ཉིན་གྲངས་གཉིས་རིང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་བོད་མིའི་གཞིས་ཆགས་ཀྱི་མཉམ་འབྲེལ་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་ཡར་རྒྱས་རམ་འདེགས་ལས་གཞི་ཚན་པ་དང་བོད་མིའི་ཚོང་ལས་སྡེ་ཚོགས་ཐུན་མོང་གིས་གོ་སྒྲིག་འོག་བཙན་བྱོལ་བོད་མིའི་ཡར་ཐོན་ཚོང་པའི་འདུ་འཛོམས་ཐེངས་ ༤ པ་བསྐོང་ཚོགས་གནང་ནས་ཚོང་ལས་དང་འབྲེལ་བའི་གོ་རྟོགས་སྤེལ་ཕྱིར་ཟབ་སྦྱོང་གནང་བ་དང་། ལྷག་དོན་ཚོང་པ་གསར་པ་ཚོར་མ་དངུལ་རོགས་སྐྱོར་གཟེངས་རྟགས་ཀྱི་འགྲན་བསྡུར་གནང་བའི་བརྒྱུད་ཚོང་པ་གསུམ་དྲག་འདེམས་བྱུང་བ་ལྟར་ཧིན་སྒོར་འབུམ་ ༡༥མཐུན་རྐྱེན་སྦྱར་ཡོད་པ་རེད། ཧིན་སྒོར་འབུམ་ ༡༥ འི་མ་དངུལ་གཟེངས་རྟགས་ཐོབ་པའི་ཁྲོད་ནས་ཨང་དང་པོ་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ནས་ཡིན་པ་སྤེན་པ་ཚེ་རིང་ལགས་སུ་ཧིན་སྒོར་འབུམ་བདུན་གྱི་རོགས་སྐྱོར་ཐོབ་ཡོད་པ་རེད། དེའང་ཁོང་གི་ལས་གཞི་གཞིས་ཆགས་ནང་ཞིང་ལས་འཕྲུལ་ཆས་ལས་གཞིར་ཐོབ་ཡོད་རེད། ཁོང་ལ་ལོ་ངོ་བཅུ་ཕྲག་གཉིས་ཙམ་རིང་ཞིང་ལས་ཀྱི་ཉམས་མྱོང་ཡོད་པ་དང་ལྷག་པར་དུ་ཞིང་ལས་འཕྲུལ་ཆས་ཆེད་ལས་སློབ་སྦྱོང་གནང་བ་དང་ལས་ཀའི་ཉམས་མྱོང་ཡོད་པ་མ་ཟད་འདས་པའི་ལོ་ངོ་ ༢༢ རིང་ཁོང་གིས་ཀོ་ལི་གྷལ་གཞིས་ཆགས་ཀྱི་མཉམ་འབྲེལ་ནང་འཕྲུལ་ལས་ཀྱི་ཕྱག་ལས་ཞབས་ཞུ་གནང་འདུག རོགས་སྐྱོར་ཨང་གཉིས་པ་དེ་འབུམ་སྡེ་ལ་བསྟན་འཛིན་སྒང་ནས་ཡིན་པ་བསྟན་འཛིན་གྲགས་པ་ལགས་སུ་ཧིན་སྒོར་འབུམ་ལྔ་དང་ལྔ་སྟོང་གི་རོགས་སྐྱོར་ཐོབ་ཡོད་པ་དང་། དེའང་ཁོང་གི་གཞིས་ཆགས་ནང་ཤིང་འབྲས་ Kiwi འདེབས་ལས་བྱེད་བཞིན་པའི་ལས་གཞི་རྒྱ་བསྐྱེད་ཆེད་ཐོབ་འདུག ཁོང་ལ་འདས་པའི་ལོ་བཅུ་ཙམ་རིང་ཞིང་ལས་དང་ཀི་བི་འདེབས་ལས་ཀྱི་ཉམས་མྱོང་ཡོད་པ་མ་ཟད་ད་ལྟའི་ཆར་ཁོང་གིས་ཤིང་འབྲས་ཀི་བི་སྡོང་པོ་ ༤༥༠ ཙམ་འདེབས་ལས་བྱེད་བཞིན་ཡོད་པ་ནས་སྡོང་པོ་ཆིག་སྟོང་བར་རྒྱ་བསྐྱེད་གནང་འཆར་འདུག ཨང་གསུམ་པ་ཧི་མཱ་ཅལ་མངའ་སྡེའི་ནང་གི་ཀམ་རོ་གཞིས་ཆགས་ནས་ཡིན་པ་ཀུན་དགའ་དཔལ་འབྱོར་ལགས་དང་ཁོང་གི་གཅེན་པོ་གཉིས་ཀྱིས་གཞིས་ཆགས་ནང་བ་ཕྱུགས་ཀྱི་འོ་མ་ཚོང་ལས་ཀྱི་ལས་གཞིར་ཧིན་སྒོར་འབུམ་གསུམ་མ་ཟིན་ཙམ་ཐོབ་འདུག ལས་གཞི་དེ་ཐོག་མར་བརྩམ་མཁན་དགེ་ལེགས་སྐལ་བཟང་ལགས་ནི་དེ་སྔ་ལོ་ལྔའི་རིང་དམག་ཁོངས་སུ་ཞུགས་པ་དང་དེ་རྗེས་ལོ་བཅུ་ཙམ་རིང་བལ་གོས་ཀྱི་ཚོང་ལས་གཉེར་འདུག ཐེངས་འདིའི་མཇུག་སྡོམ་མཛད་སྒོར་སྐུ་མགྲོན་གཙོ་བོ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་ཚོང་པ་གསར་པ་ཞིག་ཡིན་ཕྱིན་དཀའ་ངལ་མང་དག་ལ་གདོང་ལེན་མ་གནང་བར་གྲུབ་འབྲས་བཟང་པོ་ཞིག་ཡོང་དཀའ་བ་ནི་ཆོས་ཉིད་ཡིན་སྟབས་འགྲན་བསྡུར་ནང་རྒྱལ་ཁ་མ་ཐོབ་མཁན་ཚོས་ཀྱང་སེམས་ཤུགས་མ་ཆག་པར་མུ་མཐུད་འབད་བརྩོན་གནང་ཚེ་འབྲས་བུ་བཟང་པོ་ཐོབ་ངེས་ཡིན་པར་ལམ་སྟོན་གནང་སོང་།

Latest news